གཟའ་མིག་དམར་ཉིན་རང་ལོ་ ༧༡ སོན་པ་ཨབ་གྷན་སྲིད་འཛིན་ཟུར་པ་དང་ད་ལྟའི་ཞི་བདེ་ལྷན་ཆོགས་ཀྱི་ཚོགས་གཙོ་སྐུ་ཞབས་རཱབ་བྷ་ནེ་ལྐོག་གསོད་བཏང་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨབ་གྷན་རྒྱལ་ས་ཀ་བྷུལ་ (Kabul) དུ་ཨབ་གྷན་སྲིད་འཛིན་ཟུར་པ་སྐུ་ཞབས་རཱབ་བྷ་ནེ་(Burhanuddin Rabbani) ལགས་ཁོང་གི་སྡོད་ཁང་ནས་ལྐོག་གསོད་པས་འགད་རྫས་གཏོར་ཏེ་དམར་གསོད་བཏང་ཡོད་འདུག རཱབ་བྷ་ནེ་ཡིས་འདས་པའི་ལོ་ ༡༠ ལྷག་རིང་ཨབ་གྷན་ཟིང་འཁྲུག་ཞི་འཇགས་དང་། ལྷག་པར་དུ་ཨབ་གྷན་གཞུང་དང་ཊ་ལི་བྷན་བར་ཞི་འགྲིག་ཡོང་རྒྱུར་འབད་བརྩོན་བྱས་ཡོད་ཅིང་། ༢༠༡༠ ལོའི་ཕྱི་ཟླ་ ༡༠ ནང་ཁོང་ཨབ་གྷན་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་ཀྱིས་ད་ལྟ་ཚོགས་གཙོའི་འགན་འཁུར་བཞིན་ཡོད་འདུག
སྐུ་ཞབས་རཱབ་བྷ་ནེ་ལྐོག་གསོད་བཏང་པའི་གནས་ཚུལ་བྱུང་རྗེས། ཨབ་གྷན་མི་མང་རྒྱ་ཕྲག་མང་པོས་དམ་པ་ཁོང་གི་སྐུ་དཔར་ཁྱེར་ཏེ། འདས་པོ་ཁོང་གི་སྡོད་ཁང་གི་ཉེ་འཁོར་དུ་འཛོམས་ཏེ་མྱ་ངན་དང་། ལྐོག་གསོད་པའི་བྱ་སྤྱོད་ལ་ངོ་རྒོད་ཀྱི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་འདུག་ལ། ཨབ་གྷན་སྲིད་འཛིན་ཡང་ནེའུ་ཡོག་ཏུ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་འཕྲད་དུ་ཨབ་གྷན་ལ་ཕྱིར་ལོག་བྱས་ཡོད་འདུག
ད་ལྟའི་ཆར་ཁོང་ལྐོག་གསོད་གཏོང་མཁན་དང་དེའི་རྒྱབ་ལྗོངས་སུ་ལ་འབྲེལ་པ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱས་ཐུབ་མེད་ཀྱང་། དྲག་སྤྱོད་ཤོག་ཁག་ཅིག་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།