མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུཊ་དབྱེ་འབྱེད་བྱ་རྒྱུ་མིན་ལབ་པ་ལས། ཐོབ་ཐང་འདྲ་མཉམ་སྤྲོད་རྒྱུ་ཡིན་ལབ་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་གིས་ཉེ་ལམ་བཀའ་ཁྲིའི་དམ་འབུལ་གསུངས་བཤད་ནང་། ངས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པའི་སྐོར་ལ་ཚ་འདྲི་གནང་སོང་།   

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཉིན་ལྔ་པའི་ཞོགས་པ་ ༩།༣༠ སྟེང་། ཚོགས་འདུ་དབུ་འཛུགས་གནང་མ་ཐག་དྲི་བ་དྲིས་ལན་གནང་སོང་ལ། སྐབས་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་དམ་འབུལ་གསུང་བཤད་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་དོན་ཚན་ ༣ བཏང་སོང་།

བཀའ་ཁྲི་མཆོག་གི་དམ་འབུལ་གསུང་བཤད་ནང་། “ངས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་༸གོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐབས་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན” ཞེས་ཕེབས་ཡོད་པའི་ཐད།  སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། དང་པོ། དོན་དམ་པའི་ཆོས་ལུགས་རིས་མེད་ཞེས་པའི་ཚད་ལྡན་གྱི་འགྲེལ་བརྗོད་གང་ཡིན་པར་དགོངས་བཞིན་ཡོད་དམ། གཉིས་པ། དེ་དག་བསྒྲུབ་ཐབས་སུ་ད་ཡོད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གང་འདྲ་དགོས་པར་གཟིགས་ཀྱི་ཡོད་དམ། གསུམ་པ། དམིགས་ཡུལ་དེ་དག་བསྒྲུབ་ཐབས་སུ་ཕྱག་ལེན་གང་དང་གང་ལག་བསྟར་གནང་འཆར་ཡོད་དམ་བཏོན་པའི་ལན་དུ། བཀའ་ཁྲི་མཆོག་གིས་ “ དང་པོ། ཆོས་ལུགས་རིས་མེད་ཅེས་པའི་གོ་དོན་ནི། གཞུང་དང་སྒྲིག་འཛུགས་ཤིག་གི་ངོས་ནས་ཆོས་ལུགས་འདྲ་མིན་ཚང་མར་དབྱེ་འབྱེད་མེད་པར་གཅིག་འགྱུར་ཞིག་ལ་ངོས་འཛིན་གནང་བ་དེ་ཡིན། གཉིས་པ། འགྱུར་བ་དགོས་པར་མཐོང་གི་མེད། གསུམ་པ། འཆར་གཞི་མེད ”  ཅེས་གསུངས་སོང་།

 

བཀའ་ཁྲི་མཆོག་གི་བཀའ་ལན་དང་འབྲེལ་བའི་འཕྲོས་དོན་དྲི་བའི་སྐབས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དྲི་བ་གཉིས་པའི་ལན་དུ་བཀའ་ཁྲི་མཆོག་གིས་བཅའ་ཁྲིམས་རིན་པོ་ཆེར་འགྱུར་བ་གཏོང་དགོས་ཀྱི་མེད་ཅེས་གསུངས་ཡོད་སྟབས།  ཆོས་ལུགས་རིས་མེད་ཅེས་བརྗོད་པའི་སྐབས་ང་ཚོ་ནང་པའི་ཆོས་ལུགས་ཙམ་མ་ཡིན་པའི་ཆོས་ལུགས་གཞན་ཚོར་གཟིགས་རྒྱང་ཡོད་པ་ཁ་གསལ་ད་ལྟའི་བཅའ་ཁྲིམས་ནང་བཀོད་མེད་པ་གསལ་བཤད་དང་སྦྲགས་འཕྲོས་དོན་དྲི་བ་གཉིས་བཏོན་སོང་། དང་པོ། ༸གོང་ས་མཆོག་ལ་དམ་བཅའ་ཕུལ་བ་དེ་བཅའ་ཁྲིམས་ལ་འགྱུར་བ་མ་བཏང་པར་ཕྱག་བསྟར་ཇི་ལྟར་གནང་རྩིས་ཡོད་དམ།  གཉིས་པ། དྲི་བ་གསུམ་པར་བཀའ་ལན་གནང་སྐབས་འཆར་གཞི་མེད་ཅེས་གསུངས་སོང་བས། ༸གོང་ས་མཆོག་ལ་དམ་འབུལ་སྐབས་སུ་ཕྱག་བསྟར་གནང་དགོས་པ་དང་། ཕྱག་བསྟར་གནང་མ་ཐུབ་པ་ཁ་ཤས་ཤིག་གནང་རྒྱུ་ལྷག་ཡོད་པ་ཞིག་ལ་གཟིགས་ཏེ་དམ་འབུལ་ཞུས་བ་རེད། དེར་བརྟེན། ད་ལྟ་འཆར་གཞི་མེད་པ་ཡིན་ན་འཆར་སྣང་ཡོད་དམ་མེད།  འཆར་གཞི་དང་འཆར་སྣང་གང་ཡང་མེད་པའི་ཐོག་ནས་དགོངས་གཞི་སྒྲུབ་ཐབས་ག་འདྲ་གནང་རྒྱུ་ཡིན་ནམ་ཅེས་དྲིས་པར། བཀའ་ཁྲི་མཆོག་གིས་ “ད་ལྟའི་ཆར་དམ་འབུལ་གྱི་གཏམ་བཤད་རེད་མ་གཏོགས། དམ་འབུལ་དེ་༸གོང་ས་མཆོག་ལ་ཕུལ་ཡོད་པ་མ་རེད། བཅའ་ཁྲིམས་འགྱུར་བ་ཕྱིན་པ་གཞིར་བཟུང་དམ་འབུལ་དེ་ཁྲིམས་དཔོན་ལ་ཕུལ་བ་དེ་ནི་རྣམ་པ་ཚོས་ཐུགས་གཏན་ཁེལ་བའི་བཅའ་ཁྲིམས་གཞིར་བཟུང་ཕུལ་བ་ཡིན། སྤྱིར་ཆོས་ལུགས་རིས་མེད་ལ་འགྲེལ་བཤད་འདྲ་མིན་སྣ་ཚོགས་ཡོད་པ་རེད། ཆོས་བྱེད་མཁན་གྱིས་སྲིད་འཛིན་པ་དང་ཆོས་ལུགས་ཤིག་གིས་སྲིད་འཛིན་པ། གཞུང་ཞིག་གིས་ཆོས་ལུགས་དང་ཆོས་རྒྱུད་ཅིག་ལ་འཁྱོག་བཤད་ཀྱི་ཐོག་ནས་སྲིད་འཛིན་པ་དེ་འདྲ་ཞིག་ལ་གོ་བ་ལེན་བཞིན་ཡོད་པ་རེད། ད་ལྟ་ངས་ཆོས་ལུགས་རིས་མེད་ཟེར་བ་དེ་ག་འདྲ་ཞིག་ཡིན་ཟེར་ན། གཞུང་དང་སྒྲིག་འཛུགས་གང་ཡིན་ཡང་ཆོས་ལུགས་དང་ཆོས་རྒྱུད་ལ་དབྱེ་འབྱེད་མི་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན། ཆོས་རྒྱུད་དང་ཆོས་ལུགས་གཞན་ལ་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ཀྱི་ཡོད་མེད་སྐོར་ལ་ངས་ལག་པ་འཆང་གི་མེད། དབྱེ་འབྱེད་མི་བྱེད་མཁན་ཟེར་དུས་དབྱེ་བ་འབྱེད་ཀྱི་མིན་ཞེས་བརྗོད་བཞིན་ཡོད་པ་ལས། ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡིན་ཞེས་བརྗོད་ཀྱི་མེད ” ཅེས་བཀའ་ལན་གནང་སོང་།

 

ཡང་བསྐྱར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་དཔལ་ལྡན་བཀའ་ཁྲི་མཆོག་གིས་ངས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་༸གོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐབས་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན་གསུངས་པ་དེ་ནི། ༧གོང་ས་མཆོག་ལ་ཕུལ་བ་ཞིག་ལས་བཅའ་ཁྲིམས་བསྐྱར་བཅོས་བྱས་མིན་ལ་འབྲེལ་མེད་སྐོར་དང་། དམ་འབུལ་གཏམ་བཤད་ཀྱི་དགོངས་དོན་ལྟར་ན་སྔོན་མ་གནང་མ་ཐུབ་པ་ཞིག་ད་རེབ་ནན་པོ་དང་བརྟན་པོའི་ཐོག་ནས་བསྒྲུབ་རྒྱུར་དམ་བཅའ་ཕུལ་བ་ཞིག་ལ་གོ་དགོས་པས་དེ་ལ་གསལ་བཤད་ཅིག་གནང་རོགས་ཞེས་བརྗོད་པར། བཀའ་ཁྲི་མཆོག་གིས་ “ སྔོན་མ་བཅའ་ཁྲིམས་ནང་དུ་མེད་པ་ཞིག་ངས་འགྱུར་བ་གཏོང་གི་ཡིན་ཞེས་ཁས་ལེན་གནང་མེད། ཆོས་ལུགས་རིས་མེད་ཀྱི་འགྲེལ་བཤད་དེའི་སྒང་ལ། ཆོས་ལུགས་དང་ཆོས་རྒྱུད་ལ་གཞུང་དང་སྒྲིག་འཛུགས་ཀྱི་ཐོག་ནས་དབྱེར་མེད་བྱ་རྒྱུ་ཡིན་ཞེས་བརྗོད་པ་དེ་ནི། ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནང་དབྱེར་མེད་གནང་བཞིན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད། དེ་ལྟར་ངོས་འཛིན་གནང་གི་ཡོད་པའི་ཆ་ནས་འཆར་གཞི་གསར་བ་དགོས་དོན་མེད་པར། ད་ལྟ་གང་ཡོད་པ་དེ་ལག་ལེན་བསྟར་ཆོག་པ་ཞིག་ལ་མཐོང་གི་ཡོད།” ཅེས་བཀའ་ལན་གནང་སོང་།

 

དེའི་རྗེས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས “ བཀའ་བློན་ཁྲི་པ་མཆོག་གིས་བཀའ་ལན་གནང་སྐབས། ཆོས་རྒྱུད་ཀྱི་ཐོབ་ཐང་འདྲ་མཉམ་མིན་པ་ལ་ལག་པ་འཆང་རྒྱུའི་དགོངས་གཞི་མེད་ཅེས་གསུངས་ཡོད་སྟབས། བཀའ་བློན་ཁྲི་པ་ཡིན་པས་ངོས་ནས་མི་མང་གི་ཐོབ་ཐང་དང་། ཆོས་རྒྱུད་ཀྱི་ཐོབ་ཐང་། ཆོས་ལུགས་ཀྱི་ཐོབ་ཐང་། མདོར་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ནང་ཡོད་པའི་ཆ་སྙོམས་ཀྱི་ཐོབ་ཐང་ཚང་མའི་སྟེང་ལ་བཀའ་ཁྲི་མཆོག་གིས་གཟིགས་རྟོགས་གནང་དགོས་པ་ཞིག་ལ་གཟིགས་ཀྱི་ཡོད་དམ ” ཞེས་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས་ “ གོང་དུ་ཆོས་ལུགས་རིས་མེད་ཀྱི་འགྲེལ་བཤད་སྐབས་བརྗོད་ཟིན་པ་ལྟར། གཞུང་དང་སྒྲིག་འཛུགས་ཀྱི་ངོས་ནས་ཆོས་ལུགས་འདྲ་མིན་ཚང་མར་དབྱེ་འབྱེད་བྱ་རྒྱུ་མིན་ཞེས་རྗོད་ཀྱི་ཡོད་པ་མ་གཏོགས། ཐོབ་ཐང་འདྲ་མཉམ་སྤྲོད་རྒྱུ་ཡིན་ཞེས་ལབ་མེད།  ཐོབ་ཐང་འདྲ་མཉམ་སྤྲོད་དང་མི་སྤྲོད་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལག་ཏུ་ཡོད་པ་རེད ” ཅེས་ལན་འདེབས་གནང་སོང་།

 

ཡང་བསྐྱར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་མེད་པ་ཡིན་ན། དབྱེ་འབྱེད་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་མ་རེད་དམ་ཞེས་དྲིས་པའི་ལན་དུ། བཀའ་ཁྲི་མཆོག་གིས་ “དབྱེ་འབྱེད་བྱེད་ཀྱི་མེད་ཞེས་པ་དང་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡིན་ཞེས་པ་དེ་གཉིས་ཁྲིམས་ཐོག་ནས་ཐ་དད་ཡིན་པར་ངོས་འཛིན་བྱ་དགོས་པ་རེད། སྒྲིག་འཛུགས་ཀྱི་ལས་འགན་དེ་དབྱེ་འབྱེད་མ་བྱས་པའི་ཐོག་ནས་ཆོས་ལུགས་རིས་མེད་དང་། དེ་བཞིན་ཕོ་མོ་གང་ཡིན་ཡང་དབྱེ་འབྱེད་མེད་པའི་ཐོག་ནས་གནང་དགོས་ཀྱི་ཡོད་པ་རེད། ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ཀྱི་ཡོད་པ་རེད་ཟེར་བ་དེ་ནི་ཁྲིམས་གཞི་ཞིག་གཏན་འབེབས་བྱས་པའི་ཐོག་ནས་ཐོབ་ཐང་འདྲ་མཉམ་བཟོ་དགོས་པ་རེད། ངས་དབྱེ་འབྱེད་བྱེད་ཀྱི་མིན་ (Discriminate) ཞེས་རྗོད་ཀྱི་ཡོད་པ་ལས། ཐོབ་ཐང་འདྲ་མཉམ་(Equal Rights)སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད་པ་མ་རེད ” ཅེས་བཀའ་ལན་གནང་སོང་།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 42

  1. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    དེ་རིང་ཆོས་ཚོགས་སྐབས་བཅུ་གཅིག་གི་དབུ་འཁྲིད་མཁས་དབང་རྣམ་པ་ཞུ་རྒྱུ། ཇོ་ནང་དེ་ཆོས་ལུགས་གཅིག་གི་ཐོབ་ཐང་ཆ་ཚང་སྤྲད་པའི་རེ་བ་ཡོད། ཆོས་ལུགས་གི་ལྟ་ས་གཙོ་བོ་གཞི་ལམ་འབྲས་གསུམ་གྱི་བལྟ་གྲུབ་རེད། དེ་ནི་ཇོ་ནང་ལ་ཡོད་པ་ཡོངས་གྲགས་རེད། མ་གཞི་ས་སྐྱ་ངར་ཤུགས་ཆེ་བའི་དེ་ལ་བརྟེན་ནས་བཀའ་ཁྲི་གཙོ་བའི་ཚོགས་མི་རྣམ་པའི་དྲང་བདེན་ལམ་ལ་འགྲོ་ཐུབ་གི་མེད་པ་འདྲ་ཤ་ཚ་སྙིང་རྗེ་འཁོར་བ་རང་རེད་ཤག ནང་ལོག་དེ་འདྲ་ཡིན་ན་ཕྱི་དགྲ་རྒྱ་ནག་ལ་ཁ་ཐད་ག་འདྲ་སེ་སྨིན་ལམ་རང་རེད།

    Reply
  2. ཐུབ་བསྟན། says:
    ལོ་ 14 སྔོན།

    མཁྱེན་ནོ་བླ་མ་བཟང་པོ་མཁྱེན་ནོ། །
    བླ་མ་དག་མ་བློ་སེང་མཁྱེན་ནོ། །
    མ་གྱུར་མཁའ་ཁྱབ་སེམས་ཅན་ཐམས་ཅད། །
    ཐར་བའི་ཞིང་དུ་འདྲེན་པར་མཛོད་ཅིག །

    Reply
  3. ཐུབ་བསྟན། says:
    ལོ་ 14 སྔོན།

    ཐོབས་ཤིག་ཐོབས་ཤིག་བཀའ་ཁྲིས་ཕྱག་ཕྱག་མོ་ཐོབས། །
    རང་བཙན་ག་དུས་རག་མིན་ཕྱག་མོ་ཐོབས། །
    བོད་དུ་ག་དུས་སླེབས་མིན་ཕྱག་མོ་ཐོབས། །
    འགལ་རྐྱེན་འཕྲད་ངོ་ཤར་ཚེ་ཞབས་རིམ་སྒྲུབས། །

    Reply
  4. ཐུབ་བསྟན། says:
    ལོ་ 14 སྔོན།

    བཀའ་ཁྲིས་ཕྱག་འཕྲེང་བསྣམས་པ་མཇལ་ཚེ། །
    སེམས་ཀྱི་གཏིང་ནས་དད་པ་སྐྱེས་བྱུང་། །
    ཞལ་རིས་ནག་འགྲོགས་ཆགས་པ་དེ་ཡང་། །
    འདྲེ་ཞིག་གཟིགས་པ་ཨེ་ཡིན་བསམ་སོང་། །

    Reply
  5. ཐུབ་བསྟན། says:
    ལོ་ 14 སྔོན།

    ངས་བལྟས་ན་བློ་སེང་འདི་ཆོས་པ་ཞིག་ཡིན་པར་མ་ཟད། སྤྲུལ་སྐུ་ཞིག་ཡིན་ས་རེད། དེ་སྔོན་སྐབས་༡༣པའི་གྲོས་ཚོགས་ནང་སྨྲ་ཁམས་བསོད་ནམས་སྟོབས་རྒྱལ་གྱིས་ཀྱང་གྲོས་ཚོགས་ནང་ལག་ཏུ་ཕྲེང་བ་ཁྱེར་ཏེ། ཁ་ནས་མ་ཎི་འདོན་ཞོར། སེམས་ཀྱིས་ཆབ་སྲིད་བསམ། རྣ་བས་གཏམ་བཤད་ལ་ཉན་རབས་ཡོད་པ་ལྟར། དེང་སྐབས་བློ་སེང་གིས་ཀྱང་ད་ནས་དེ་ལྟར་གནང་ངེས་རེད། དེའི་ཕྱིར་ཁོང་སྨྲ་ཁམས་བསོད་ནམས་སྟོབས་རྒྱལ་གྱི་མ་འདས་སྤྲུལ་སྐུ་ཡིན་ས་མ་རེད་དམ།

    འཁྲོབ་ཅིག་འཁྲོབ་ཅིག་བཀའ་ཁྲིས་ཆོས་རྫུན་འཁྲོབ། །
    ད་ནི་ཁྱེད་ཀྱིས་འཁྲབ་པའི་དུས་ལ་བབ། །
    བླ་རྫུན་སྤྲུལ་རྫུན་འཁྲོབ་ལ་ཡོན་བདག་འཚོལ། །
    མོ་རྫུན་ལུང་རྫུན་ཤོད་ལ་སྒོར་མོ་སོགས། །

    དེ་རྗེས་ངེད་ཅག་འབངས་མི་རྣམས་ཀྱང་འཁྲབ། །
    རང་རེ་ཀུན་ཀྱིས་ཉིན་འཁྲབ་མཚན་འཁྲབ་བྱེད། །
    འཁྲབ་དཔོན་བཀའ་ཁྲི་བློ་སེང་ཁྱེད་རང་ཡིན། །
    འཁྲབ་མཇུག་འབངས་མི་ངེད་ཅག་རྣམས་ཀྱིས་སྐྱོངས། །

    Reply
  6. གཡག་རྒོད says:
    ལོ་ 14 སྔོན།

    “དབྱེ་འབྱེད་མི་བྱེད་མཁན་ཟེར་དུས་དབྱེ་བ་འབྱེད་ཀྱི་མིན་ཞེས་བརྗོད་བཞིན་ཡོད་པ་ལས། ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡིན་ཞེས་བརྗོད་ཀྱི་མེད” འདི་ནང་འགལ་མ་རེད་དམ། ཐོབ་ཐང་འདྲ་མཉམ་མ་སྤྲད་ན་དབྱེ་འབྱེད་བྱས་པ་མ་རེད་དམ།

    Reply
  7. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོའི་གཟིགས་དང་དབུས་གཙང་སྤྱི་འཐུས་ཟླ་བ་ཕུར་སྐྱེད་ལགས་ཀྱི་ཡང་ནད་རྙིང་ལྷང་གི་འདུག་ཧཧཧཧཧ།
    ཡང་ཉིན་འགག་སྒུག་དང་ལྟས་མོ་འདུག་མ་ཚད་སྤྱི་འཐུས་ཚོའི་མྱོག་གླེང་རིགས་མི་ཡོང་བའི་འགན་འཁུར་གནང་དགོས་པ་ནི་ཤིན་དུ་ནས་གལ་འགང་ཆེ་།
    ཨོ་ཨོ་ད་དུང་ཟླ་བ་ཚེ་རིང་ལྟས་མོ་འདུག་

    Reply
  8. མང་ཐོས། says:
    ལོ་ 14 སྔོན།

    བཀའ་ཁྲིས་གསུང་ལན་ཡག་པོ་གནང་འདུག ཆོས་ལུགས་ཆོས་རྒྱུད་ཀྱི་ཐོབ་ཐང་འདྲ་མཉམ་སྤྲོད་མིན་གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཐག་ཆོད་བྱེད་པ་ལས་འཛིན་སྐྱོང་ལ་དེ་ཙམ་འབྲེལ་བ་མེད།
    བཀའ་ཁྲི་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །

    Reply
  9. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བློ་སེང་གི་གཏམ་ལན་ལ་ངོས་རང་ཡིད་མགུ་མ་སོང་ཞུ་རྒྱུ་ཡིན། སྤྱིར་ཁྱེད་རང་ཁག་མེད། དྷ་རམ་ས་ལའི་ཆབ་སྲིད་ཁོར་ཡུག་འདི་ལ་ཉམས་མྱོང་ཞེ་དྲག་མེད་པར་སོང་བས་རེད། འདི་ནི་ཁྱེད་རང་གི་དྷ་སའི་གྲོས་ཚོགས་ནང་དུ་ཀ་རྟགས་ཅན་གྱི་དྲིས་ལན་གནང་བ་ཐོག་མ་དེ་ཡིན་ཙང་ཉམས་མྱོང་ཙམ་རེད། ག་ལེར་ཡར་རྒྱས་འགྲོ་གིན་རེད། ཨའུ་ཙམ་རེད། ད་དུང་སྤྱི་མཐུས་བསྟན་འཛིན་མགོན་པོ་དང་སྨོན་ལམ་མཐར་ཕྱིན་དང་གཡུང་དྲུང་རྒྱལ་མཚན་སོགས་ཀྱི་དྲི་བ་གཞི་ནས་སླེབས་རྒྱུ་ལྷག་ཡོད་པས་སྔ་སོར་ནས་གྲ་འགྲིག་དགོས་པ་རེད།

    Reply
  10. མང་ཐོས། says:
    ལོ་ 14 སྔོན།

    བཀའ་ཁྲིའི་གསུང་ལན་ཡག་པོ་གནང་འདུག ཆོས་ལུགས་ཆོས་རྒྱུད་ཀྱི་ཐོབ་ཐང་འདྲ་མཉམ་སྤྲོད་མིན་གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཐག་ཆོད་བྱེད་པ་ལས་འཛིན་སྐྱོང་ལ་དེ་ཙམ་འབྲེལ་བ་མེད་
    བཀའ་ཁྲི་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ། །

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་ཆེན་ཚོས་སྟག་སེང་ཁ་འཐབ་ཀྱི་བར་ནས་བཀའ་ཁྲི་དང་སྤྱི་འཐུས་ཟེར་བ་དེ་ནར་མ་སོན་པའི་བྱིན་པ་ཉམས་ཆུང་ཞིག་རེད།དྲ་གྲོགས་ཚོས་གནས་ཚུལ་འདི་མ་ཤེས་ན་བཙན་བྱོལ་ནང་གི་ཆབ་སྲིད་དང་འགྲོ་སྟངས་མ་ཤེས་པ་རེད།

    Reply
  12. ཨ་མའི་བུ། says:
    ལོ་ 14 སྔོན།

    ཆོས་ལུགས་ཚང་མ་ལ་ཐོབ་ཐང་གང་ཡོད་པ་དེ་ནི་རག་འདུག་་་་་ད་དུང་ཐོབ་ཐང་འདྲ་མཉམ་དགོས་ཞེས་པའི་དོན་གང་རེད། ཆོས་མི་ཤེས་མཁན་གྱི་མཁན་དབང་ཚོ་དང་པོ་ཆོས་ཤེས་ནས་དོགས་གཅོད་གནང་ན་ལེགས།

    Reply
  13. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    ཆོས་ལུགས་དད་པ་རང་དབང་ནི་བོད་པ་རྣམས་ལ་བཅའ་ཁྲིམས་རིན་པོ་ཆེས་སྤྲད་ཡོད། ད་བོད་པ་ཚང་གི་སྤྱི་མཐུས་གྲོས་ཚོགས་ཀྱི་ནང་དུ་བརྗོད་གཞི་དོ་གལ་ཅན་ཞིག་ཨི་ཡོད་ན་བསམ་གྱི་འདུག སྤྱི་མཐུས་གྲོས་ཚོགས་ཀྱི་འགྲོ་སྟངས་ཀྱིས་ཀླད་པ་ཚོས་པའི་ཀརྨ་ཆོས་འཕེལ་ལགས་ཀྱིས་དྲི་བ་དེས་ད་དུང་ནད་རོ་རྙིང་པ་སྔོན་བཞིན་སློང་ནས། དོག་པ་མེད་པའི་དོག་པ། ཆོད་རྒྱུ་མེད་པའི་ཆོད་ཆོད་མཛད་ནས། རྙོག་དྲ་མེད་པའི་རྙོག་དྲ་སློང་རྒྱུའི་ངན་གཡོ་འམ། བརྗོད་གཞི་ཟད་པའི་ལམ་གྲོན་གྱི་རྙོག་དྲའི་ཟླ་བོར་ཉེ་བར་སོང་། བཀའ་ཁྲི་མཆོག་གིས། ཕྱག་ཕྲིང་བསྣམས་པ་དེ་བོད་ཀྱི་ལུགས་སྲོལ་ཡིན་མདོག་སྟོན་པ་ཡིན་རུང་། ཟིན་ཐོ་དང་། གྲོས་ཚོགས་ལ་གལ་གནད་དུ་བརྩིས་ཀྱི་མེད་པའི་བཟོ་བལྟ་གསལ་པོ་རེད

    Reply
  14. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    བོད་མི་རབ་གསར་བའི། སྲིད་སྐྱོངས་བློ་བཟང་སངྒེ་ལགས།
    ཁྱེད་ཀྱི་ང་ངོ་ཤེས་ཀྱི་མ་རེད། ཡིན་ན་ཡང་ང་ནི་ཁྱེད་ལ་འོས་ཤོག་ཐོབ་ཆེད་འབད་པ་ཆེན་པོས་བརྩོམ་ཡིག་སྤེལ་མཁན་ཞིགཡིན། ཁྱེད་ལ་རེ་བ་ཆེན་པོ་ཞིག་བཞག་ཡོད།
    འོན་ཀྱང་། ཁྱེད་ཀྱིས་ཆོས་ལུགས་རིས་མེད་བྱེད་རྒྱུ་ཡིན་ཟེར་བ་དང་། ཁྱེད་ཀྱིས་ཆོས་ལུགས་རིས་མེད་ཟེར་བ་ངས་དབྱེ་འབྱེད་བྱེད་ཀྱི་མིན་དེའི་དོནDiscriminate ཞེས་རྗོད་ཀྱི་ཡོད་པ་ལས། ཐོབ་ཐང་འདྲ་མཉམ་(Equal Rights)སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད་པ་མ་རེད ” ཅེས་བཀའ་ལན་གནང་བ་དེ་ནི་ཡིད་ཚིམ་ཞིག་དང་། དྲང་གཏམ་དང་སྤོབ་པ་ལྡན་པ་ཞིག་ཏུ་མ་མཐོང་། དེ་ནི་ཁྱེད་ཇོ་ནང་བའི་ཐོབ་ཐང་སོགས་ལ་ལག་པ་འཇུ་ཕོད་མེད་པ་འདྲ་བོ་སྣང་། གལ་ཏེ་ཡིན་ན་དེ་ལྟར་རྔངས་འཚབ་མི་དགོས་ལགས།
    འོ་ན་ཁྱེད་གྱིས་ཆོས་བརྒྱུད་ཐོབ་ཐང་འདྲ་མཉམ་ཡོད་ན་ལག་པ་འཆིང་རྒྱུ་མ་ཡིན། མེད་ན་ཡང་ལག་པ་འཆིང་རྒྱུ་མིན་ན། ད་དེའི་རྗས་སུ། ཁྱོད་གྱིས་ཆོས་ལུགས་རིས་མེད་བྱེད་རྒྱུ་ཡིན་ཟེར་བ་དེ་མིག་དང་རྣ་བ་ལ་སོགས་མེད་ཅིང་། ལག་པ་ཡ་གཅིག་དང་རྐང་བ་ཡ་གཅིག་མེད་པའི་མི་དབང་བོ་མ་ཚང་བ་འདྲ་བོ་ཞིག་ལས་ལྷག་མ་སོང་།
    དབང་བོ་རྣམ་ལྔ་དང་རྐང་ལག་མི་ཚངས་་བཞིན་དུ། དེ་རྗས་ཁྱོད་ཀྱིས་Discrimination ཟེར་བ་དེ་ལ་ཚིག་ཙམ་རྩོད་འདུག་པ་ལས། དོན་ལ་ཆོས་ལུགས་རིས་མེད་ཟེར་བའི་གོ་དོན་དེ་མ་ཚང་བ་མ་རེད་དམ།
    ཆོས་ལུགས་རིས་མེད་ཟེར་དུས། ྋགོང་ས་སྐྱབས་མགོན་ཆེན་པོའི་གནང་བ་བཞིན་དུ། ང་ཚོ་བོད་གངས་ཅན་གྱི་ཆོས་བརྒྱུད་དག་ལ་མཚོན་ན། སྙིང་ཐག་པ་ནས་བརྩི་བསྐུར་གཅིག་མཚུང་། རྩིས་མཐོང་འདྲ་མཉམ། ཐོབ་ཐང་འདྲ་མཉམ་སོགས་ཆ་ཤས་ཡོངས་སུ་རྫོགས་པ་ཞིག་ཡིན་དགོས་པ་ལས། ཆ་ཤས་རྣམ་མི་ཚང་བའི་ཆོས་ལུགས་རིས་མེད་བྱེད་ལུགས་དེ་དབང་བོ་རྣམ་ལྔ་མི་ཚང་བའི་མི་བཞིན་དུ་བཟང་ཕྱོགས་ཀྱི་གོ་མི་ཆོད་པ་ཞིག་མ་རེད་དམ།
    དེ་ཕྱིར་ད་ནས་བཟུང་སྲིད་སྐྱོངས་མཆོག་གིས་ཆོས་ལུགས་རིས་མེད་ཡང་དག་གིས་སྲིད་ཆོས་ཀྱིས་ཇོ་ནང་བ་སོགས་བོད་ཀྱིས་ཆོས་བརྒྱུད་ཆེན་པོ་དག་ལ་འདྲ་མཉམ་ཐོབ་ཐང་གནང་རོགས་ཞུ་རྒྱུ་ཡིན། །།

    Reply
  15. ཚེ་རིང། says:
    ལོ་ 14 སྔོན།

    ཆོས་ལུགས་ཆོས་བརྒྱུད་ཀྱི་ཐོབ་ཐང་ཟེར་དུས། མི་མང་པོ་ཞིག་གིས་ད་ལྟའི་སྐབས་ཇོ་ནང་ལ་སྤྱི་འཐུས་ཀྱི་ཐོབ་ཐང་ཡོད་མེད་གཅིག་པུར་གོ་བ་ལེན་གྱི་འདུག ཆོས་ལུགས་སམ་ཆོས་བརྒྱུད་ཅིག་ཐོབ་ཐང་གཙོ་བོ་སོ་སོ་ཆོས་ལུགས་སྦྱོང་དང་དང་པ་བྱེད་པ། ཁྱབ་སྤེལ་དང་སློབ་གཉེར་སྤྲོད་པ། སྒོམ་ཉམས་ལེན། རྗེས་འབྲང་པ་བསྡུ་རུབ་དང་དགོན་པ་གསར་འཛུགས། དེའི་ཆེད་དུ་དཔལ་འབྱོར་འདུ་འགོད་སོགས་ཀྱི་རང་དགོས། ཆོས་བརྒྱུད་སྤྱི་འཐུས་མེད་ན་ཆོས་དེ་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་མེད། གལ་སྲིད་ཇོ་ནང་ལ་སྤྱི་འཐུས་དགོས་ན་༧གོང་ས་མཆོག་གིས་བཀའ་གནང་བ་དང། ཡང་གྲོས་ཚོགས་ནས་གཏན་འབེབས་དགོས། ཆོས་བརྒྱུད་ཀྱི་སྤྱི་འཐུས་འདི་༧གོང་ས་མཆོག་གི་བཀའ་དགོངས་ལྟར་དང་ཐོག་ཆོས་བརྒྱུད་ཆེན་པོ་བཞི་ནས་སྤྱི་འཐུས་བདམ་པ་རེད། དེ་རྗེས་༡༩༧༠ ལོའི་ནང་༧གོང་ས་མཆོག་བོན་པོར་སྤྱི་འཐུས་དགོས་ཞེས་གསུངས་པས་དེ་ལྟར་བཀའ་གནང་བ་རེད།
    ཡིན་ཡང་ད་ལྟ་ཇོ་དེ་ཆོས་བརྒྱུད་ཅིག་ཡིན་མིན་ལ་ཆོས་ཚོགས་ཐོག་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་པ་རེད། ཞིབ་འཇུག་པ་ཆོས་བརྒྱུད་ཁག་གིས་བཏང་མེད་པས། ད་ལྟ་ཅི་བྱེད་འདི་བྱེད་མེད་པར་ཆོས་དོན་ལས་ཁུངས་ལྷག་འདུག །

    Reply
  16. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ༈སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་གྱིས་ཁོང་རང་གི་ལས་གནས་དང་ཐོབ་ཐང་ངོས་ཟིན་གྱི་མེད་པ་མ་ཟད། ཆེས་མཐོའི་སྲིད་སྐྱིོང་སྡེ་ཚན་ཁྲིམས་ལག་བསྟར་བྱེད་མཁན་ལས་ཁྲིམས་བཟོ་ཁང་མིན་པའི་གནས་ལུགས་དེ་ད་དུང་རྟོགས་ཀྱི་མེད་པ་འདྲ། ཅི་སྟེ་བཙན་བྱོལ་སྤྱི་ཚོགས་ནང་གལ་སྲིད་ཐོབ་ཐང་འདྲ་མཉམ་གྱི་ཕྱོགས་སུ་འཐུས་ཤོར་གང་ཡོད་ན་སྤྱི་འཐུས་ལ་རག་ལས་པ་ལས་བཀའ་ཤག་སྡེ་ཚན་ལ་འབྲེལ་བ་མེད་པའི་དངོས་ཡོད་གནས་ལུགས་མ་གཏོགས་པ་ཡིན་ནམ་ཡང་ན་འདྲི་བ་དེ་དག་གི་རྒྱབ་ལྗོངས་ན་དམིགས་ཡུལ་གཞན་ཞིག་ཡོད་པ་གང་ཤེས།

    Reply
  17. ཤག་སྒང་པ། says:
    ལོ་ 14 སྔོན།

    ཀརྨ་ཆོས་འཕེལ་གྱི་དྲི་བ་དང་པོ་དེ་ཆོས་རྒྱུད་ཀྱི་ཐོབ་ཐང་སྐོར་མ་གླེང་ཀ་མེད་རེད།

    Reply
  18. བོད་པ་ says:
    ལོ་ 14 སྔོན།

    འདི་ན་དོལ་རྒྱལ་རྩོད་གི་ཡོད་པ་རེད། ལོ་ལོ་ཚོས་མི་ཤེས་ན་ཁག་མེད་ཁུ

    Reply
  19. བྱིལ་ཕོ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་ཆོས་ལུགས་དབྱེ་འབྱེད་དང་། ཐོབ་ཐང་འདྲ་མཉམ་སྤྲོད་རྒྱུའི་ཕྱག་མོ་ཞིག་བཏབ་སོང་། སེངྒེ་དཀར་མོ་ཁྲི་ལ་བཞུགས། །སེང་གཡུ་རྭ་རྒྱས་ཤིང་དགྲ་ལྷ་འཁོར། །གཞི་ཕྱྭ་འགྱུར་ལྡོག་མེད་པར་སྟོན། །ཞུ་བ་ཨི་གནང་གཏན་ཆ་མེད། །བློ་ཕྱ་བཟང་ཡང་ཐག་མི་ཆོད། །མགྲོན་པོ་ཟླ་བ་རྨོག་རུ་གཉིས། །ཤུལ་སྡོད་ཆེ་བས་གྲོས་ཚོགས་དཀའ། །གདོན་དུ་རྒྱ་འདྲེའི་ཉུལ་མས་གདོན། །གདོན་ཁྲོལ་འཕྲལ་དུ་གཏང་ན་བཟང་། །

    Reply
  20. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་ཨ་མདོས་སྤྱི་འཐུས་ཁ་གྲགས་མཁན་ཞིག་འདེམས་འདུག སྐུ་ངོ་རྨོག་རུ་བསྟན་པས་ཁ་གྲགས་པ་ཙམ་ལ་བཀྲ་ཤིས་བདེ་ལེགས་ཡོད།

    སྤྱིར་དྲི་བ་འདི་ཁྲིམས་བཟོ་ལྷན་ཚོགས་རང་ངོས་སམ་སྤྱི་འཐུས་གང་རུང་ཞིག་གིས་གྲོས་གཞི་བཏོན་ནས་ཁྲིམས་ཆགས་རྗེས། ད་གཟོད་སྡེ་སྲིད་བློ་སེང་གིས་ལག་བསྟར་བྱེད་མིན་ལ་ཐུག་ཡོད་པ་དང་། གལ་སྲིད་ལག་བསྟར་མ་གནང་ཚེ་དྲི་བས་བསྒོག་དགོས་པ་ཞིག་རེད། དེ་བས། སྐུ་ངོ་རྨོག་བསྟན་ལགས་ཀྱིས་གྲོས་གཞི་དེ་གྲོས་ཚོགས་ནང་འདོན་འོས་པའང་གསལ་བོ་རེད།

    སྡེ་སྲིད་བློ་སེང་ལགས་ཀྱིས་ཕྱག་ཕྲེང་བསྣམས་ནས་ཆོས་འདོན་གྱི་ཡོད་མདོག་མདོག་སྟོན་སྟངས་དེ་གཅིག་ནས་འཁྲབ་སྟོན་ཞིག་རེད། གཉིས་ནས་གཞུང་དོན་འཐུས་ཤོར་རམ། སྤྱི་དོན་ལ་དམིགས་པ་གཏད་ཀྱིན་མེད་པའི་མཚོན་རྟགས་ཤིག་རེད། དེ་མ་གཏོགས་གོང་ས་མཆོག་ལས་ཆོས་པ་ཞིག་ཡོད་པ་མ་རེད་ལ། ཁོང་གི་ག་དུས་གཞུང་གི་ཚོགས་འདུའི་སྟེང་ནས་ཕྱག་ཕྲེང་བསྣམས་ནས་ཆོས་འདོན་ཞོར་དང་བཀའ་མོལ་གནང་ཞོར་གནང་བཞིན་འདུག་གམ།

    ཡང་ཅིག་བཤད་ན། ཆོས་འདོན་ན་ཞོགས་པ་ལས་ཁུངས་མ་ཚུགས་པའི་ཡར་སྔོན་དང་ལས་ཁུངས་གྲོལ་རྗེས་ད་གཟོད་མ་ཎི་འཁོར་ཆེན་བསྣམས་ནས་གངས་སྐྱིད་ལ་བསྐོར་བ་གནང་གི་ཡིན་ནའང་སྡེ་སྲིད་མཆོག་གི་རང་དབང་རེད་ལ། གཞོན་སྐྱེས་ཚོར་མི་དཔེའང་རེད། དེ་མགཏོགས་གྲོས་ཚོགས་ནི་སྤྱི་དོན་བགྲོ་གླེང་གནང་ས་ལས་ཆོས་འདོན་ས་མ་རེད།

    Reply
  21. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “ངས་དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་དམངས་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་༸གོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐབས་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན” ཞེས་པའི་དམ་འབུལ་གསུང་བཤད་ཀྱི་ཚིག་དུམ་འདི་སྐབས་འདིའི་དྲི་བའི་གཙོ་ཚིག་རེད།
    “ད་ལྟ་ངས་ཆོས་ལུགས་རིས་མེད་ཟེར་བ་དེ་ག་འདྲ་ཞིག་ཡིན་ཟེར་ན། གཞུང་དང་སྒྲིག་འཛུགས་གང་ཡིན་ཡང་ཆོས་ལུགས་དང་ཆོས་རྒྱུད་ལ་དབྱེ་འབྱེད་མི་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན། ཆོས་རྒྱུད་དང་ཆོས་ལུགས་གཞན་ལ་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་ཀྱི་ཡོད་མེད་སྐོར་ལ་ངས་ལག་པ་འཆང་གི་མེད། དབྱེ་འབྱེད་མི་བྱེད་མཁན་ཟེར་དུས་དབྱེ་བ་འབྱེད་ཀྱི་མིན་ཞེས་བརྗོད་བཞིན་ཡོད་པ་ལས། ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡིན་ཞེས་བརྗོད་ཀྱི་མེད ”ཅེས་པ་འདི་བཀའ་ལན་གྱི་གཙོ་ཚིག་རེད།
    གནད་དོན་ནི། ད་བར་ལ་གཞུང་གིས་ཆོས་ལུགས་དང་ཆོས་བརྒྱུད་དག་རིས་མེད་གནང་ཡོད་མེད་དང། མེད་ན་ཇི་ལྟར་མེད་ཚུལ་སྐོར་གསལ་བཤད་གནང་དགོས་ངེས་ཤིག་དང། གནད་དོན་འདི་ཁྲིམས་ཐོག་གི་སྐད་ཆ་ཞིག་མིན་པར་འཛིན་སྐྱོང་ཁྲི་པས་ངེས་པར་ལག་བསྟར་བྱ་རྒྱུའི་དམ་འབུལ་ཞིག་ཡིན་པས། སེམས་དང་ངག་གཉིས་ནས་རིས་མེད་བྱས་ཀྱང་ལག་ཐོག་ནས་རིས་མེད་ཀྱི་རྣམ་པ་སྟོན་རྒྱུ་མེད་སོང་ན་དམ་འབུལ་དེ་ལ་སྙིང་བོ་མེད་པ་འདྲ་བོ་ཞིག་ཆགས་པ་རེད། དམངས་གཙོ་དང་འདྲ་མཉམ་ཟེར་བ་འདི་དག་དངོས་སུ་སྤྲོད་རྒྱུ་དང་བྱེད་རྒྱུ་ཞིག་རེད་མ་གཏོགས་བཤད་རྒྱུ་ཙམ་ཞིག་མ་རེད། གལ་ཏེ་བཤད་པ་དང་ཁྲིམས་ཐོག་ལ་ཡོད་པ་ཙམ་གྱིས་འཐུས་ན་རྒྱ་ནག་གཞུང་གིས་བཤད་པ་ཚང་མར་ཡང་ངོས་ལེན་བྱེད་དགོས།
    ངས་བལྟས་ན་སྲིད་སྐྱོང་ཁྲི་པའི་ཐུགས་ལ་ཆོས་ལུགས་སམ་ཆོས་བརྒྱུད་ཁག་ལ་ཐོབ་ཐང་འདྲ་མཉམ་མིན་པ་ཞིག་དགོངས་ཀྱིན་འདུག་སྙམ། དེ་ལྟར་ལགས་ཚེ་ཐོབ་ཐང་འདྲ་མཉམ་ཡང་སྤྲོད་དགོས་པ་དང་དེ་ཡང་གྲོས་ཚོགས་ཀྱིས་གནང་རྒྱུར་བཀའ་སྐུལ་གནང་ན་ཏག་ཏག་རེད། སྤོབས་པ་སྐྱེད་ཅིག
    ཡང་གཅིག་བཤད་ན། དབྱེ་འབྱེད་བྱས་པ་མི་སྐྱོན་ཐོབ་ཐང་འདྲ་མཉམ་སྤྲད་ན་དེས་འགྲིགས། ཆོས་ལུགས་མི་འདྲ་བ་སོ་སོ་ཡིན་པས་དེ་ལ་དབྱེ་བ་ཅིས་ཀྱང་འབྱེད་འོས། འོན་ཀྱང་དེ་དག་ལ་ཐོབ་ཐང་འདྲ་མཉམ་སྤྲོད་དགོས། འདི་དམངས་གཙོའི་རྩ་དོན་རེད། ཟེར་ན་བཀའ་ལན་ཅི་ཡོད་དམ།

    Reply
  22. སེམས་དཀར། says:
    ལོ་ 14 སྔོན།

    ངས་འུ་ཚང་གི་བཀའ་ཁྲིས་ལན་ཅི་ཞིག་འདེབས་བཞིན་ཡོད་པ་བཀའ་ཁྲི་རང་གིས་ཤེས་ཀྱི་མེད་ཀི་བསམ་གི འོན་ཀྱང་ཁོང་གིས་བོད་གཞུང་གིས་ཇོ་ནང་ཐོག་འཛིན་པའི་སྲིད་བྱུས་མ་འགྲིག་པ་གསལ་བོར་བཟོས་སོང་། གང་ཡིན་ཟེར་ན། བཀའ་ཁྲིས་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་ལན་འདེབས་སྐབས། ༼གཞུང་ཞིག་གིས་ཆོས་ལུགས་དང་ཆོས་རྒྱུད་ཅིག་ལ་འཁྱོག་བཤད་ཀྱི་ཐོག་ནས་སྲིད་འཛིན་པ་དེ་འདྲ་ཞིག་ལ་གོ་བ་ལེན་བཞིན་ཡོད་པ་རེད།༽ཅེས་བཤད་པ་དེ་རེད།
    དེས་ན་ཁོང་གི་རིང་ཇོ་ནང་ཆོས་རྒྱུད་ལ་ཐོབ་ཐང་སྤྲོད་འདོད་ཡོད་པ་འདྲ། འདི་ཁ་དོན་མཚུངས་ན་རླབས་ཆེན་རེད། ཆིག་སྒྲིལ་ཟེར་བ་དེ་འདི་འདྲ་ནས་མགོ་བཙུགས་དགོས་རེད།

    Reply
  23. རིག་འཛིན། says:
    ལོ་ 14 སྔོན།

    རྒྱུ་མཚན་དང་ལུང་རིགས་ལ་གཞི་བཅོལ་་་་མཁས་པའི་རྣམ་དཔྱོདཀྱི་རྩལ་སྟོན་ནས་་་སྐྱོན་ཡོན་དབྱེ་ཞིབ་གནང་ན་་་ཆོསདང་་་ཆབ་སྲིད་གང་ནས་བཤད་ན་བཟང་མོད།
    ཁྲིགས་དང་སྒྲིགས་གཞི་ཆབ་སྲིད་དང་ལམ་ལུགས་གང་ཡང་མི་ཤེས་པའི་མི་ངན་འགས་བཀའ་ཁྲི་དང་སྤྱི་མཐུས་ཚོར་སྐྱོན་བརྗོད་དང་དམར་འབེབས་བྱེད་པ་འདི་ཚོ་མཐོང་དུས་དངོས་གནས་སེམས་གཏིང་ནས་དགོད་བྲོ་ཡོང་གིན་འདུག།
    ད་དུང་ཡིད་སྐྱོ་བ་ཞིག་ལ་འདི་འདྲ་བཤད་མཁན་མང་ཆེ་ཤོས་་་་་གཞན་མི་རིགས་ཀྱི་སྐད་ཡིག་ཕར་བཞག་་་་་རང་ཉིད་ཀྱི་སྐད་ཡིག་གི་གནས་ཚད་ཀྱང་སྐྱོ་པོ་ཞེ་དྲགས་རེད་འདུག།

    Reply
  24. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    བཀའ་ཁྲིས་གྲོས་ཚོགས་ནང་དུ་མ་ཎི་བགྲང་། །སྤྱི་འཐུས་རེ་ཟུང་གྲོས་ཁང་སྙན་ངག་འབྲི། །ལིང་ཧྲན་མཚོ་གླིང་དཔའ་རྒོད་དེ་དག་གི །ལོ་རྒྱུས་གཞན་ཞིག་འདི་ནས་འབྲི་མགོ་བརྩམས། །

    Reply
  25. ཚང་མ། says:
    ལོ་ 14 སྔོན།

    རྣམ་པ་ལྷན་རྒྱས་ཚང་མ་ལ་ཚིག་ཁ་ཤས་ཞིག་ཞུ་འདོད་བྱུང་། ད་རེས་ཀྱི་གྲོས་ཚོགས་སྟེང་ཆོས་ལུགས་རིས་མེད་དང་ཆོས་ལུགས་ཀྱི་ཐོབ་ཐང་སྐོར་ལ་དྲི་བ་དྲིས་ལན་གནང་བ་དེར་ཞིབ་འཇུག་དང་ཆོས་ལུགས་རིས་མེད་ཀྱི་དོན་དང་། ཐོབ་ཐང་སྐོར་ལ་དཔྱད་ཞིབ་གནང་ན་རང་གཞན་ཚང་མ་ཕན་པ་ཡོང་རྒྱུ་ལས་དེ་མིན་རྒྱ་ཆ་འདི་འདྲ་ཞིག་བབས་མིན། ཞལ་རས་འདྲ་མི་འདྲ་ཆགས་མིན། ཚོར་བ་འདྲ་མི་འདྲ་སྐྱེས་མིན་སོགས་ལབ་བསྡད་ན་དྲ་ཐོག་འདིར་ཡོང་བའི་དགོས་པ་མ་ཚང་བ་རེད་བསམ། སྤྱིར་སྟངས་ཆོས་སྲིད་ཟུང་འབྲེལ་དང་ཆོས་ལུགས་རིས་མེད་ཞེས་སྔོན་ནས་ཚང་མས་ལབ་བསྡད་ཀྱི་ཡོད་པ་རེད། ཆོས་སྲིད་ཟུང་འབྲེལ་ཟེར་ན་ཆོས་དང་སྲིད་གཉིས་མཉམ་དུ་འགྲོ་མཁན་ཞིག་གམ་གཞུང་ཁོ་རང་ཡང་ཆོས་ཁས་ལེན་པའི་ཆོས་ལུགས་ཀྱི་གཞུང་ཞིག་ལ་གོ་བ་རེད། དེ་ནི་སྤྱིར་ཡག་པོ་ཡོད་པ་ཞིག་ཡིན་ནའང་། བྱང་ཆུབ་སེམས་དཔའ་མ་གཏོགས་སོ་སོ་སྐྱེ་བོ་ཞིག་ལམ་ཁ་དེའི་ཐོག་འགྲོ་རྒྱུ་ཁག་པོ་ཡོད་པ་རེད། དཔེར་ན་གཞུང་དེའི་དབུ་ཁྲིད་ཆོས་ལུགས་པ་ཞིག་སླེབས་པ་ཡིན་ན་གྲུབ་མཐའ་བྱེ་བྲག་པའི་ཁུངས་ནས་སླེབས་དགོས་ལ་གྲུབ་མཐའ་གཞན་དག་དང་ཆོས་ཁས་མི་ལེན་མཁན་ཚོས་ལྟ་ཚུལ་འདྲ་མིན་ཐོག་ནས་བྱ་སྤུ་གནོན་ཆགས་མི་ཐུབ། ལྷག་པར་དུ་ཆོས་ལུགས་ཁག་སོ་སོའི་བར་གྱི་གནད་དོན་ཆེ་མ་ཆུང་གསུམ་ཚང་མར་ཇུས་ཏོག་གནང་དགོས། དེ་ནི་རྩ་བ་བོར་ནས་ཡག་ག་ལ་འཇུ་བའི་སྣང་ཚུལ་ལས་གཞན་མེད། ཆོས་ལུགས་རིས་མེད་ཟེར་བ་གཞུང་ཁོ་རང་ལ་ཆོས་ལུགས་འདི་ཡིན་ཟེར་བ་མེད། དཔེར་ན་རྒྱ་གར་གཞུང་ལྟ་བུ་རེད། མདོར་ན་གཞུང་ཁོ་རང་ཆོས་དང་ཆོས་མེད་པ་གཉིས་ག་ཁས་ལེན་པ་ཡིན། དེར་བརྟེན་ཆོས་ཁས་ལེན་དང་མི་ལེན་མཁན་ཚང་མ་གཞུང་དེའི་འོག་བྱ་སྤུ་གནོན་ལྟ་བུ་རང་བཞིན་གྱིས་ཆགས་ཐུབ་པ་ཞིག་ཡིན།
    དེར་བརྟེན་གཞུང་ཁོ་རང་གིས་གཞུང་གི་རྩ་དོན་རྐྱང་བསྒྲུབ་རྒྱུ་ལས་ཆོས་ལུགས་དང་གྲུབ་མཐའ་བར་ལ་ཇུས་ཏོག་དེ་ཙམ་གནང་མི་དགོས། དེས་རྐྱེན་གྱིས་ཆོས་ལུགས་ཁག་ཚང་མས་རང་རང་སོ་སོའི་གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་ལས་ང་ཚོ་ལ་དམིགས་བསལ་གྱི་ཐོབ་ཐང་དགོས་སོགས་ཟེར་མི་ཐུབ།
    དེ་ཡང་༧་གོང་ས་མཆོག་གི་བཀའ་སློབ་སྙིང་གི་ནོར་བུ་ལས། ༼བུད་མེད་ཚོགས་པས་ཕྱོགས་སྒྲིག་བྱས་ནས་པར་བའི་དེབ་ཞིག་༽ད་ལྟ་ང་ཚོའི་གཞུང་འདི་ཆོས་སྲིད་ཟུང་འབྲེལ་ཡིན་ཡང་མ་འོངས་པ་ཆོས་ལུགས་རིས་མེད་ཀྱི་གཞུང་དང་དེ་ཆགས་ན་དགེ་མཚན་ཆེ་བར་གསུངས་ཡོད། བཀའ་སློབ་ཀྱི་ཚིག་ཇི་བཞིན་བཀོད་ཐུབ་མ་སོང་བས་དགོངས་དག་ང་འདིར་དེབ་དེ་མེད། རྣམ་པ་ཚོས་དེར་གཟིགས་ནས་ང་ཚོའི་གཞུང་དེ་གང་ཡིན་ན་ཡག་པོ་འདུག་དཔྱད་ཞིབ་གནང་རོགས།

    Reply
  26. བསྟན་པ། says:
    ལོ་ 14 སྔོན།

    ང་རང་ཉིད་ཧ་ལོག་སོང་། གྲོས་ཚོགས་ནང་དུ་ཕྲེང་བ་བྱུག་ནས་འདུག་མཁན་གྱི་བཀའ་ཁྲི་ཞིག ཆོས་མི་ཤེས་མཁན་ཞིག་གི་ཆོས་རྫུ་ཟེར་ན་འདི་རེད། གཏམ་མི་ཤེས་མཁན་ཞིག་གི་ལན་བཏབ་ན་འདི་རེད། ཧ་ཧ་

    Reply
  27. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ཀརྨ་ཆོས་འཕེལ་གྲིས་རྩ་བའི་དྲི་བ་ཡག་པོ་འདུག ཁྲིམས་དང་སྒྲིག་གཞི་མི་ཤེས་པའི་ཟླ་བ་ཕུན་སྐྱིད་དང་རྨོག་རུ་གཉིས་ཀྱི་ཁ་ལ་རྡོ་རྗེ་རྒྱ་གྲམ་ཞིག ཨ་ཧ་འདི་འདྲའི་བཀའ་ཁྲི་བློ་ལྡན་ཞིག འདི་འདྲའི་བཀའ་ཁྲི་བརྗིད་ལྡན་ཞིག

    Reply
  28. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་སྒེར་ཡིག་ཚང་དང་བླ་ཆེན་མི་དྲག་ཚོས་ས་འོག་དར་ཐག་བར་ནས་བཀའ་ཁྲི་མི་གཅིག་གིས་ཆོས་ལུགས་རིས་མེད་ཟེར་བ་དེ་ཚིག་སྐམ་པོ་རང་རེད།བློ་སེང་བཀའ་ཁྲི་ལ་བསླེབས་ནས་བཟུང་ཆོས་ལུགས་དད་པ་རང་དབང་ཤོར་བ་རེད།དོན་དམ་པའི་ཆོས་ལུགས་དད་པ་རང་དབང་ཟེར་བ་འདི་ཚིག་སྐམ་པོ་རང་རེད།ཁོང་ལ་ཁག་ཡོད་པ་མ་རེད།ཡུལ་ལྷ་གཞི་བདག་མང་པོའི་ངོ་སྲུང་དགོས་དུས་ཆོས་ལུགས་དད་པ་རང་དབང་ཤོར་བ་རེད།ཁག་མེད།

    Reply
  29. དབང་འདུས། says:
    ལོ་ 14 སྔོན།

    སྤྱི་འཐུས་རྣམ་པས་དོགས་འདྲི་ལ། བཀའ་ཁྲི་མཆོག་ནས་ཀྱག་ཀྱོག་མེད་པར་ལན་གནད་ལ་ཁེལ་བ་བསྐྱོན་གནང་འདུག དགའ་བསུ་ཞུ།

    Reply
  30. ཚེ་རིང་བསམ་གྲུབ། says:
    ལོ་ 14 སྔོན།

    སྤྱིར་བཏང་གཞི་རིམ་གྱི་སྲིད་བྱུས་དང་འབྲེལ་བའི་དྲི་བ་འདི་འདྲ་ཞིག་ལ་ཡང་བཀའ་ལན་ཡག་པོ་བསྐྱོན་ཐུབ་མ་སོང་། བློ་ཕམ་ཆེ།
    སློབ་སྟོན་པ་དགོས་པའི་དུས་ལ་བབས་འདུག

    Reply
  31. ཅང་མེད། says:
    ལོ་ 14 སྔོན།

    དྲི་བ་དྲི་ལན་འདི་ལ་བརྒྱ་ཆ་སྤྲོད་འདོད་བྱུང་སོང་། རྩ་བའི་བརྒྱ་ཆ་25/
    བཀའ་ཁྲི་མཆོག་ལ་་36%
    སྤྱི་མཐུས་མོག་བསྟན་མཆོག་ལ་་་་74 %
    སྤྱི་མཐུས་ཟླ་བ་ཕུན་སྐྱིད་ལ་་་་་67 %
    ཐོབ་འདུག

    Reply
  32. ཨ་མའི་བུ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་ཞལ་རས་འཇལ་ཡོང་དུས་ང་ལ་སྔོན་དང་མ་འདྲ་བའི་ཚོ་བ་འདུག་དེ་རྒྱུ་མཚན་གང་ངའི་ཤེས་ཀྱི་མི་འདུག་དྲྭ་གྲོགས་ཁྱེད་རྣམ་ལ་དེ་འདྲའི་ཚོ་བ་ཞིག་འདུག་གམ།

    Reply
  33. ཨ་མའི་བུ། says:
    ལོ་ 14 སྔོན།

    ཨ་ཁ་ཁ་་་་་དྲི་བ་དང་ལན་ལ་བལྟ་ན་གྲོས་ཚོགས་ནང་ཕལ་ཆེལ་དམག་ཆེན་གསུམ་པ་ལང་ཡ་ཡིན་པ་འདྲ་་་་་་དྲྭ་གྲོགས་རྣམས་པ་གཟབ་གཟབ་བྱེད་མ་ཏོག་མདའ་འཁྱམས་འདྲ་འཕོག་ཡང་།

    Reply
  34. ཚེ་རིང་བསམ་གྲུབ། says:
    ལོ་ 14 སྔོན།

    ཨ་རོ་ཡཡཡཡཡཡཡཡཡཡ། ད་དྲང་པོ་ཞུས་ན་ང་ཚོའི་སྲིད་སྐྱོང་མཆོག་གིས་ཕྲེང་བ་བཟུང་སྟངས་ནོར་འདུག མ་གཞི་ནས་གྲོས་ཚོགས་ལ་ཕྲེང་བ་འཁྱེར་ནས་གང་བྱེད་དགོས་རེད། གྲོས་ཚོགས་རྒྱལ་དོན་གྲོས་བསྡུར་བྱེད་ས་རེད་མ་གཏོགས་མ་ཎི་བགྲངས་ས་མ་རེད། གང་ཤེས་ད་ཡིན་ན་ཁྱད་མཚར་དེ་འདྲ་མཐོང་རྒྱུ་འདུག

    དྲིས་པའི་ལན་ནི་གསལ་པོ་མི་འདུག

    Reply
  35. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཆོས་ལུགས་རིས་མེད་ཟེར་བ་དེའི་ས་མཚམས་གང་འདྲ་ཞིག་ལ་བཞགས་དགོས་ཀྱི་རེད།

    Reply
  36. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་སྒེར་ཡིག་ཚང་གི་མི་མངོན་པའི་ས་འོག་དར་ཐག་དེ་མ་ཆད་བར་དུ་ཆོས་ལུགས་རིས་མེད་ཟེར་བ་དེ་གཏན་ནས་ཡོང་རྒྱུ་མེད་པའི་སྐད་ཆ་ཞིག་རེད།ཚོགས་འདུ་ཚོགས་ཤིང་སྐད་ཆ་བཤད་བ་ཙམ་གྱིས་ཆོས་ལུགས་རིས་མེད་ཟེར་བ་ཞིག་ཡོང་གི་མ་རེད།

    Reply
  37. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཆོས་ལུགས་རིས་མེད་ཟེར་བ་འདི་རྣ་ཡི་ཐོས་དུས་ཡིད་སུན་ཚར་སོང།དེ་རིང་ཆན་ཆད་དུ་ཆོས་ལུགས་རིས་མེད་བྱས་པའི་ལོ་རྒྱུས་ཤིག་ཡོད་མ་རེད།ད་དུང་ཡང་ཁག་པོ་རེད།

    Reply
  38. ཨ་ལ་ལ says:
    ལོ་ 14 སྔོན།

    ཟླ་བ་ཕུན་སྐྱིད་དང་མོག་རུ་བསྟན་པ་གཉིས་མི་འཇོན་པ་འཇོན་མདོག་བྱས་ནས་བཀའ་ཁྲི་མཆོག་གིས་ཁ་སྐྱེངས་པོ་དང་ངོ་ཚ་བོ་བཟོས་སོང་ང་། ཏག་ཏག་རེད། རང་ཚོད་མ་ཟིན་པར་བསྡད་འདུག་ག

    Reply
  39. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ཐོབ་ཐང་འདྲ་མཉམ་མེད་པའི་ཆོས་ལུགས་རིས་མེད་ཟེར་བ་ནི་མི་མང་ལ་ཟིར་སྨན་ཆུང་ཆུང་ཞིག་གནང་པ་མ་ཡིན་ནམ། འོན་ཀྱང་བཀའ་ཁྲི་མཆོག་ནས་བཀའ་སློབ་མང་པོ་ཞིག་དེ་རིང་གང་བཤད་པ་དེ་སང་ཉིན་དངོས་ཡོད་གནས་ཚུལ་མིན་པ་རྒྱུན་ལྡན་ཞིག་ཆགས་བཞིན་ཡོད།

    Reply
  40. གྲགས་བསོད་ says:
    ལོ་ 14 སྔོན།

    དྲི་བ་དང་དྲི་ལན་གཉིས་ཀ་གླེ་གོར་གྱི་རང་བཞིན་ལས་འདས་མིན་འདུག།

    Reply
  41. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    པར་འདི་ལ་བལྟས་ན་བཀའ་ཁྲིའི་ཐུགས་ཁྲོས་ལོས་སྙམ་པ་དང་ཕྱག་གི་ཕྲེང་བ་བལྟས་ན་སྔོན་མའི་བཀའ་ཟུར་ཟམ་གདོང་མཆོག་ལྟར་སྣང་མེད་ལྟ་བུའི་སྒོ་ནས་གསན་ཡོད་པ་འདྲ། གང་ལྟར་སྤྱི་འཐུས་རྙིང་བ་དག་གི་བསམ་འཆར་བཏོན་པ་ལེགས་ཀི་ཟེར་ན་འདོད། གྲོས་ཚོགས་ཟེར་བ་གྲོས་བསྡུར་དགོས་པ་ལས་ཡོད་ཚད་སྤྱི་མོས་ཆགས་འགྲོ་ཚེ་གྲོས་ཚོགས་ཟེར་བའི་ཐ་སྙད་ཅིག་འདོགས་དོན་མེད། བཀའ་ཁྲིའི་ལས་དོན་ལམ་འགྲོ་ཡོང་བར་སྨོན།

    Reply
  42. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ཐོབ་ཐང་འདྲ་མཉམ་མེད་པའི་ཆོས་ལུགས་རིས་མེད་ཟེར་བ་ནི་མི་མང་ལ་ཟིར་སྨན་ཆུང་ཆུང་ཞིག་གནང་པ་མ་ཡིན་ནམ། འོན་ཀྱང་བཀའ་ཁྲི་མཆོག་ནས་བཀའ་སློབ་མང་པོ་ཞིག་དེ་རིང་གང་བཤད་པ་དེ་སང་ཉིན་དངོས་ཡོད་གནས་ཚུལ་མིན་པ་རྒྱུན་ལྡན་ཞིག་ཆགས་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese