མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“གཞུང་”ཞེས་པ་ལས་ཀྱང་”བཙན་བྱོལ་”གལ་མི་ཆེའམ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོན་རྒྱ་བསྟན་འཛིན་རབ་རྒྱས།

༡ ༽ བཙན་བྱོལ་གཞུང་མང་གཉིས་ཀྱིས་མ་བཏང་བའི་ཐ་སྙད།

 

བོད་པ་བཙན་བྱོལ་བ་ཚོས་ཕ་ས་བློས་བཏང་། ཕ་ཡུལ་བློས་བཏང་། ཕ་མ་བློས་བཏང་། ཕུ་ནུ་བློས་བཏང་། རང་བཙན་བློས་བཏང་། དབུ་མ་བློས་བཏང་། ཐ་ན་རང་གི་སྐད་དང་ཡི་གེ། སྲོལ་རྒྱུན་གྱི་ཀུན་སྤྱོད་མ་ལུས་བློས་བཏང་དང་གཏོང་བཞིན་པའི་སོ་ན་གནས་པའི་སྐབས་འདི་འདྲ་ཞིག་ལ་ངོ་མཚར་རྨད་བྱུང་གི་གཏམ་རྒྱུད་ཅིག་བྱུང་བ་ནི། བོད་གཞུང་མང་གཉིས་ཀྱིས་ཐ་སྙད་གཅིག་བློས་མ་བཏང་བ་དེ་རེད། ཐ་སྙད་རྩ་ཆེན་དེའི་མིང་ལ་”བཙན་བྱོལ་བོད་གཞུང་”ཞེས་འབོད་ཅིང་། དེ་ལ་བཀའ་ཟུར་ལྷན་ཚོགས་རང་འགུལ་གྱིས་འཛོམས་ནས་ཐ་སྙད་དེ་སྒུལ་མི་ཆོག་པའི་བསམ་འཆར་མཚན་རྟགས་དགུ་གནོན་གྱིས་ཕེབས་བྱུང་བ་མ་ཟད། ཕྱོགས་མཐའ་ཁག་གི་གཉུག་མར་གནས་པའི་མི་མང་གིས་ཀྱང་དེ་ལ་ཁབ་གཙག་ཙམ་ཡང་བྱས་མི་ཆོག་པའི་བསམ་ཚུལ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ། ཐ་ན་ཕྱི་རྒྱལ་ན་ཡོད་པའི་བོད་པ་རྒྱུ་ཆེན་ཚོས་ཀྱང་ངར་ངར་འཇིགས་འཇིགས་ཀྱིས་དོན་དག་དེ་ཁྱེར་ནས་ཐོན་ཞིང་། དྲ་ཐོག་གི་བདག་མེད་མཁས་པ་ཚོས་ཀྱང་ཐ་སྙད་དེ་ནི་བོད་ཀྱི་བླ་ཡིན་རབས་དང་། བོད་མིའི་སྲོག་ཡིན་རབས་ཀྱི་གནས་ལུགས་འུར་གྱིས་གླེང་འགོ་ཚུགས། དེ་དག་གི་ཤུགས་རྐྱེན་ལས་བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་སྟེང་ཚོགས་ཆུང་རེ་རེའི་ནང་དུ་ཐ་སྙད་དེར་མང་མོས་ཀྱི་རྒྱལ་ཁ་ཐོབ་ཞིང་། ཐ་མའི་ཚོགས་ཆེན་གྱི་མཇུག་སྡོམ་ནང་དུ་ཐ་སྙད་དེར་སྤྱི་མོས་ཀྱི་དཔའ་དར་འཐེན་ཡོད། སྤྱིར་ན། ཕྱི་ནང་ཆབ་སྲིད་ཀྱི་གནོད་ཤུགས་དང་རྒྱ་ལ་ཁོར་ཡུག་བསྐྲུན་པ་སོགས་ཀྱི་སླད་དུ་བོད་ཀྱི་རང་སྐད་གཙང་མའི་ཐ་སྙད་ཁྲིམས་ཀྱིས་བཀག་པ་ནི། ད་ཐེངས་ཙམ་མིན་པར་རྒྱ་དམར་སོགས་ཐ་སྙད་མང་པོ་ཞིག་ལོ་ཤས་སྔོན་ནས་བཀའ་ཤག་གོང་མ་ཚང་གིས་ལྔ་ལམ་དུ་བཏང་ཡོད། ཡིན་ནའང་། དེ་དག་ལ་ཕངས་སེམས་ཀྱི་རྣམ་འགྱུར་ཙམ་ཡང་སྟོན་མཁན་མེད་པའི་ཚུལ་དུ་གྱུར་མོད། ད་ཐེངས་བོད་གཞུང་མང་གཉིས་ཀྱིས་”བཙན་བྱོལ་བོད་གཞུང་”ཞེས་པའི་ཐ་སྙད་དེ་གཏན་ནས་མ་བཏང་བའི་ངང་ཚུལ་དེ་ནི་དངོས་གནས་ཡ་མཚར་བ་ཞིག་རེད།

 

༢ ༽ ཟམ་གདོང་གསལ་བཤད་ཀྱིས་མ་གསལ་བའི་ཐ་སྙད།

 

ད་ལྟའི་བར་དུ་མགོ་གྲོས་ཚོགས་ནས་མཇུག་གཉུག་མར་གནས་པའི་མི་མང་གི་བར་དུ། ཟམ་གདོང་རིན་པོ་ཆེའི་གསལ་བཤད་ཀྱིས་གསལ་མ་ཐུབ་པའམ་ཡང་ན་གནོན་མ་ཐུབ་པ་ཞིག་གཏན་ནས་མེད་པས།  ཟམ་གདོང་རིན་པོ་ཆེས་གཟེང་གཟེང་གིས་མགོ་བླ་མའི་བཀའ་ལ་གཏུགས།  བར་མཁས་པའི་ལུང་ལ་གཏུགས། མཇུག་རིགས་པའི་རྩལ་ལ་གཏུགས་ནས་རྒྱལ་རབས་ལོ་རྒྱུས་ལ་དགོས་ཞེས་གསལ་བཤད་གནང་བར་ཡང་ཐུགས་མོས་ཆེ་ལ།  དེ་ལྟར་གནང་དུས་མང་ཚོགས་ཀྱིས་ཡ་ལན་སློག་པ་ཕར་ཞོག ཐ་ན། གྲོས་ཚོགས་ཀྱིས་དྲི་བ་རེའང་འགོད་མི་ཐུབ་པའི་ཚོད་ན་ཡོད། ཡིན་ནའང་། ཐ་སྙད་དེ་བརྗེ་སྤོར་གྱི་ཐད་ལ་ཁོང་གིས་ཚོགས་ཆེན་སྔོན་དུ་གསལ་བཤད་གནང་། མཇུག་ནས་གནང་། གྲོས་ཚོགས་ནང་དུ་གནང་། རྒྱ་གར་ནས་གནང་། ཨ་རི་ནས་གནང་། གོ་སྐབས་རེག་ས་ཀུན་ནས་གནང་།  གསལ་བཤད་གནང་གནང་བའི་ཐ་མར་མིང་ཚིག་དེ་བརྗེས་པ་མིན་པར་ཐོ་གཏུགས་པ་ཙམ་ཡིན་པའི་བར་དུ་གསལ་བཤད་གནང་།  ད་དུང་མང་ཚོགས་ཀྱིས་ད་ཐེངས་བཅའ་ཁྲིམས་གསར་དུ་བཟོས་སོང་རབས་དང་བོད་གཞུང་བསྡུ་བསོག་བརྒྱབ་ཚར་རབས་ཀྱི་ཉེས་པ་ཆེན་པོ་དག་ཀྱང་ལྐོག་ལྐོག་སིལ་སིལ་ངང་བཤད་འགོ་ཚུགས། དེ་ལ་ཟམ་གདོང་རིན་པོ་ཆེས།  “འོ་ན། བཅའ་ཁྲིམས་ཐེངས་ཉེར་ལྔ་རུ་གསར་དུ་བཟོས་པར་ཐལ།  སྐབས་འདི་ནི་བསྐྱར་བཅོས་ཐེངས་ཉེར་ལྔ་བ་ཡིན་པའི་ཕྱིར།”   ཞེས་དང་། “”བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་རྩ་བ་ནས་ཕྱིར་བསྡུ་བྱས་མེད་པར་ཐལ།  བོད་མི་མང་སྤྱི་འཐུས་43ལས་༤༣གྲུབ་པའི་ལས་གྲུབ་པའི་ཁྲིམས་བཟོ་ལྷན་ཚོགས་ཞལ་ཁྲ་རིལ་རིལ་འདིར་བཞུགས་བཞིན་པ་ཡིན་པའི་ཕྱིར་”ཞེས། རྟགས་གསལ་ཚུན་ཆད་བཏང་མོད། མང་ཚོགས་ཀྱི་འུར་སྒྲ་གཏན་ནས་མ་འཇགས།

དང་པོར་ཟམ་གདོང་རིན་པོ་ཆེས་”དྲ་རྒྱ་དང་བརྒྱུད་ལམ་ཁག་གི་འགན་ཁུར་མི་དགོས་པའི་བསམ་འཆར་དེ་དག་གང་འཚམས་ཤིག་ནས་དབུགས་ལྒང་གི་ཕུ་ཤོར་བ་ལྟར་ཡལ་འགྲོ་གི་རེད་””ཅེས་རྣམ་ཀུན་ལྟར་ལུང་བསྟན་སྦམ་ཚུགས་ཀྱིས་གནང་མོད། མང་ཚོགས་ཀྱི་འུར་སྒྲ་ཇེ་མཐོ་ནས་ཇེ་མཐོར་གྱུར་བས། ཟམ་གདོང་རིན་པོ་ཆེས་ཀྱང་”བསམ་འཆར་དེ་དག་གང་འཚམས་ཤིག་ནས་དབུ་ལྒང་གི་ཕུ་ཤོར་བ་ལྟར་ཡལ་འགྲོ་བར་བསམས་ནའང་། བསམ་འཆར་དེ་དག་དེ་ལྟ་མིན་པར་དབུགས་ལྒང་གནམ་ལ་ཤོར་བ་ལྟར་དགུང་ནས་དགུང་དུ་འཕར་འགྲོ་བ་ཧ་གོ་དུས་ཧ་ལོག་ཚར་འདུག་””ཅེས་བཟོད་གསོལ་རིང་མོ་ལ་(ཧ་ལོག་)གཅིག་གི་ཁ་སྣོན་བྱེད་དགོས་དགོངས་ཡོད་ཚོད་དེ།  ཁོང་བརྗེ་ཁ་ཏག་ཏག་ལ་ཉེ་བར་གཏུགས་སྐབས་སུའང་། ཐ་སྙད་དེ་ལ་ཁ་སྣོན་ཞིག་བརྒྱབ་ན་གང་འདྲ་ཞེས་ག་ལེར་ཚོགས་གཙོའི་རྣ་ནང་ལ་བཤད་འདུག་པ་མ་ཟད། ཐ་སྙད་བརྗེ་སྤོར་བྱས་པ་དེ་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ཏག་ཏག་སོང་ཡོད་མེད་ཀྱང་ཐེ་ཚོམ་གྱི་ངང་ནས་ཤུགས་རིང་ཞིག་ནར་གྱིས་བཏང་ཡོད་ཚོད་དེ། སྤྱི་འཐུས་པད་འབྱུང་སོགས་ཀྱི་གཏམ་བཤད་ལས་རིམ་གྱིས་བརྡོལ་བཞིན་པ་དེ་ལྟར་རོ། །

 

 

༣ སྤྱི་འཐུས་གྲོས་ཆོད་ཀྱིས་མ་ཆོད་པའི་ཐ་སྙད།

 

 

དེ་ལས་ཀྱང་ངོ་མཚར་བ་ཞིག་ལ། བོད་མི་མང་སྤྱི་འཐུས་རྣམ་པ་ཞལ་གོར་སེ་གྲོས་ར་གཅིག་ལ་འཛོམས་ནས་ཡར་བཤད་བཅོ་བརྒྱད་དང་མར་བཤད་སྟོང་ཕྲག་བྱས་མཐར། ཁོ་ཚོས་༸གོང་ས་མཆོག་གི་བཀའ་བརྩིས་ཡོད་མདོག་གི་རྣམ་པ་ཕྱིར་སྟོན་ཐབས་སུ། བོད་མི་མང་གིས་གཏན་ནས་བློས་གཏོང་ཐུབ་ཀྱི་མེད་པའི་ཐ་སྙད་དེ་”བོད་མིའི་སྒྲིག་འཛུགས་”ཟེར་བ་ཞིག་ལ་བརྗེ་བར་མང་མོས་གྲོས་ཆོད་ཀྱི་ལམ་ནས་འུར་སེ་ཐག་བཅད་དེ་མང་ཚོགས་ཀྱི་སྐད་སྒྲ་གཏན་ནས་མ་ཐོས་པ་དེའོ། །ཡིན་ནའང་། ཁོང་དག་དགའ་དགའ་སྤྲོ་སྤྲོའི་ངང་ཚོགས་རའི་སྒོ་ལ་མ་ཐོན་གོང་། དྲ་ཐོག་པ་ཚོ་འུར་སེ་ལངས་ནས་“བཙན་བྱོལ་བོད་གཞུང་”གི་ཐ་སྙད་རྩ་ཆེ་རབས་ཀྱི་གནས་ལུགས་མཐོན་པོར་སྒྲོག་པ་དང་ལྷན་དུ། ”བོད་མིའི་སྒྲིག་འཛུགས་”ཞེས་པའི་ཐ་སྙད་དེའི་དོན་དག་ཆུང་བ་དང་། ཁ་ལ་མི་བདེ་བ། རྣ་བར་མི་སྙན་པ། རྒྱལ་བའི་དགོངས་པ་མིན་རབས་སོགས་ཀྱི་གླེང་སློང་གྲངས་མེད་པ་ཞིག་གི་མེ་རྟ་དུས་གཅིག་ཏུ་སྦར། ཐ་ན་གྲོས་ཚོགས་རང་ནང་གི་འཐུས་མི་ཁ་ཤས་ཀྱིས་ཀྱང་ཇ་འཐུང་ས་དང་ལབ་རྒྱག་ས་ཀུན་ནས་”བོད་མིའི་སྒྲིག་འཛུགས་”ཞེས་པའི་ཐ་སྙད་དེར་རྩེད་མོ་དང་། ཀུ་རེ་རྩེད་འགོ་ཚུགས་ཤིང་། སྤྱི་འཐུས་རེ་ཟུང་གིས་དེ་ལྟར་མི་རུང་བའི་དགོངས་ཚུལ་ཡང་ཤུགས་ཀྱིས་བཤད།  སྐབས་དེར་དྲ་ཐོག་ནས་འགན་ཁུར་ཡོད་མེད་ཀྱི་བསམ་ཚུལ་སྣ་ཚོགས་ཀྱི་ཀློང་བརྡོལ་ཞིང་། འགན་ཁུར་ཅན་གྱི་སྤྱི་འཐུས་ཤིག་ཡིན་ན་དྲ་རྒྱ་རེ་ཁ་སྔོག་པ་དང་རང་བཞིན་གྱིས་ཤུགས་རིང་རེ་མི་ཤོར་ཐུ་མེད་ཀྱི་གནས་སུ་བཏང་། འདི་ལྟར་མང་ཚོགས་ཀྱི་གླེང་ཕྱོགས་ཇེ་མང་དང་སྐད་མགོ་ཇེ་མཐོར་གྱུར་བ་དང་ཚོགས་གཙོའི་ཐུགས་ལ།  ཐ་སྙད་དེ་ནི་གྲོས་ཆོད་དེ་ཙམ་གྱིས་མི་ཆོད་པ་ཐུགས་ལ་ཁྲིགས་སེ་སོང་བ་མ་ཟད། ད་ནི་བྱ་ཐབས་ཅི་ཞིག་གི་ལམ་ཁ་ཡོད་མེད་ཀྱི་ཐད་བསམ་གཞིག་ཁྲི་འབུམ་བཏང་ཡོད་ཚོད་དེ། ཐ་ན་༸གོང་ས་མཆོག་ཕེབས་བསུར་བཅར་སའི་གནམ་ཐང་ནས་ཀྱང་དེའི་ཆེད་དུ་ཤུགས་རིང་གི་འཚུབ་མ་བསྐྱིལ་ཞིང་། ཐ་མག་གི་སྨུག་ཆུང་ལངས་པར་བྱས་པས། གནམ་ཐང་གི་ཟུར་ངོས་ཤིག་ལ་བུད་ནས་གདམས་ཐོན་བཀའ་བློན་ཁྲི་པའི་སྙན་ལ་ག་ལེར་མང་ཚོགས་ཀྱི་འུར་འགོ་གནོན་ཐབས་ཀྱི་སྐད་ཆ་ཞིག་་བརྒྱུད་སྤྲོད་བྱས་པ་དེའོ། །ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་མི་མང་གི་སྐད་སྒྲ་དང་ཚོགས་གཙོའི་རེ་འདུན་ལ་གྲོས་ཚོགས་ཀྱིས་འགྲིག་རྟགས་རྒྱག་ཁེགས་ཚོད་ཡིན་པ་དེའོ། །

 

༤ ༽ རྒྱལ་བའི་དབུ་ལ་ཅལ་འཇོག་བྱས་པའི་གྲོས་ཆོད།

 

གྲོས་ཚོགས་ཀྱི་འཐུས་མི་ཚོས་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དབུས་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་བའི་གྲོས་ཆོད་དེ་ནི། རྒྱལ་བའི་དགོངས་པ་ཉག་གཅིག་ལས་གྲོས་ཚོགས་ངོས་ཀྱི་ཐག་གཅོད་ཅིག་ལ་ངོས་འཛིན་མེད་ཚོད་ཡིན་ཙ་ན། ཐ་སྙད་བསྒྱུར་བཅོས་ལ་འབྱུང་འགྱུར་ནག་ཉེས་ཅི་ཞིག་བྱུང་ན་རྒྱལ་བའི་དབུ་ལ་ཅལ་གྱིས་གཡུགས་རྒྱུ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད། ཡིན་ནའང་། ༸གོང་ས་མཚོག་གིས་ཐ་སྙད་དེ་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་རུ་འགྱིང་ཉམས་ཀྱིས་བཞག་ན་རྒྱ་གར་གཞུང་གིས་དེ་ལྟར་བཞག་མི་ཆོག། དེ་ལྟར་འཇོག་རྒྱུ་ཡིན་ན་གྲོས་ཚོགས་འཚོགས་མི་ཆོག  བཀའ་ཤག་གི་སྒོ་རྒྱག་གི་ཡིན་ཟེར་བ་ལྟ་བུའི་བཀའ་རྒྱ་གཏོང་མི་སྲིད་པ་མིན་ལ། དེ་ལྟར་བྱུང་ན་བདག་གིས་འགན་ཁུར་མི་ཐུབ་ལ། གདེང་ཚོད་མེད་ན་སྔ་ས་ནས་བསམ་བློ་གཏོང་དགོས་ཞེས་དགོངས་ཚུལ་དྲང་མོར་བཀའ་བསྩལ་བ་ཞིག་ལས་ཡིན་གཅིག་མིན་པར་དེ་ལྟར་གྱིས་ཞེས་བཀའ་ལུང་རལ་གྲིས་ཐད་གཅོད་བྱས་པ་ཞིག་ནི་གཏན་ནས་མིན་ནོ། །སྤྱིར་བཏང་༸གོང་ས་མཆོག་གིས་གནའ་ནས་ད་ལྟའི་བར་དུ་གྲོས་འཚོགས་ལ་ག་ལས་དང་འདི་གྱིས་ཞེས་བཀའ་ཕེབས་མྱོང་མེད་པ་དང་གྲོས་ཚོགས་ཀྱི་ཐག་གཅོད་ལ་གུས་བརྩི་མ་བྱས་ཞིག་གཏན་ནས་མེད་པ་ནི། བཅའ་ཁྲིམས་ནང་དུ་ཆོས་ལུགས་རིས་མེད་ཅེས་པའི་ཐ་སྙད་ཀྱི་ཚབ་ལ་ཁོང་གི་ཐུགས་བློར་མི་འཐད་པའི་ཐ་སྙད་ཆོས་སྲིད་ཟུང་འབྲེལ་ཞེས་པའི་མིང་ཚིག་གཡར་མ་ཞིག་བཞག་པའང་མ་བཀག་པར་ད་ལྟའི་བར་བཞག་པའི་ལོ་རྒྱུས་ལས་གསལ་ཐུབ་པ་ཞིག་རེད། སྐབས་འདིར་རྨོངས་པའི་བློ་ངོར་སྣང་ཚུལ་མིན་ན་གོང་རིམ་སྐུ་ངོ་དག་གིས་གྲོས་ཆོད་དེར་འབྲས་བུ་ཡག་པོ་ཞིག་བྱུང་ན་ཚུར་ལེན་ཆོག་ཆོག་དང་། འབྲས་བུ་ངན་པ་ཞིག་བྱུང་ན་ཕར་ལ་གཡུགས་ཆོག་ཆོག་གི་རིགས་པ་ཞིག་ཉར་ཡོད་ཚོད་རེད་མོད།  ཁ་སང་སྲིད་སྐྱོང་གི་ཐ་སྙད་ལ་ངོས་ལེན་མ་བྱས་པ་དེ་གྲོས་ཚོགས་ཀྱི་ཚོགས་མི་ཚོས་༸གོང་ས་མཆོག་གི་དགོངས་པའི་རྗེས་སུ་ཤར་སྐྱོད་བྱེད་ཀྱིན་མེད་པ་དེ་གསལ་བོར་གྱུར་སོང་བས། ད་ནི་སྔོན་གྱི་ཐ་སྙད་དེའང་༸གོང་ས་མཆོག་གི་དགོངས་པ་ཁོ་ན་ལ་གཞི་བྱས་པ་ཞིག་མིན་པ་གསལ་བོར་གྱུར་བ་རེད་ལ། མི་མང་གིས་ཀྱང་རིགས་འཆལ་དེ་དག་གི་ཕྱི་ནང་གཉིས་ཀ་གསལ་རྟོགས་ཀྱིས་”ང་ཚོ་༸གོང་ས་མཆོག་གི་བཀའ་ག་རེ་གནང་པ་དེར་ཧང་སངས་བཞིན་མེད། ༸གོང་ས་མཆོག་གི་བཀའ་བརྩི་སྟངས་དེ་ལ་ང་ཚོ་ཧང་སངས་ཀྱི་ཡོད།”ཅེས་པའི་སྐད་ཆ་དངོས་སུ་ཐོན་ཚར་འདུག་པས་ད་ནི་གྲོས་ཆོད་དེ་རྒྱལ་བའི་དབུ་ལ་ཅར་གྱི་གཡུགས་ཐུབ་མིན་ཡང་ཐེ་ཚོམ་གྱི་གནས་སུ་ཡོད་དོ། །

 

༥ “གཞུང་”ཞེས་པ་ལས་ཀྱང་”བཙན་བྱོལ་”ཞེས་པ་རྩ་མི་ཆེའམ།

 

ད་ཐེངས་སྤྱི་འཐུས་ཚོགས་གཙོ་དང་བཀའ་ཁྲི་གསར་རྙིང་གཉིས་མཉམ་དུ་འཛོམས་ནས་བསྐྱར་དུ་བོད་གཞུང་གི་མིང་བརྗེ་བསྒྱུར་གྱི་ལྟ་ཚུལ་ཞིག་བྱུང་བ་འདི་ནི་དགའ་དགོས་པ་ཞིག་རེད།  འདི་ནི་མང་ཚོགས་ཀྱི་བསམ་ཚུལ་ཆུ་ནང་ལ་རྡོ་གཡུགས་པའི་ཚད་ལ་མ་གྱུར་བར། མང་ཚོགས་ཀྱི་བསམ་འཆར་བཤད་ས་ཡོད་པ་དང་། བཤད་ན་ཉན་མཁན་ཡོད་པའི་རྟགས་ཤིག་རེད། ཡིན་ནའང་། ད་ཐེངས་འཐུས་མི་ཚོས་མང་ཚོགས་ཀྱི་བསམ་ཚུལ་ལ་གདེང་འཇོག་མ་བྱས་པ་དེ་མི་མང་གིས་མཁྱེན་དགོས་པ་ཞིག་རེད་སྙམ།

བོད་གཞུང་གི་མིང་སླར་གསོ་མི་ཐུབ་ནའང་ཇ་ཁ་ཆང་ཁ་ནས་ཀུ་རེ་རྩེད་བྱེད་ལྟ་བུ་ཞིག་མིན་པ་དང་། ཁ་ལ་བདེ་ཞིང་རྣ་བར་སྙན་པ་སྟེ་མང་ཚོགས་ཀྱི་རེ་འདུན་ཡང་གང་འཚམས་ཤིག་འགྲུབ་པར་འབད་པ་བྱེད་རྒྱུ་ནི་ཆེས་གལ་ཆེན་པོ་རེད། སྤྱིར་ན་མི་མང་གི་འདོད་པ་མ་ཁེངས་པའི་ངོས་གཅིག་ནི་ ”གཞུང་ ” ཞེས་པའི་ཐ་སྙད་དོར་བ་ཙམ་མིན་པར་”བཙན་བྱོལ་”ཞེས་པ་ཐེངས་འདིའི་མིང་གསར་ནང་མ་ཐོན་པ་དང་། མིང་གསར་འདི་༸གོང་ས་མཆོག་གིས་གཞུང་མང་ཚོགས་བཅར་བ་རྣམས་ལ་དགོངས་ཚུལ་གནང་བ་དང་མི་མཐུན་པ་དང་། མིང་གསར་འདི་ཁ་ལ་མི་བདེ་བ་སོགས་ཀྱི་རྐྱེན་སྣ་དུ་མ་ཞིག་གི་དབང་གིས་མང་ཚོགས་ཀྱི་འུར་སྒྲ་མ་འཇགས་པ་རེད་སྙམ། དེའི་ཕྱིར་”གཞུང་”ཞེས་པའི་ཐ་སྙད་འདི་བསྐྱར་གསོ་ཐུབ་པ་ལས་ཀྱང་”བཙན་བྱོལ་”ཞེས་པའི་ཐ་སྙད་འདི་འཇུག་ཐུབ་ན་དགེ་མཚན་ཆེ་བར་འདོད། རྒྱལ་ཁབ་གཅིག་གི་ནང་དུ་གཞུང་གཉིས་ཡོང་མི་ཆོག་པ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྤྱི་འགྲོས་ཤིག་ཡིན་པས་ང་ཚོས་དེ་ལ་བརྩི་བཀུར་བྱེད་དགོས་རྒྱུ་རེད། ཡིན་ནའང་། ང་ཚོ་བཙན་བྱོལ་བ་ལས་ཕྱི་སྡོད་ཀྲུང་གོ་བ་དང་། ཡུལ་གྱར་བོད་མི་མིན་པ་དེ་ཤེས་དགོས་པ་རེད། ང་ཚོ་ནི་མགོ་ཐོག་ན་རྒྱལ་ཁབ་མེད་པའི་བཙན་བྱོལ་བ་ཡིན་པས། བཙན་བྱོལ་བའི་ཐ་སྙད་འདི་མི་འཇོན་ནའང་འཁུར་དགོས་པ་རེད། བཙན་བྱོལ་ཞེས་པའི་ཐ་སྙད་འདི་གཞུང་ནས་སྒྲིག་འཛུགས་དང་སྒྲིག་འཛུགས་ནས་ཚོགས་པ་ཞིག་ལ་གྱུར་ནའང་ངེས་པར་སྦྱོར་དགོས་པ་མ་ཟད། མ་མཐའ་ང་ཚོ་འཐོར་ཞིག་ལ་འགྲོ་ནའང་བཙན་བྱོལ་གྱི་མིང་འོག་ནས་འཐོར་དགོས་པ་དེ་གལ་ཆེན་རེད། བཙན་བྱོལ་བོད་རྒྱལ་ཁབ་ཀྱི་ཐ་སྙད་ཀྱང་འདོགས་ན་ལས་འདོད་དེ། དོན་དངོས་སུ་གཞུང་དང་རྒྱལ་ཁབ་ཀྱི་ཐ་སྙད་འཁུར་བའི་འཇོན་ཐང་དང་ནུས་པ་ཡོད་མེད་དཔྱོད་དགོས་པ་ཞིག་རེད།

 

༦  གངས་ལྗོངས་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་དང་གངས་ཅན་སྐྱིད་གཞོངས།

 

 

ད་ནི་མི་སྒེར་རེ་རེའི་ངོས་ནས་ཀྱང་ཡར་སྡིགས་མར་སྡིགས་བྱས་ནས་འདུག་པ་ལས་རང་རང་གི་བསམ་ཚུལ་དངོས་དེ་རྗེན་པར་ཞུས་ན། གཞུང་འཛིན་མི་སྣར་ཡང་བསམ་བློ་དང་གང་ཅིའི་ཐད་རམ་འདེགས་སུ་འགྲོ་ངེས་པས།  ད་ནི་ཡང་བསམ་ཚུལ་བཤད་ཚུལ་རེད་སྙམ། ཁོ་བོའི་བསམ་ཚུལ་ལ།  གཞུང་གི་མིང་ལ(གངས་ལྗོངས་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་)དང་གསར་འགོད་གསལ་བསྒྲགས་སོགས་(གངས་ཅན་སྐྱིད་གཤོངས།)ཀྱི་མིང་ཐོག་ནས་སྤེལ་ན་དགེ་མཚན་ཆེ་ཞིང་དོན་ལ་གནས་བར་འདོད།

གངས་ལྗོངས་ཞེས་པ་ནི་ལོ་རྒྱུས་ཡིག་ཚང་དག་གི་ནང་དུ་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ཞེས་མང་དུ་འབྱུང་བའི་སྤུ་ཞེས་པའང་ཞང་ཞུང་སྐད་ཡིན་ཞིང་བོད་སྐད་དུ་གངས་ལ་འཇུག་པ་དང་། སྤུ་རྒྱལ་ཞེས་པ་ནི་གངས་རྒྱལ་ཞེས་པའི་དོན་ཡིན་པ་ལྟར། གངས་ལྗོངས་ཞེས་པ་འདི་ནི་ང་ཚོའི་མཚོན་རྟགས་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། ང་ཚོ་གང་ནས་འོང་བ་དང་གང་དུ་གཏོགས་སའི་བོད་ཁ་བ་ཅན་གྱི་མིང་དེ་ཡིན་པས་གནད་ཆེ་བར་བསམས་པ་ཡིན། བཙན་བྱོལ་ཞེས་པས་ང་ཚོ་ཇི་འདྲ་ཞིག་ཡིན་པ་དང་ཅིའི་ཕྱིར་འོང་བ་དེ་སྟོན་ཞིང་། མང་གཙོ་ཞེས་པས་ང་ཚོ་ཇི་ལྟར་འཚོ་བ་དང་ང་ཚོའི་ཆབ་སྲིད་ཀྱི་ངོ་བོ་སྟོན་གྱིན་ཡོད། སྒྲིག་འཛུགས་ཞེས་པས་གོང་གསལ་གྱི་མིང་བརྡའི་ཕུང་བོར་གྲུབ་པའི་བོད་པ་ཀུན་གྱི་བདག་པོའི་གཞུང་དེ་བསྟན་པའི་ཚུལ་དུ་ཡིན། མིང་འདི་འདྲ་ཞིག་བཏགས་ན་ད་གཟོད་༸གོང་ས་མཆོག་གི་དགོངས་པ་དང་ཡང་ཉེ་བར་བཅར་ཡོད་རྒྱུ་རེད་སྙམ་གྱིན་འདུག 

ཨ་རིའི་ཝ་ཞིན་ཀྲོན་གྱི་མིང་ཐོག་ནས་གསར་འགྱུར་སྤེལ་བ་དང་རྒྱ་ནག་གིས་པེ་ཅིང་གི་མིང་ཐོག་ནས་གསར་འགྱུར་སྤེལ་བ་བཞིན་ང་ཚོས་ཀྱང་གངས་ཅན་སྐྱིད་གཤོངས་ཀྱི་མིང་ཐོག་ནས་གསར་འགྱུར་སྤེལ་ན་དེ་ནི་འོས་ཤིང་འཚམས་ལ། ཁ་ལ་བདེ་ཞིང་རྣ་བར་སྙན་པ་སྟབས་བདེ་བ་སོགས་ཀྱི་ཁྱད་ཚོས་མང་པོ་འདུག་སྙམ། སྔོན་ཆད་ཁོ་བོར་གངས་ཅན་སྐྱིད་གཤོངས་ཞེས་པ་འདི་ནི་མི་གང་རུང་ཞིག་གིས་ཁ་བདེ་བདེ་བྱས་ནས་བཏགས་ཤིང་མིང་གི་དག་ཆའང་ནོར་འདུག་སྙམ་མོད། དེ་ལྟ་མིན་པར།  ༸གོང་ས་མཆོག་གིས་དགོས་པ་དང་དགག་བྱ་མང་པོ་ཞིག་ལ་ཐུགས་གཞིགས་གནང་ནས་བཏགས་གནང་ཡོད་ཚོད་དེ། ཁོང་གི་བཀའ་རྩོམ་《ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་》ནང་དུ། “གཙང་ཆུའི་ཕ་རོལ་དུ་སྐྱིད་གཤོངས་ཟེར་བའི་གྲོང་གསེབ་ཆུང་ངུ་ཞིག་འདུག  གྲུ་ཁ་དེར་ངང་ཙམ་སྒུག་སྡོད་བྱེད་དགོས་བྱུང་ཞིང་། སྐབས་དེར་གནམ་གཤིས་ཇེ་ལེགས་སུ་གྱུར། དྭངས་ཞིང་སྔོ་ལ་རླུང་གིས་བསྐྱོད་པའི་ཆི་རིས་ཁྲིལ་ལེ་ལེ་གཡོ་བའི་ཆུ་ཆེན་དེའི་ཕ་ཁར་མི་མང་པོ་ཞིག་ནག་ཕུང་ངེར་ང་ཚོར་བསུ་སྒུག་བྱེད་ཅིང་འདུག་པ་མཐོང་། དེ་ནས་ང་ཚོ་གྲུར་ཞུགས་ཏེ་ཁད་ཉེ་སར་འབྱོར་སྐབས་མི་ཕུང་དེ་གྲས་སུ་ཁམས་དམག་དང་། གྲོང་གསེབ་པ་གྱོན་གོས་ལྭ་བ་དཀར་པོ་དང་། རྒྱ་ཚོས་ཅན་ལ་དཔུང་རྟགས་སེར་པོ་བརྒྱབ་པ་མང་པོ་འདུག  དེ་ཚོ་ནི་རང་འགུལ་དྭང་བླངས་དམག་སྦྱོང་ཁོང་ཞུགས་པའི་གྲལ་ཡིན་འདུག ཁོ་བོ་ཅག་གྲུ་ནས་ཐོན་སྐབས་མི་མང་དེ་ཚོས་གང་ཅིའི་གནས་ཚུལ་ཡིད་ལ་བརྣག་སྟེ་བློ་སེམས་ཧ་ཅང་སྐྱོ་བའི་རྣམ་པ་སྟོན་ཅིང་། ང་ཚོ་རྟ་ཞོན་ཏེ་བསྐྱོད་སྐབས་མི་མང་པོས་མཆི་མ་འདོན་པ་མཐོང་བྱུང་། དེ་ནི་ང་ཚོས་ལྷོ་ཁུལ་གྱི་གྲོང་གསེབ་མཐོང་བ་ཐོག་མ་ཡིན་པ་དང་། མིང་ལའང་སྐྱིད་གཤོངས་སུ་འབོད་པ་དེས་ཡིད་སྐྱོའི་སྣོན་མ་ལྟ་བུར་གྱུར་སྟབས་ང་ཚོ་མྱུར་ཏུ་ཕྱིན་པ་ཡིན། ཁོ་བོའི་བསམ་པར་སྐྱིད་གཤོངས་ཀྱི་གྲོང་གསེབ་དེར་དུས་རབས་མང་པོའི་རིང་ཞི་བ་དང་། མཛའ་མཐུན་དུ་ཅི་བདེར་འཚོ་བ་དེ་དག་ད་ཆ་འཇིགས་སྐྲག་དང་ཉེན་ཁའི་ནང་ཚུད་བཞིན་ཡོད་པར་བསམ། འོན་ཏེ། སེར་སྐྱ་མཆོག་དམན་ཕོ་མོ་རྒན་བྱིས་ཚང་མ་བློ་སྤོ༷བས་དང་། སེམས་ཤུགས་ནི་སྟོར་བཤིགས་མི་ཐུབ་པ་ལྟ་བུ་འདུག ངས་རེ་འདུན་བྱས་མིན་ལ་མ་ལྟོས་པར་རང་་སྲོག་བློས་བཏང་གིས་བསྟན་སྲིད་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསལ་བོ་ཤེས་ཡོད།”ཅེས་གསུངས་པ་བཞིན་། ད་ལྟའི་གངས་ཅན་སྐྱིད་གཤོངས་ཀི་མིང་འདི་ཡང་ཁོང་གིས་སེར་སྐྱ་མཆོག་དམན་རྒན་བྱིས་ཡོད་དོ་ཅོག་གིས་རང་སྲོག་བློས་བཏང་གིས་བསྟན་སྲིད་འཛིན་སྐྱོང་སྐྱོབ་གསུམ་གྱི་བསྟི་གནས་ཤིག་ལ་འགྱུར་བར་ཐུགས་རེ་གནང་ཡོད་པ་སྨྲོས་མ་དགོས་པས་མིང་འདི་ཧ་ཅང་རྩ་ཆེན་རེད་སྙམ།

 

སྤྱི་ལོ ༢༠༠༡༡ ལོའི་བོད་ཟླ ༠༩ ཚེས་ ༡༨ ཉིན་བྲིས་ཤིང་རྫོགས་པར་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 16

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རྒན་ལྷ་མོ་ལགས་ནས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། རེད་ཁ་སང་ངས་ཀྱང་བསྐྱར་དུ་བོད་གཞུང་གི་ཡིག་ཆ་གལ་ཆེན་དག་གི་ནང་དུ་ཞིབ་ལྟ་རེ་བྱས་པ་ཡིན་ཏེ། བཙན་བྱོལ་བོད་གཞུང་འཁོད་པ་འདྲ་མཐོང་མ་སོང་། དངོས་གནས་ང་ཚོས༸་གོང་ས་མཆོག་གི་གསུང་ཚིག་རེ་རེ་བཞིན་ཞིབ་འཇུག་དང་གཟབ་ལྟ་བྱ་རྒྱུ་གལ་ཆེན་རེད། ཚ

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གསལ་བཤད་ཅིག དབྱིན་སྐད་སོགས་ཀྱི་ནང་ལ་དེ་སྔོན་ཞིག་ནས་བོད་གཞུང་བེད་སྤྱོད་གཏོང་མཚམས་བཞག་ཡོད་ལ་བར་སྐབས་ཤིག་ནས་རང་སྐད་ནང་ལའང་བོད་གཞུང་ཇེ་ཉུང་ནས་མེད་པ་ལྟ་བུ་ཆགས་ཡོད།
    ཚངས་ཐིག་ལགས།
    དེ་སྔ་དང་ད་ལྟ་གང་ཡིན་ཡང་བཙན་བྱོལ་བའི་གནས་བབ་རང་ཡིན་པས་གཞུང་ངམ་ཚོགས་པ་གང་ཞིག་ཡིན་ཡང་བཙན་བྱོལ་བ་ཡིན་པ་སུས་ཀྱང་ཤེས།
    མིང་དོན་མཚུངས་མིན་བཅའ་ཁྲིམས་གཞི་ལ་འཛིན་དགོས། ད་ལྟའི་ང་ཚོའི་བཅའ་ཁྲིམས་འདི་ལ་རྒྱལ་ཁབ་ཅིག་གི་རྩ་ཁྲིམས་ལྟར་གཟིགས་ཀྱིན་ཡོད་ན། དེ་ཚངས་པའི་ཐིག་མ་རེད་བརྒྱ་བྱིན་གཞུ་རེད།
    བསམ་ཚུལ་ཅི་ཙམ་མ་མཐུན་ན་ཡང་མཐའ་མར་དམངས་གཙོས་ཐག་གཅོད་ཀྱི་ལམ་གར་འགྲོ་དགོས། དམངས་ཀྱིས་རང་གི་གཞུང་ལ་བཀུར་དགོས། གཞུང་ཁྲལ་མ་མཇལ་ན་གཞུང་ལ་ངོ་རྒོལ་ཡིན་ལ་དམངས་གཙོ་ལ་ངོ་རྒོལ་ཡང་ཆགས་ཀྱིན་ཡོད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོན་རྒྱ་ལགས། གཞི་རྩའི་ངེད་གཉིས་བསམ་ཚུལ་མཐུན་གི ཁྱེད་ཀྱིས་གསུངས་སྟངས་ལྷག་པར་སྙན་གི གཞོན་སྐྱེས་ཤེས་ཡོན་ཅན་ཚོས་འདི་ལྟར་གླེང་སློང་བྱས་པར་དགའ་ཡོད།
    ཟམ་གདོང་རིན་པོ་ཆེས་དེ་འདྲ་ཞིག་གསུངས་པ་བདེན་ལ། ༸གོང་ས་མཆོག་ཉིད་ཀྱིས་ཀྱང་དེ་ཉིན་གསུངས་སོང། བར་སྐབས་ཤིག་ནས་གཞུང་འབྲེལ་སོགས་ཀྱི་གལ་ཆེའི་གཏམ་བཤད་ནང་ལ་བེད་སྤྱོད་གནང་གིན་མེད་པ་རེད། མདོར་བསྡུས་ན་སྟ་གོན་བྱས་ཚར་བ་རེད། དེ་དག་ནི་ནང་ཚགས་ཀྱི་བཀའ་སློབ་ཡིན་པས་ཕྱིར་བསྒྲགས་མེད་པ་འདྲ།

    Reply
  4. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    ཆབ་བྲག་ལགས།
    ཁྱོད་ཀྱིས། ༼ དེ་སྔའི་བཙན་བྱོལ་བོད་གཞུང་་ཟེར་བ་དེ་རྒྱ་དམག་གི་བཙན་འཛུལ་ལ་བྱོལ་ནས་ཡོང་བའི་བོད་ཀྱི་སྲིད་གཞུང་ཟེར་བའི་བསྡུས་མིང་ཡིན་དགོས།༽ ཟེར་བ་བདེན་པ་རེད། མོས་མཐུན་ཡོད།
    འོན་ཀྱང། ༼ དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའང་གོ་དོན་འདྲ་ན་ཡང་་རྣམ་རྟོག་ཅན་མང་པོས་བཙན་བྱོལ་ན་ཡོད་པའི་ད་ལྟའི་བོད་མི་ཙམ་ལས་མི་གོ་ཟེར་ནས་བཙན་བྱོལ་ཕར་གཡུགས་སོང། གལ་ཏེ་དེ་ལྟར་ན་བཙན་བྱོལ་བོད་གཞུང་ཞེས་པ་ཡང་བཙན་བྱོལ་ན་ཡོད་པའི་བོད་མིའི་གཞུང་ཞེས་པར་ཡང་གོ་ཆོག ཡིན་ཡང་བཙན་བྱོལ་ན་ཡོད་པ་ཀུན་ལ་གསལ་བས་དོན་གྱིས་བཙན་བྱོལ་གྱི་བོད་མིའི་སྒྲིག་འཛུགས་ལ་གོ་ཐུབ། ༽ ཟེར་ནས་དེ་གཉིས་གཅིག་མཚུངས་ཡིན་ཐབས་ལ་འབད་པ་ནི་དོན་གྱི་ཉིང་ཁུ་དང་བྲལ་བའི་ནམ་རྒྱུན་གྱི་དོན་མེད་ཚིག་རྩོད་ཀྱི་དུས་ཚོད་འཕྲོ་བརླག་བཏང་བ་ཙམ་རེད།
    ཁྱེད་ཀྱིས་དམངས་གཙོ་ཞེས་པ་ཞིག་ཁ་སྣོན་འོས་པ་པར་ཡིན་སྨོན་བྱས་ཡོད་ན། ཆབ་སྲིད་ཀྱི་གནད་རྩ་མ་ཤེས་པ་འམ། ཡང་ན་མགོ་བདེ་རྐུབ་རྒྱུག་གྱི་ཁྲབ་བསྟོན་ཙམ་སྐད་ཆ་ལས་འདས་མེད་པ་ཁོ་ཐག་རེད།
    ཡང་ཁྱེད་ཀྱིས། ༼ ངས་བལྟས་ན་མིང་དང་དོན་གཉིས་མཚུངས་མིན་དེ་གལ་ཆེ་ལ། དེ་ཡང་བཅའ་ཁྲིམས་རང་གི་ངོ་བོ་ལ་བལྟས་ནས་མིང་གང་འདྲ་ཞིག་འཚམ་མིན་ལྟ་དགོས། ༽ཟེར། མིང་དང་དོན་མཐུན་དགོས་ན། བཙན་བྱོལ་བོད་གཞུང་། ཟེར་བ་དོན་ལ་གནས་པ་ལས་ལྷག་ཞིག་ཡོད་མི་སྲིད། དབྱིན་ཡིག་ནང་དུ་ཡང་ Tibet Council In Exile ཟེར་དུས་བཙན་བྱོལ་དུ་ཡོད་པའི་བོད་རྒྱལ་ཁབ་གྱི་སྐུ་ཚབ་གསུང་ཏོད་ངོ་མ་དེ་ལ་གོ་བ་ལས་བཙན་བྱོལ་དུ་ཡོད་པའི་བོད་མི་ཁོ་ན་ལས་མི་གོ་བ་དེ་འདྲའི་གནས་མེད།
    བོད་གཞུང་གི་མིང་མ་བཏགས་ན་གཞུང་ཁྲལ་འབུལ་རྒྱུ་མིན་ཟེར་བ་དེ་ཚོས་སྨྲ་ལྕེ་བདེ་མིན་ལ་མ་ལྟོས་པར། མ་འོང་གངས་ཅན་པའི་བདེ་དོན་བླག་གྲབ་ཡིན་པ་དང་། དེ་ལ་ཐུགས་ཁུར་ཆེ་བས་མཚོན་རྟགས་སུ་ཚོར་བ་ཤུགས་ཆེ་བ་རེད། ཁྱོད་དང་ཁྱོད་ལྟ་བུ་འགའ་ཞིག་གིས་ཚིག་ཙམ་རེ་རྩོད་འདུག་ན་དེས་ཆོག་རུང་། ཁོང་ཚོ་ལ་དེ་འདྲ་ཞིག་གིས་མི་ཆོག་ནི་རེད།
    ད་ནི་སྙིང་ནས་བོད་ཀྱི་རྩ་དོན་གྱི་མདུན་ཕྱོགས་ནོར་ནས། ནོར་བཅོས་ཡང་དེང་དུ་མ་བླང་ཕྱིན། བྱ་ཁྲལ་ཡང་རྩེད་མོའི་ཆེད་དུ་སྤྲོད་འདོད་མེད་པ་ལོས་ཡིན།
    ཁྱུང་དཀར་ལགས་ཁྱེད་ཀྱི་དྲིབ་དེ་ངའི་མཆན་ནང་དུ་ལན་གསལ་བོ་བྱས་ཟིན་ཡོད་པས་དེར་གཟབ་ནན་གྱི་གཟིགས་རོགས་ཞུ།
    ད་ཁྱེད་ཚོ་ལ་གོ་བརྡ་ཨེ་འཕྲོད་ལྟ་བ་ལས་བྲག་རི་ཞིག་བཤིག་རྒྱུ་ལས་སླ་མོ་འདུག
    ཨ་ཤི་རེ་གོ་་་་་ཡིན་ན།

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རྒན་ལྷ་མོ་ལགས་ཀྱིས་དགོངས་ཚུལ་གནང་བར་དགའ་ཡོད། ཕལ་ཆེར་བསམ་ཚུལ་གྱི་བབ་ལ་བལྟས་ན་”གངས་ལྗོངས་བཙན་བྱོལ་མང་གཙོའི་སྒྲིག་འཛུགས”ལྟ་བུ་ཞིག་ལ་འབབ་ཀྱིན་ཡོད་པ་འདྲ།
    ད་ལྟའི་བར་དུ་༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་ཞེས་གསུངས་མྱོང་ཡོད་པ་མ་རེད། ཅེས་པ་ཞིག་ཟམ་གདོང་རིན་པོ་གསུངས་པ་རེད་ཟེར་བ་དེ་བདེན་པ་ཨེ་རེད། དེ་དབྱིན་སྐད་ནང་ཟེར་གྱིན་ཡོད་པ་རེད་དམ། བོད་སྐད་ཐོག་ཟེར་བ་རེད།

    Reply
  6. རྒྱང་མིག says:
    ལོ་ 14 སྔོན།

    བསྟན་རབ་ལགས་་་་་ལན་གནང་བ་ཐུགས་རྗེ་ཆེ་ཞུ། རྗེས་མ་མཇལ་ཡོང།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དེ་སྔའི་བཙན་བྱོལ་བོད་གཞུང་་ཟེར་བ་དེ་རྒྱ་དམག་གི་བཙན་འཛུལ་ལ་བྱོལ་ནས་ཡོང་བའི་བོད་ཀྱི་སྲིད་གཞུང་ཟེར་བའི་བསྡུས་མིང་ཡིན་དགོས།
    དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པའང་གོ་དོན་འདྲ་ན་ཡང་་རྣམ་རྟོག་ཅན་མང་པོས་བཙན་བྱོལ་ན་ཡོད་པའི་ད་ལྟའི་བོད་མི་ཙམ་ལས་མི་གོ་ཟེར་ནས་བཙན་བྱོལ་ཕར་གཡུགས་སོང། གལ་ཏེ་དེ་ལྟར་ན་བཙན་བྱོལ་བོད་གཞུང་ཞེས་པ་ཡང་བཙན་བྱོལ་ན་ཡོད་པའི་བོད་མིའི་གཞུང་ཞེས་པར་ཡང་གོ་ཆོག
    ཡིན་ཡང་བཙན་བྱོལ་ན་ཡོད་པ་ཀུན་ལ་གསལ་བས་དོན་གྱིས་བཙན་བྱོལ་གྱི་བོད་མིའི་སྒྲིག་འཛུགས་ལ་གོ་ཐུབ།
    དམངས་གཙོ་ཞེས་པ་ཞིག་ཁ་སྣོན་འོས་པ་དེར་བདག་ནི་དེ་སྔ་ཞིག་ནས་སྨོན་ཡོད།
    དོན་དམ་པས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཆེ་ན་ཆུང་ན་བོད་རྒྱལ་ཁབ་ཅིག་གི་མཚན་མཐོང་ཡོད་པའི་ངོ་བོ་དེར་འགྱུར་བ་ཆེ་ཙམ་བྱུང་ཡོད། ངས་བལྟས་ན་མིང་དང་དོན་གཉིས་མཚུངས་མིན་དེ་གལ་ཆེ་ལ། དེ་ཡང་བཅའ་ཁྲིམས་རང་གི་ངོ་བོ་ལ་བལྟས་ནས་མིང་གང་འདྲ་ཞིག་འཚམ་མིན་ལྟ་དགོས།
    བོད་གཞུང་གི་མིང་མ་བཏགས་ན་གཞུང་ཁྲལ་འབུལ་རྒྱུ་མིན་ཟེར་བ་དེ་ཚོས་ངོ་མ་དེ་འདྲ་ཞིག་བྱས་ན་དེ་ནི་གཏོར་བཤིག་རང་ཆགས་རྒྱུ་ལས་མ་འདས།

    Reply
  8. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    ༸གོང་ས་༸མཅོག་གིས་བརྟགས་པའི་མིང་དེ་མཐོ་གྲོས་ཚོགས་དང།བར་ཟིན་བྲིས་པ།དམན་དྲ་འབུ་ཚོ་ཡན་ཆོད་ཀྱིས་བདག་པོ་བརྒྱག་རྩིས་ཙམ་ཡང་མི་བྱེད་པར་རང་སྣང་གང་ཤར་གྱིས་བརྟགས་པའི་མིང་དེ་ཚོ་ལ་ངོ་ལེན་བྱེད་འདོད་རྩ་བ་ནས་མེད་༸གྲོས་ཚོགས་ནས་དྲ་འབུ་ཚོ་ཡན་ཆད་ལ་དེ་རིང་ངས་དོགས་འདྲི་ཞིག་བྱེད་༸གོང་ས་༸་སྐྱབས་མགོན་ཆེན་པོ་གསོལ་བལྩལ་གནང་བའི་ང་ཚོའི་སྒྲིགས་འཛུགས་ཀྱི་མིང་དེ་རང་བེད་སྤྱོད་བྱས་ན་ཆོས་དང་ཆབ་སྲིད་འདས་མ་འོངས་ཡང་ན་ལོ་རྒྱུས་སོགས་གང་ཞིག་ལ་མ་འགྲིགས་པ་ཆགས་ཀྱི་ཡོད་རེད་འདི་ནི་ངས་སེམས་ནང་དོགས་པ་ཡིན་པས་ལན་ཁ་གསལ་རེ་ཡོད་གསུངས་རོགས་གནང་

    Reply
  9. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་རབ་རྒྱས་ལགས།
    སྐུ་ཉིད་ཀྱིས་གསུང་བ་ཚང་མ་ལ་དོན་སྙིང་ལྡན་འདུག ཕྲན་གྱིས་སྨོངས་བློར་ཤར་ཚོད་ནི། སྐབས་དང་དུས་སུ་གངས་ཅན་སྐྱིད་གཞུང་ངམ། གངས་ཅན་སྐྱིད་གཤོངས་སོགས་མིང་འདྲ་མིན་གྱི་ཐོག་ནས་གསར་འགོད་གསལ་བསྒྲགས་སོགས་སྤེལ་ན་ཆོག་པའི་སྐབས་རེར་བྱུང་སྲིད་ཀྱང་། ད་ལྟ་བར་དུ་དེ་འདྲ་བྱུང་དགོས་མ་བྱུང་བ་འདྲ།
    མ་ཟད་ང་ཚོའི་གནས་སྟང་ནི་ད་དུང་ཁྱབ་སྤེལ་གང་ཐུབ་དགོས་པའི་བཙན་བྱོལ་བ་ཡིན་པའི་དུས་ཙམ་ཞིག་ལས་བརྟན་བརླིང་སོང་ཟིན་པའི་གཞུང་མིན་པས། མིང་མང་ཆེན་པོ་དང་རྫིག་པོ་མེད་པར་མིང་ཐུང་ངུ་དང་། བསྟབས་བདེ་བོ་གཅིག་ལ་གཞི་ཚུགས་ཐུབ་ཅིང་། རང་གཞན་ཀུན་གྱི་རྣ་མིག་བློ་ཐོག་ཏུ་ཁྱབ་ཐུབ་པ་ནི་ཤིན་ཏུ་གལ་ཆེ། ད་ལྟ་ནི་Information age ཟེར་བ། དྲྭ་འཕྲིན་ནམ། ཆ་ཕྲིན་གྱི་དུས་ཚོད་ཡིན་པས། ཤིན་དུ་མིག་རྣ་བློ་སེམ་རྣམས་མི་ཁོམ་པར་འཚུབ་ཆ་ཆེ་བས་དུས་རེད། མ་འོང་པ་རུ་ཡང་ཅེ་སྡུག་ལས་འགྲོ་རྒྱུ་ཡོད་དཀའ། དེ་ཕྱིར་མཚན་མིང་གང་ཞིག་ཀུན་གྱི་མིག་རྣ་བློ་སེམ་ནང་དུ་འཇག་རྒྱུ་ནི་ཤིན་ཏུ་དཀའ་བའི་དུས་ཞིག་ཡིན་པས། ད་སྔོན་བབ་བཅོལ་དུ་མིང་གསར་བ་འདོག་མཁན་ཁོང་ཚོས་བྱས་ཉེས་ཞིག་ལ་ངོས་འཛིན་ཡོད།
    དེ་ཕྱིར་ཕྲན་གྱིས་བསམ་ཚུལ་ནི། བོད་ཡིག་ཐོག་ཏུ། ༼བཙན་བྱོལ་བོད་གཞུང་། ༽ཟེར་བ་རང་འཇག་འཇོག་པ་ལས་གལ་ཆེན་ཞིག་མཐོང་གི་མེད་ལགས།
    ྋགོང་ས་མཆོག་གིས་གངས་ལྗོངས་དམངས་གཙོའི་ལྷན་ཁང་སོགས་གསུང་བ། གནས་སྐབས་སུ་ཁབ་ཐུག་ཏུ་དཔྱད་གཞི་ཙམ་ལ་དགོངས་ཚུལ་ཙམ་གསུང་བ་ལས་ཐག་ཆོད་བྱས་པ་མ་ཡིན་ན། ང་ཚོས་མ་འོང་ཆབ་སྲིད་ལ་བསམ་བློ་གཏོང་དགོས་སྙམ།
    མང་གཙོ་ཞེས་པ་འདི་ནི་བཙན་བྱོལ་བའི་མིའི་ལག་ཡོང་ཆེ་ཤོས་རྒྱ་ནག་ལ་ངོམ་ཆོག་པ་ཡིན་པས་གལ་ཆེ་བ་སྨོས་ཅི་དགོས། འོན་དེ་མཚན་བྱང་ཟེར་བ་དེ་ཐུང་ཞིང་ཁ་གསལ་བ་ཞིག་གལ་ཆེ་བ་ལས། གཞུང་གི་བཟང་ཡོན་མང་བོ་མཚན་བྱང་ནང་དུ་ཤོང་དཀའ་ལ་མ་ཡོད་ན་ཡང་ཆོག་པར་སྣང་།
    མདོར་ན། མཚན་བྱང་དེ་སྐད་ཡིག་གཞན་ལ་བརྒྱུར་དུས་བརྒྱུར་བདེ་བ་ཞིག་ལ་བསམ་བློ་གཏོང་དགོས་པ་ཤིན་དུ་གལ་ཆེ། དེ་ཕྱིར། དབྱིན་ཡིག་ཐོག Tibet Council In Exile བྱས་ན། བཙན་བྱོལ་བོད་གཞུང་། ཟེར་བ་ལྟ་བའི་དོན་སྙིང་ངོ་མ་དེ་ལྡན་ཡོད་པར་སྣང་།
    སྐུ་ཉིད་ཀྱིས་ནི་དཔྱད་བརྗོད་གཟི་བརྗིད་ལྡན་པ་ཞིག་གནང་འདུག་པས། ཕྲན་གྱིས་འདི་ནས་སྐུ་ཉིད་ཀྱིས་གྲོས་འཚོག་ལ་འདིའི་ཐད་ནས་རྙན་ཞུ་ཞིག་ཕུལ་རོགས་གནང་ཟེར་ནས་འབོད་བསྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

    Reply
  10. དམག་ལོག་ says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་ལ་ བོད་སྡེ་བ་གཞུང་ ཟེར་ན་གང་འདྲ་འདུག
    བཀའ་ཁྲི་ལ་སྡེ་སྲིད་ སྡེ་སྲིད་བློ་བཟང་སེངྒེ་ཟེར་ན་མི་ཡག་གམ།

    Reply
  11. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དྲ་གྲོགས་མི་ཕམ་ཚངས་ཐིག་གིས་བཤད་པ་རྒྱབ་སྐྱོར་ཡོད། གངས་ལྗོངས་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་ཞེས་པ་འདི་དེ་ཙམ་གྱི་ཁ་ལ་བདེ་བོ་ཞིག་མ་རེད། དེའི་ཕྱིར་བདག་གིས་གངས་ཅན་སྐྱིད་གཞུང་གི་མིང་ཐོག་ནས་གསར་འགོད་གསལ་བསྒྲགས་སོགས་སྤེལ་ན་དགེ་མཚན་ཆེ་བ་འདུག་ཅེས་བཤད་ཡོད།

    ཡང་གངས་ལྗོངས་ཟེར་བ་འདི་ལས་བོད་ཅེས་པ་ཁ་ལ་བདེ་མོ་ཞིག་ཡིན་པའང་བདེན་པ་རེད། ཡིན་ནའང་། ལོ་རྒྱུས་དང་མཚོན་དོན་གྱི་ཆ་ནས་གངས་ལྗོངས་འདིའང་གལ་ཆེན་རེད་བསམ་པ་ཙམ་ཡིན། ལྷག་པར་གོང་ས་མཆོག་གིས་གངས་ལྗོངས་ཞེས་པ་འདིར་དམིགས་བསལ་གྱིས་མཐོང་ཆེན་གནང་ཞིང་རྒྱལ་རབས་ལོ་རྒྱུས་ནང་ནའང་འདིར་གོ་གནས་ངེས་ཅན་ཞིག་ཡོད་པ་དེའི་ཕྱིར་གནད་ཆེ་བར་བསམས་པ་ཡིན།

    མང་གཙོ་ཞེས་པ་འདི་ནི་བཙན་བྱོལ་བའི་མི་ཐོག་འདིར་གོང་ས་མཆོག་གིས་མར་བསྩལ་བ་ཞིག་རེད་དེ། མི་ཐོག་འདིའི་ལག་ཡོང་ཆེ་ཤོས་ལའང་གྱུར་ཅིང་སྲིད་ཐོག་ནས་རྒྱ་ནག་ལ་ངོམ་ཆོག་པའང་འདི་ཙམ་ལས་གཞན་དུ་དཀའ་ཚོད་ན་གལ་ཆེ་བར་བསམ་པ་ཡིན་ལ། ༸གོང་ས་མཆོག་སྐུ་ན་ཕྲ་དུས་ནས་མང་གཙོའི་སྟེང་ཤུགས་བརྒྱབས་ཤིང་། དགེ་ཆོས་དང་ལུང་ཤར་རྒྱལ་མཆོག་བཅུ་གསུམ་པ་སོགས་ཀྱིས་ཀྱང་འདིའི་ཆེད་དུ་སྐུ་ངལ་རིམ་པར་གནང་ཡོད་ཚོད་ན་གལ་ཆེ་བར་བསམས་པའོ། །

    Reply
  12. ཁྱུང་དཀར says:
    ལོ་ 14 སྔོན།

    བོན་རྒྱས་ང་ལྟ་བུའི་མང་མང་གི་ཚབ་བྱས་ནས་བསམ་ཚུལ་གླེང་བརྗོད་བྱས་པ་དགའ་བོ་བྱུང་། གཞུང་དམངས་ཚང་མས་ཁེ་གཉེར་སྒྲུབ་བཞིན་སྐབས་སུ་སྤྱི་འཐུས་མགོ་མཁྲེགས་ཚོས་ཀྱང་ཀླད་ངོས་ན་ཅི་ཞིག་བྱ་དགོས་པ་དང་གང་ཞིག་བསྒྲུབ་དགོས་པ་ཁྲིག་ཁྲིག་ཡིན་ནའང་དམངས་ཀྱི་ཆེད་དུ་ཤར་སེ་བསྐྱོད་མདོག་མ་རེད། ང་ཚོ་དམངས་མི་ཡིན་པས་དམངས་ཀྱི་ཁེ་ཕན་ཕྱིར་དུ་སྐད་འབོད་དང་ངུ་འབོད་གང་མང་མང་བརྒྱག་དགོས།

    Reply
  13. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དྲ་གྲོགས་རྒྱང་མིག་ལགས། གངས་ཅན་སྐྱིད་གཤོངས་ཞེས་པ་འདི་ནི་༸གོང་ས་མཆོག་གིས་བསྩལ་བ་ཞིག་ཡིན་པར་ཁུངས་གསལ་བོ་མེད་དེ། ༸གོང་ས་མཆོག་གི་བཀའ་རྩོམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་བཀའ་རྩོམ་ནང་གསལ་བའི་གསུང་ཚིག་དེ་དག་ལ་བལྟས་ན་མིང་དེ་༸གོང་ས་མཆོག་གི་བསྩལ་བ་མིན་ནའང་། ༸གོང་ས་མཆོག་གི་དགོངས་གཞིར་རྒྱུས་ཡོད་ཅིག་གིས་བཏགས་པ་ཞིག་ནི་ཏན་ཏན་རེད་སྙམ་པ་ཞིག་རེད།

    ཁོང་གི་བཀའ་རྩོམ་《ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་》ནང་དུ། “གཙང་ཆུའི་ཕ་རོལ་དུ་སྐྱིད་གཤོངས་ཟེར་བའི་གྲོང་གསེབ་ཆུང་ངུ་ཞིག་འདུག གྲུ་ཁ་དེར་ངང་ཙམ་སྒུག་སྡོད་བྱེད་དགོས་བྱུང་ཞིང་། སྐབས་དེར་གནམ་གཤིས་ཇེ་ལེགས་སུ་གྱུར། དྭངས་ཞིང་སྔོ་ལ་རླུང་གིས་བསྐྱོད་པའི་ཆི་རིས་ཁྲིལ་ལེ་ལེ་གཡོ་བའི་ཆུ་ཆེན་དེའི་ཕ་ཁར་མི་མང་པོ་ཞིག་ནག་ཕུང་ངེར་ང་ཚོར་བསུ་སྒུག་བྱེད་ཅིང་འདུག་པ་མཐོང་། དེ་ནས་ང་ཚོ་གྲུར་ཞུགས་ཏེ་ཁད་ཉེ་སར་འབྱོར་སྐབས་མི་ཕུང་དེ་གྲས་སུ་ཁམས་དམག་དང་། གྲོང་གསེབ་པ་གྱོན་གོས་ལྭ་བ་དཀར་པོ་དང་། རྒྱ་ཚོས་ཅན་ལ་དཔུང་རྟགས་སེར་པོ་བརྒྱབ་པ་མང་པོ་འདུག དེ་ཚོ་ནི་རང་འགུལ་དྭང་བླངས་དམག་སྦྱོང་ཁོང་ཞུགས་པའི་གྲལ་ཡིན་འདུག ཁོ་བོ་ཅག་གྲུ་ནས་ཐོན་སྐབས་མི་མང་དེ་ཚོས་གང་ཅིའི་གནས་ཚུལ་ཡིད་ལ་བརྣག་སྟེ་བློ་སེམས་ཧ་ཅང་སྐྱོ་བའི་རྣམ་པ་སྟོན་ཅིང་། ང་ཚོ་རྟ་ཞོན་ཏེ་བསྐྱོད་སྐབས་མི་མང་པོས་མཆི་མ་འདོན་པ་མཐོང་བྱུང་། དེ་ནི་ང་ཚོས་ལྷོ་ཁུལ་གྱི་གྲོང་གསེབ་མཐོང་བ་ཐོག་མ་ཡིན་པ་དང་། མིང་ལའང་སྐྱིད་གཤོངས་སུ་འབོད་པ་དེས་ཡིད་སྐྱོའི་སྣོན་མ་ལྟ་བུར་གྱུར་སྟབས་ང་ཚོ་མྱུར་ཏུ་ཕྱིན་པ་ཡིན། ཁོ་བོའི་བསམ་པར་སྐྱིད་གཤོངས་ཀྱི་གྲོང་གསེབ་དེར་དུས་རབས་མང་པོའི་རིང་ཞི་བ་དང་། མཛའ་མཐུན་དུ་ཅི་བདེར་འཚོ་བ་དེ་དག་ད་ཆ་འཇིགས་སྐྲག་དང་ཉེན་ཁའི་ནང་ཚུད་བཞིན་ཡོད་པར་བསམ། འོན་ཏེ། སེར་སྐྱ་མཆོག་དམན་ཕོ་མོ་རྒན་བྱིས་ཚང་མ་བློ་སྤོ༷བས་དང་། སེམས་ཤུགས་ནི་སྟོར་བཤིགས་མི་ཐུབ་པ་ལྟ་བུ་འདུག ངས་རེ་འདུན་བྱས་མིན་ལ་མ་ལྟོས་པར་རང་་སྲོག་བློས་བཏང་གིས་བསྟན་སྲིད་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསལ་བོ་ཤེས་ཡོད།”ཅེས་གསུངས་ཡོད།

    Reply
  14. གནས་ཚང་། says:
    ལོ་ 14 སྔོན།

    བསྟན་རབ་འདི་མི་དྲང་བཤད་ཕོད་མཁན་ཞིག་རེད། ད་ཡིན་ན། སྲིད་དོན་མཁས་དབང་ཟམ་གདོང་བླ་མས་རྟགས་བསལ་ཐེངས་གཉིས་པ་གཏོང་བར་དྲན་བསྐུལ་ཡང་གནང་འདུག་ལ། གལ་སྲིད་ཟམ་གདོང་བླ་མས་རྟགས་བསལ་ལུང་རིགས་གཉིས་ལྡན་ཞིག་གཏོང་མ་ཐུབ་པ་ཡིན་ན། ཁོང་གི་མཚན་ལ༼གཞུང་བསྐྱལ་རིན་པོ་ཆེ༽ཐོགས་ངེས་པ་ནི་ལོ་རྒྱུས་ཀྱིས་ཁ་གསལ་བོ་གྲགས་ཟིན།

    Reply
  15. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས།
    བཀའ་དྲིན་ཤུན་ཏུ་ཆེ།
    ཉིད་ཀྱིས་ཧ་ཅིང་ཡག་པོ་བྲིས་འདུག ད་བར་ཉིད་ཀྱིས་བྲིས་པ་ལྟ་བུ་ཞིག་མཐོང་མ་སོང་། ཕྲན་ཁྱེད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།
    སྐུ་ཉིད་དང་ཕྲན་བསམ་ཚུལ་ཅུང་ཙམ་མི་འདྲ་བ་ནི། ཕྲན་གྱིས་བོད་ཡིག་ཐོག་ཏུ་གཞུང་ཞེས་པ་མཐའ་གཅིག་ཏུ་འཇོག་དགོས་པར་འདོད། རྒྱུ་མཚན་ནི། ང་ཚོས་ད་སྔོན་སྐད་ཡིག་གང་དུ་ཡང་ Government ཞེས་པའི་ངོ་བོར་བརྒྱུར་མེད་ལ་དེབ་སྐྱེལ་ཡང་བྱས་མེད་པས། ཁོང་ཚོས་ཟེར་བའི་མ་འོང་བར་དཀའ་ངལ་ཕྲད་སའི་གཞི་མེད་པས་ཁོང་ཚོས་ནོར་འཁྲུལ་ཏུ་ངོས་ལེན་བྱེད་མ་ཐུབ་པ་འམ། ཟམ་གདོང་བླ་མས་ཁོ་རང་རྒེར་གྱི་ཁེ་ཕན་ཞིག་ལས་གཏད་སོ་གཞན་ཅི་ཡང་ཡོད་པ་མ་མཐོང་།
    བོད་ཡིག་ཐོག་ཏུ་གཞུང་བཏག་པ་དང་བཙན་བྱོལ་བ་བཏག་པ་ཙམ་གྱིས་མ་འོང་བར་དཀའ་ངལ་ཞིག་འཕྲད་ཀྱི་མ་རེད་ཤུགས་ཆེན་པོས་བསམ་གྱི་ཡོད། མ་ཟད་ང་ཚོས་བཙན་བྱོལ་ཟེར་བ་དང་གཞུང་ཟེར་བ་གང་ཕྱིར་ཕུད་བཏང་ན་དེ་ནི་རྒྱ་གཞུང་གི་ཁེ་ཕན་ཞིག་ཞིན་པར་ཐེ་ཚོམ་མེད་ལ། འདི་ནི་མི་འགའ་ཞིག་གིས་རྒེར་གྱི་ཁེ་ཕན་ཆེད་རྒྱ་གཞུང་ལ་བྱས་རྗེས་འཇོག་ཐབས་བྱེད་ཀྱི་ཡོད་པས་ཉེན་ཁ་ཧ་ཅིང་ཆེ་བར་འདུག་སྙམ། དེ་ཕྱིར་གཞུང་དམངས་གཉིས་ཀྱིས་ཤུན་ཏུ་གཟབ་དགོས་པར་སེམ།
    རྒྱུ་མཚན་ནི། བོད་ཀྱི་སྐད་ཡིག་ཐོག་ནས་ནི། བོད་གཞུང་ཞེས་པ་རྒྱལ་ཁབ་ཞིག་གི་གཞུང་གི་གོ་དོན་ཡོད་པ་གཞིར་བཞག་ལ། བསམ་བཞིན་དུ་མ་བསྒྱུར་ནའང་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་གི་དབུས་གཞུང་ལ་གོ་མི་དགོས་པས་ཁྱད་ཆོས་ཡོད་ཕྱིར། མ་འོངས་པར་ཉེན་ཁ་འགོག་ཆེད་མིང་བསྒྱུར་དགོས་ཟེར་བ་གཞི་འཛིན་ས་མེད་པའི་དཀྲོག་གཏམ་གཏན་ཚིགས་ཀྱིས་ཕོངས་བ་ཞིག་ཏུ་གྱུར་ཡོད། གལ་ཏེ་ཕྲད་ཀྱིས་དབང་དུ་བཏང་ན་དེ་དུས་ཐབས་ལམ་བཙལ་ཆོག་ཆོག་ཏུ་ཡོད། དེ་ནི་སྐུ་ཞབས་ཀླུ་མཁར་བྱམས་སོགས་ཀྱིས་དཔེ་དོན་དང་བཅས་པས་གསུང་ཡོད།
    བོད་གཞུང་དམངས་གཉིས་ཇི་སྲིད་བཙན་བྱོལ་དུ་གནས་པ་སྲིད་དུ། བཙན་བྱོལ་བོད་གཞུང་ཞེས་པ་དེ་འོས་ཤིང་འཚམ་པ་ཞིག་དང་ནམ་ཡང་ཡོད་དགོས་པར་མཐོང། དེ་ནི་ང་ཚོར་ཡོད་བཞིན་དུ། བློ་ངག་གཉིས་སུ་བྱང་ཆུབ་བཞིན་དུ་བརྗེ་སྤོར་གཏད་ནས་མི་དགོས་པར་འདོད། ཐ་ན་བརྗོད་བདེ་ཞིང་དོན་འདུས།
    མ་ཟད་ཁོང་ཚོས་བཏགས་པའི་བོད་གཞུང་གི་མཚན་དབྱིན་ཡིག་ནང་དུ་ཡོད་པ་ Central Tibetan Administration ཤེས་པ་དེ་ཡང་ཕྲན་གྱིས་ནུབ་ཕྱོགས་པ་དབྱིན་སྐད་མ་སྐད་དུ་སྨྲ་མཁན་ཆབ་སྲིད་ཆེད་མཁས་པ་འགའ་ཞིག་དང་མཉམ་དུ་གོ་བསྡུར་མང་བོ་བྱས་པ་ཡིན་ཏེ། ཀུན་གྱིས་ཁ་གཅིག་མཚུངས་སུ་འོས་འཚམས་དང་དོན་སྙིང་ལྡན་པའི་མིང་བྱང་ཞིག་མ་རེད་གསུང་གི་འདུག ང་ཚོས་གོ་བསྡུར་མང་དུ་བྱས་མཐར Tibet Council In Exile ཟེར་བ་དེ་འོས་འཚམ་དང་ཆབ་སྲིད་ཀྱི་དོན་སྙིང་ཅན་དུ་ངོས་འཛིན་བྱས། རྒྱུ་མཚན་ནི། འདི་བོད་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་དངོས་ཞིག་ལ་གོ་ཆོག་ཅིང་། ཡང་མཐའ་གཅིག་དུ་གོ་མི་དགོས་པར་རྒྱལ་ཁབ་ཅིག་གིས་སྐུ་ཚབ་ལ་ཡང་གོ་ཆོག་པས་རེད། Tibet ཞེས་པས་བོད་མི་ཙམ་མ་ཡིན་པར་བོད་རྒྱལ་ཁབ་བསྟོན་ཐུབ་ཡོད་པས་གལ་ཤིན་དུ་ཆེ།Council ཞེས་པ་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་ཞིག་གི་གཞུང་དུ་གོ་ཆོ་ལ། ཡང་གཞན་དུ་ཡང་གོ་ཆོག་པས། གལ་ཏེ་ཁོང་ཚོས་ཟེར་བ་བཞིན་དུ་མ་འོང་པར་དཀའ་ངལ་ཕྲད་སྲིད་ན་འདིས་སེལ་ཐུབ་ཡོད། In Exile ཟེར་བ་དེ་སྐུ་ཉིད་ཀྱིས་གསུང་བ་ཅི་ལྟ་བ་བཞིན་དུ་བཙན་བྱོལ་ཞེས་པ་འཇོག་རྒྱུ་ཤིན་ཏུ་གལ་ཆེ་བ་མ་ཟད་མ་བཞག་ཐབས་མེད་ཡིན་པས་དེའི་དོན་རེད།
    སྐུ་ཉིད་ཀྱི་གསུང་བའི་ ། ༼ གངས་ལྗོངས་བཙན་བྱོལ་མང་གཙོའི་སྒྲིག་འཛུགས་ ༽ ཟེར་བའི་འགྲེལ་བཤད་དང་བཅས་པ་ཤིན་ཏུ་ཡག་པོ་འདུག་སྙམ། འོན་ཀྱང་གངས་ལྗོངས་ཟེར་བ་ལས་བོད་ཟེར་བ་ཐུང་ཞིང་གོ་བདེ་བ། སྙན་ཚིག་ལ་མི་ཕྱོགས་པ། མཆོག་དམན་མཁས་བླུན་ཀུན་ལ་ཡོངས་ཁྱབ་ཡིན་པ། ཀུན་གྱི་ཁ་ལ་བྱང་ཟིན་པ་བཅས་ཀྱིས་གངས་ལྗོངས་ལ་བརྒྱུར་མི་དགོས་སྙམ། མང་གཙོ་ཟེར་བ་མཚན་བྱང་ནང་དུ་བཀོད་དགོས་པ་ཞིག་མ་རེད་སྙམ་ལ། བཀོད་སྲོལ་ཡང་མེད་པ་འདྲ་ལ། མ་ཟད་སྐད་ཡིག་གཞན་དུ་བརྒྱུར་དུས་མི་བདེ་བ་ཡོང་གྱི་རེད་སྙམ། གང་ལྟར་སྤྱི་མཐུས་ཀུན་གྱིས་འདི་དག་ངེས་པར་དུ་གཟིགས་དགོས་པར་སེམ། །
    བོན་རྒྱ་ལགས། བཀའ་དྲིན་ཤིན་ཏུ་ཆེ། །།

    Reply
  16. རྒྱང་མིག says:
    ལོ་ 14 སྔོན།

    བསྟན་རབ་ལགས་བྲིས་ནོ་བཤད་རྒྱུ་མེད་ཀི གངས་ཅན་སྐྱིད་གཤོངས་ཞེས་པའི་མིང་ཐོག་སྟངས་དེ་ཚོད་དཔག་ཡིན་ནམ་ཡང་ན་ཁུངས་ཡོད། ཁུངས་ཡོད་ན་གསལ་བོ་ཞིག་གསུང་རོགས། སྒུག་འདུག་གི་ཡིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese