མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔམ་ནག་ཅིང་གཏིང་རིང་བའི་སྲིད་ཇུས།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་བློ་གསལ།

༼ རྩོམ་ཡིག་འདི་མཐོང་མ་ཐག་ཀློག་མཁན་རྣམས་ཀྱིས།   ཇོ་ནང་ཚང་གིས་བོད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག་ཅེས་མ་གསུང་རོགས།   ང་ཚོས་རང་གཞུང་ལ་མི་ལོ་ཧྲིལ་བོ་བཅུ་གཉིས་རིང་ལག་ཐལ་མོ་སྦྱར་དེ་གསོལ་འདེབས་ཞུས་པ་ཡིན།   འོན་ཀྱང་དོན་འབྲས་རུས་སྦལ་གྱི་སྤུ་ཙམ་མ་བྱུང་བ་མ་ཟད།    མཐོང་ཆུང་ཚད་ལས་འདས་པ་བྱས་སྟབས།    ཐབས་ཟད་ཨུ་ཐུག་གིས་བསམ་ཚུལ་དྲང་མོར་བཤད་པ་ཡིན་པས་དགོངས་འཇགས་གནང་རོགས། ༽

དེ་རིང་ཡང་བསྐྱར་བཙན་བྱོལ་བོད་གཞུང་གིས།   ང་ཚོ་ཇོ་ནང་ཚང་ལ་ཕ་བསད་པའི་མ་ཚད་ཕ་བླ་སྐོར་རྡུང་ཟེར་བའི་དཔེ་ལྟར།   ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་མ་བཞག་པར་མ་ཟད།   སྙིང་ཚིམ་གྱི་ཚུལ་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་ཀྱི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པ་རྡ་སར་འཚོགས་རྒྱུ་ཞེས་སྐད་གསེང་མཐོན་པོས་སྒྲོག་བཞིན་ཡོད།

ང་ཚོས་ད་དུང་ཤི་མདའ་དགུ་ཐེབས་ཀྱང་གསོན་གྱི་རེ་བ་ཨེ་ཡོད་སྙམ་སྟེ།   རྡ་སའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས།   སྐབས་བཅོ་ལྔ་བའི་གྲོས་ཚོགས་འཚོགས་དུས་གཉིས་པའི་ཐོག   ཇོ་ནང་ཆོས་བརྒྱུད་ཀྱི་སྐོར་སྙན་སྒྲོན་ཕུལ་བས།   གྲོས་ཚོགས་ནས་འཚོགས་ལ་ཉེ་བའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ཕུལ་ན་འོས་འཚམས་ཡིན་ཚུལ་བསྙད་དེ།   སྙན་ཞུ་དེ་སྣང་ཆུང་བྱས་འདུག    དེ་རྗེས་འགྲོ་ཕན་ལྷན་ཚོགས་ཀྱིས།   ཆོས་དོན་ལས་ཁུངས་སུ་ད་ཐེངས་ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་སྐུ་ཚབ་མཉམ་ཞུགས་བྱེད་ཆོག་པ་དང་།   གལ་ཏེ་མ་བྱུང་ན་ཟུར་ཉན་དུ་བཅར་ཆོག་པའི་སྙན་ཞུ་ཕུལ་བའི་ལན་དུ།   ཨ་ཁུ་སྟོན་པའི་གཏམ་རྒྱུད་ལྟར།   ད་ཐེངས་ཀྱི་ཆོས་ཚོགས་འདི་༧གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ནས་ཐད་ཀར་གོ་སྒྲིག་གནང་གིན་ཡོད་པས།    ང་ཚོས་ཐག་གཅོད་མི་ཐུབ་ཚུལ་དང་།   ཡང་ནང་འགལ་ཟེར་བ་དེ་ཅི་ཞིག་ཡིན་བསམ་གཞིག་ཡེ་མི་གཏོང་བར་ཆོས་ལུགས་ཚོགས་ཆེན་ཐོག   ཇོ་ནང་སྐུ་ཚབ་ལྟ་ཅི།   ཐ་ན་ཟུར་ཉན་པ་ཡང་ཞུགས་ཆོག་གི་མེད་ཅེས་ཐ་ཚིག་བསྒྲགས་འདུག

ད་དུང་བོད་གཞུང་གི་འབྲེལ་ཡོད་རྣམས་ཀྱིས་ནམ་རྒྱུན་ཇོ་ནང་སྐོར་ལ་སྐད་ཆ་ཤོད་སྐབས།   ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་ཡོད་མེད་གལ་ཆེན་པོ་མ་རེད།   དེ་བས་ཇོ་ནང་རང་ཉིད་ཀྱིས་རང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གལ་ཆེ་ཟེར།    དེ་ལ་ང་ཚོས་འདི་ལྟར་ཤོད་ན་འདོད།   ཁྱེད་ཚོས་ཐོབ་ཐང་ཟེར་བ་དེ་ཆེན་པོ་དང་།    བཙན་པོ།   ཕྱུག་པོ་མ་གཏོགས།  ཆུང་ངུ་དང་།   ཉམ་ཆུང་།   སྤྲང་བོ་ལ་མི་དགོས་ཟེར་བ་ཡིན་ནམ།   མིའི་འགྲོ་བ་མ་ཟད།   འཇིག་རྟེན་ཐོག་གི་བྱ་དངོས་ཡོད་ཚད་ལ་མིང་དང་ཐོབ་ཐང་རེ་ཡོད།  གལ་ཏེ་མིང་དང་ཐོབ་ཐང་མེད་པའི་བྱ་དངོས་དེ་དག་མི་རིང་བར་འཇིག་རྟེན་འདི་དང་ཁ་བྲལ་རྒྱུ་ཉག་གཅིག་རེད།   ང་ཚོས་རྒྱ་ནག་གཞུང་ལ་བོད་ལ་ཐོབ་ཐང་དགོས།   བོད་ལ་རང་དབང་དགོས་ཟེར་གྱིན་ཡོད་པའི་རྒྱུ་མཚན་ཡང་མཐར་དེད་ན་འདི་དང་གཅིག་པ་རེད།  

ཡང་གཅིག་བཤད་ན།   རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལས་བཙན་བྱོལ་བོད་གཞུང་གིས་ཇོ་ནང་ཐོག་འཛིན་པའི་སྲིད་ཇུས་འདི་རྔམ་ནག་ཅིང་གཏིང་རིང་བ་ཞིག་རེད།    དཔེར་ན་རྒྱ་ནག་གཞུང་གིས།   ནམ་ཕུགས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུའི་འཆར་གཞི་ཡོད་མོད།   དངོས་སུ་བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱ་ནག་གཞུང་གི་ཡིག་ཐོག་ནས་ནག་གསུབ་གཏོང་དགོས་ཟེར་གྱི་མེད།   རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ནང་དུ་བོད་མི་རིགས་ཡོད་པ་མ་ཟད།   དེའི་རིག་གཞུང་དང་སྐད་ཡིག་ལ་ཡང་ཕྱི་ཚུལ་གྱིས་མཐོང་ཆེན་བྱེད་བཞིན་ཡོད།   བཙན་བྱོལ་བོད་གཞུང་གིས།   ཇོ་ནང་ཆོས་བརྒྱུད་ཀྱི་མཚན་ཡིག་ཐོག་ནས་ནག་གསུབ་གཏོང་རྒྱུའི་ལས་འགུལ་དངོས་སུ་སྤེལ་བ།   ཕྱི་ལོ་ ༢༠༠༠ ལོར་ཆོས་ལས་ནས་དཔར་བསྐྲུན་བྱས་པའི་རྒྱ་བལ་འབྲུག་གསུམ་གྱི་བོད་ཀྱི་དགོན་སྡེའི་ལོ་རྒྱུས་ཀྱི་གཏམ་རྒྱུད་ལས་ཤེས་ཐུབ།    ཡ་ང་བའི་གཏམ་རྒྱུད་འདིས་ཇོ་ནང་གཞི་བྱེས་གཉིས་ཀྱི་སེམས་ལ་ལྕགས་ཕུར་བཏབ་པ་བཞིན་ནམ་ཡང་ཡལ་མི་སྲིད་པའི་ན་ཟུག་ཅིག་བཞག་ཡོད།

ད་དུང་ཡང་བཙན་བྱོལ་བོད་གཞུང་གིས།   ཇུས་ངན་འདིའི་རྒྱུན་བསྲིངས་ཏེ།   ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དང་།    ཇོ་ནང་བསྟན་པ་བོད་ཀྱི་ཆོས་བརྒྱུད་ཀྱི་གྲལ་ནས་རྒྱང་འབུད་གཏོང་རྒྱུའི་འཆར་གཞི་མུ་མཐུད་ལག་བསྟར་བྱེད་ཀྱིན་ཡོད་པ་མ་ཟད།    ཐ་ན་དེའི་མཚན་ཙམ་ཡང་འཇིག་རྟེན་འདིའི་ཐོག་ཏུ་འཇོག་འདོད་མེད་པ་གསལ་བོ་རེད།    དེའི་རྒྱུ་མཚན་གསལ་བོར་བཤད་ན།    གལ་ཏེ་བཙན་བྱོལ་བོད་གཞུང་གིས་ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དུ་བཞག་ཡོད་ན།   ཅིས་ཕྱིར་ཇོ་ནང་པ་རྣམས་ལ་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་མེད་པ་རེད།   ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་བཞག་ཡོད་ན།   ཅིས་ཕྱིར་བོད་ཀྱི་ཆོས་ལུགས་ཚོགས་ཆེན་ཐོག་ཇོ་ནང་པ་རྣམས་ཞུགས་རྒྱུའི་ཐོབ་ཐང་མེད་པ་མ་ཟད།   ཐ་ན་ཟུར་ཉན་ཙམ་ཡང་བྱེད་མི་ཆོག་པ་རེད།   ཇོ་ནང་པ་རྣམས་བོད་ཀྱི་མི་གྲལ་དང་།   ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་བཞག་ཡོད་ན།    གཞུང་འབྲེལ་ཡིག་ཆ་གང་གི་ནང་དུ་ཡང་ཇོ་ནང་པའི་མཚན་ཡང་མི་འཇོག་པ་ཅི་ཡིན་ནམ།   མདོར་ན་བོད་གཞུང་གིས་ཇོ་ནང་ཐོག་འཛིན་པའི་སྲིད་ཇུས་ལ་སྡོམ་ཚིག་བརྒྱབ་ན་འདི་འདྲ་རེད།    ཕ་མ་གཅིག་ལས་སྐྱེས་པའི་བུ་སྤུན་ལྔའི་ནང་གི་ཆུང་ཤོས་དེ་གླེན་པ་རེད།   འབྱོར་མེད་རེད།   སློབ་སློབ་སྦྱོང་མེད།   འཇོན་ཐང་མེད།   རྣམ་པ་ཡང་ཡག་པོ་མེད་པས་ཁོ་ལ་མིང་མི་དགོས།   བཟའ་ཚང་ནང་གི་འདྲ་མཉམ་གྱི་ཐོབ་ཐང་ཡང་མི་དགོས།   ཐ་ན་ཁོ་ལ་བདེ་སྡིག་མྱོང་བྱེད་ཀྱི་ཚོར་བ་ཙམ་ཡང་མེད་ཅེས་བཤད་དེ།   བཟའ་ཚང་གི་གྲལ་ནས་རྒྱང་འཕུད་གཏོང་བཞིན་ཡོད་པ་དེ་རེད།

ཡིན་ན་ཡང་།    ང་ཚོ་ཇོ་ནང་པས་རྒྱ་གར་བཙན་བྱོལ་བོད་མིའི་ཁྲོད་བོད་མི་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་ཟེར་གྱི་ཡོད་མ་གཏོགས།  ཇོ་ནང་བསྟན་པ་འཛིན་སྐྱོང་བྱེད་ཐུབ་ཀྱི་མི་འདུག   ང་ཚོར་རོགས་པ་བྱེད་རོགས་ཟེར་གྱི་མེད།  དྲང་མོར་བཤད་ན།    སྔོན་ཆད་དགེ་བའི་བཤེས་གཉེན་ཆེན་པོ་དམུ་དགེ་བསམ་གཏན་རྒྱ་མཚོས།   ཁྱེད་ཚོས་ཇོ་ནང་པས་བསྟན་པ་ཉམས་ཆུང་མ་རེད།   བོད་གངས་ཅན་གྱི་སངས་རྒྱས་བསྟན་པའི་སྙིང་པོ་ཁྱེད་ཚོས་བཟུང་ཡོད་པ་རེད།   གཞན་དག་ཕྱི་ཚུལ་ཙམ་རེད་ཅེས་གསུངས་པ་ལྟར།   བོད་ནང་དུ་མཚོན་ན།   ང་ཚོ་ཇོ་ནང་པས་རང་གི་བསྟན་པ་རང་གིས་བཟུང་ནས་བསྡད་ཡོད།  དེར་བརྟེན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོད་ཀྱི་གྲུབ་མཐའ་གཞན་དག་ལས་གལ་ཆེན་དུ་བརྩིས་ཡོད།   དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་།  གྲུབ་མཐའ་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲད་ཡོད།   ང་ཚོ་ཇོ་ནང་པ་སྒེར་ངོས་ཀྱང་རྒྱལ་བ་ཇོ་ནང་པའི་བསྟན་པའམ་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཟུང་གི་བསྟན་པ་གཞན་ལ་བརྟེན་མི་དགོས་པར་གྲུ་བཞི་ལྷམ་མེར་བཟུང་ཡོད་ལ།   དེང་སྐབས་གནམ་འོག་ན་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ཚང་ལ་མ་ནོར་པ།   བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་པ་ངེད་ཇོ་ནང་ཚང་མ་གཏོགས་སུ་ལ་ཡང་མེད་པ་མིག་དང་རྣ་བ་ཡོད་ཚད་ཀྱིས་ཤེས་ཚོད་རེད།   དེར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་།   ཇོ་ནང་བསྟན་རྒྱས་སྨོན་ལམ་དུ།   མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི༎   ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད༎   མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ༎   ཇོ་ནང་པ་ཞེས་གསུངས་པས་མཚོན་ནུས།

མདོ་ཧྲིལ་གྱིས་དྲིལ་ན།    ད་ལན་ང་ཚོས་རྩོམ་ཡིག་འདི་སྤེལ་དོན།   ད་ཐེངས་ཀྱི་ཆོས་ལུགས་ཆོས་ཚོགས་ཐེངས་བཅུ་གཅིག་པ་འདིའི་ཐོག་ནས་ཇོ་ནང་པ་དང་།    ཇོ་ནང་ཆོས་བརྒྱུད་བོད་ཀྱི་མི་གྲལ་དང་བོད་ཀྱི་ཆོས་གྲལ་དུ་འཇོག་རོགས་ཞེས་ཡང་བསྐྱར་རེ་འབོད་ཐེངས་གཅིག་ཞུ་རྒྱུ་དེ་ཡིན།   གལ་ཏེ་ད་ཐེངས་ཀྱི་རེ་འབོད་འདི་ཡང་ཕྱི་ལོ་ ༡༩༩༩  ལོ་ནས་བཟུང་དེ་རིང་བར།    ཇོ་ནང་པས་བཙན་བྱོལ་བོད་གཞུང་ལ་ཐེངས་གཅིག་ནས་བཅུ་དང་།   བཅུ་ནས་བརྒྱ།    བརྒྱ་ནས་སྟོང་གི་བར་རེ་འབོད་ཞུས་པ་ལྟར་སྣང་མེད་བྱས་ན།   ང་ཚོས་ཀྱང་འདེམས་ཁ་གཞན་ཞིག་དང་།    ལམ་ཁ་གཞན་ཞིག་ཏུ་བསྐྱོད་རྒྱུ་ལས་དབང་གིས་བཀོད་སྒྲིག་བྱས་པར་ངོས་འཛིན་མི་བྱེད་ཐབས་མེད་རེད།   དེ་བས་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་མི་སྣས་བསམ་གཞིག་ཐེངས་གཅིག་བཏང་སྟེ།   གངས་སྐྱིད་ཀྱི་ར་སྐོར་ཆུང་ཆུང་དེའི་ནང་དོན་དམ་པའི་དམངས་གཙོ་དང་།   ཆོས་ལུགས་ཆོལ་ཁ་རིས་མེད་ཀྱི་སྟབས་བདེའི་གཞུང་ཞིག་འཛིན་བསྐྲུན་བྱས་ན།   ད་གཟོད་བོད་གཞི་བྱེས་གཉིས་ཀ་རྡོག་རྩ་གཅིག་སྒྲིལ་གྱིས།   མཐར་ཐུག་གི་དམིགས་ཡུལ་ལམ་རྩ་དོན་ཐོག་མཉམ་དུ་བསྐྱོད་པའི་ཡིད་ཆེས་ཡོད།   བོད་རྒྱལ་ལོ༎  འདྲ་མཉམ་གྱི་ཐོབ་ཐང་རྒྱལ་ལོ༎    ཆོས་ལུགས་རིས་མེད་རྒྱལ་ལོ༎   འདྲ་མཉམ་དང་ཐོབ་ཐང་གཅིག་མཚུངས་ཀྱི་ཀི་སྒྲ་ངྷ་སའི་རི་རྩེ་ནས་འཛམ་གླིང་ལ་སྒྲོག་པར་སྨོན།

ཕྱི་ལོ་ ༢༠༡༡  ཟླ་ ༩  ཚེས་  ༢༡  ཉིན།  

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 27

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    འཇམ་དབྱངས་ལགས་ཀྱིས་གསུང་པ་དེ་ལ་ཕྱོགས་གཅིག་ནས་བདེན་པའི་ཆ་ཡོད་།

    རྒྱལ་བ་ཀརྨ་པ་རིན་པོ་ཆེ་རང་རྒྱ་ནག་དམར་པོ་ལ་ངོ་ལོག་རྒྱབ་གཏད་འདིར་རེ་བ་ཆེན་པོ་ཞིག་འཆང་ནས་ཕེབས་འདི་ནས་ཀྱང་འགྲོ་འདུག་རང་དབང་མེད་ཡོང་དུས་རིན་པོ་ཆེ་རང་ལ་ཡང་ཐུགས་སུན་པོ་འདྲ་ཡོད་རྒྱུ་ང་རང་ཉིད་ཀྱིས་སྐད་ཆ་གང་བཤད་པ་དེ་ངས་བདག་པོ་རྒྱགས་ཐུབ་ཀྱི་ཡོད།
    དྲ་གྲོགས་གཟུར་གནས་བློ་ལྡན་སོགས་ཀྱི་སྐད་ཆ་དེ་ཚོ་ཡང་ཁྱེད་རང་ཚོ་རང་གིས་བདག་པོ་རྒྱགས་ཐུབ་དགོས།
    གནས་ལུགས་མེད་པའི་སྐད་ཆ་སེམས་ཚོར་ཁོ་ནའི་རྗེས་སུ་འབྲང་ནས་སྐད་ཆ་མ་བཤདན་བཟང་གི་རེད།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གཟུར་གནས་བློ་ལྡན་གྱི་མི་ཤེས་ཤེས་མདོག་བྱ་ནས་སྐྱག་རྫུན་མ་བཤད་རོགས།

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    གངས་སྤྲེལ་ཚ་ཞེས་པ་ཅན་ནས་གཏམ་ཅི་ཞིག་བཤད་པ་རང་ཉིད་ཀྱིས་ཚོར་ཡོད་མདོག་མི་འདུག ཚུར་ཕུ་བླ་བྲང་གི་བློ་མིག་ཁབ་ལས་དོག་པ་དག་གིས་རང་གིས་མ་འཇོན་པར་ཁག་སྐུ་སྒེར་ཡིག་ཚང་ལ་དཀྲི་བཅུག དེ་དངོས་བཀའ་དྲིན་ལ་བསམ་ཤེས་མེད་པ་རང་རེད། ཀརྨ་པ་ཐེངས་གཉིས་ཨ་རི་ལ་ཐར་ཙམ་བྱུང་བ་འདི་༸གོང་ས་མཆོག་གིས་རྒྱ་གར་ཞུ་བ་འཐེན་འཐེན་ནས་བྱུང་བ་རེད། དེ་ཀརྨ་པ་རང་གིས་ཨ་རིར་བཤད་འདུག ཀརྨ་པ་བླ་མ་བཟང་རུང་ཀརྨ་པའི་དབུ་འཕངས་མར་འཐེན་མཁན་བཀའ་བརྒྱུད་པ་རང་རེད་འདུག བཀའ་བརྒྱད་ཆེ་བཞི་ཆུང་བརྒྱད་ཀྱིས་ཀརྨ་པ་ང་ཚོའི་བླ་མ་ཡིན་ཟེར་གིན་མི་འདུག་གོ །དེ་བས་ཀྱང་ཀརྨ་པའི་ཕྱག་མཛོད་མགོན་པོ་ཟེར་བས་བོད་མི་མང་ལ་ལྟ་སྟངས་ག་འདྲ་ཡོད་པ་ཁོ་པས་ལྡི་ལིར་བཤད་པའི་སྐད་ཆ་ལ་ལྟོས་དང་ཧ་གོ་བར་འགྱུར་རོ། །

    Reply
  4. འཇམ་དབྱངས། says:
    ལོ་ 14 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་བཀའ་དྲིན་བསམ་ཤེས་མེད་པའི་མི་ངན་མང་པོ་ཞིག་གིས་ཁ་ཡར་གྲག་ལ་བོད་གཞུང་དང་སྐུ་སྒེར་ཡིག་ཚང་གིས་མ་འགྲིག་པ་དང་། ཁ་མར་གྲག་ལ་༧རྒྱལ་བ་རིན་པོ་ཆེས་མ་འགྲིག་ཚུལ་གྱི་གཏད་སོ་མེད་པའི་སྐྱག་གཏམ་རེ་བཤད་ཀྱི་འདུག་མོད། རང་ས་སྤར་མོ་གང་མེད་ས་ན་རང་ཡུལ་ལས་ལྷག་པའི་གྲ་རྒྱས་སྣང་མཐོར་སྡོད་རྒྱུ་ཡོད་པ་འདི་༧གོང་ས་མཆོག་གཅིག་པུའི་སྐུ་དྲིན་ཡིན་པ་མཁྱེན་དགོས་པར་མ་ཟད། སྐུ་སྒེར་ཡིག་ཚང་གིས་མ་འགྲིག་མ་འཐུས་པའི་སྐྱོན་བརྗོད་རྣམས་དོན་གྱིས་༧གོང་ས་མཆོག་ལ་སོང་ཡོད་པའང་ཤེས་དགོས། རྒྱལ་བ་ཀརྨ་པ་ལ་དད་མོས་བྱེད་མཁན་རྣམས་ཀྱིས་ཁོང་གི་བཀའ་བརྩི་དགོས་པ་ལས་སྤྱི་ཚོགས་དཀྲུགས་རྐྱེན་གྱི་སྐད་འབོད་སོགས་བྱེད་པ་ནི་ཁོང་གི་ཞབས་འདེགས་མ་རེད་ལ། དཔལ་ལྡན་བཀའ་རྒྱུད་པའི་བསྟན་པའི་མཛེས་རྒྱན་ཡང་མ་རེད། འོ་ན་ཅི་ཞིག་རེད། བཀའ་རྒྱུད་པའི་ཞབས་འདྲེན་རེད།

    Reply
  5. འཇམ་དབྱངས། says:
    ལོ་ 14 སྔོན།

    རྒྱ་གར་སོགས་ཚད་ལྡན་དམངས་གཙོའི་ལུང་པ་རྣམས་སུ་ཆོས་ལུགས་འདྲ་མཉམ་ཡིན་པའི་ཁྲིམས་ལུགས་ཡོད་བདེན་པ་རེད། ཡིན་ན་ཡང་ཁྲིམས་སུ་བཅས་པ་ལྟར་ལག་བསྟར་བྱེད་ཀྱི་ཡོད་དམ་ཞེ་ན། དེ་ནི་དྲི་བ་ཞིག་རེད། དཔེར་ན། རྒྱ་གར་གྱི་ནང་པ་རྣམས་གཉོམ་དྲགས་པར་མ་ཟད། ཕལ་མོ་ཆེ་རིགས་དམའ་བོ་ཡིན་སྟབས་ཧིན་དྷུ་བ་ལྟར་གྱི་ཐོབ་ཐང་རག་གི་མེད་པ་ནི་ཧ་ཅང་མངོན་གསལ་དོད་པོ་ཡིན་པ་ལྟ་བུ་རེད། ཁྱད་མཚར་བ་ཞིག་ལ། རང་རེའི་བཙན་བྱོལ་སྤྱི་ཚོགས་འདིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱང་མི་བརྩི། གནས་བདག་རྒྱ་གར་ཡུལ་མིའི་ཁྲིམས་ཀྱང་མི་བརྩི་བར། བར་མ་དོར་སྣང་བ་རྒྱ་ཡན་དུ་འགྲོ་ཆེ་དྲགས་པའི་སྐྱོན་ཞིག་ཡོད་པ་རེད། ད་ལྟའི་སྐབས་ང་ཆོལ་ཁ་གང་ཡིན་དང་ཁྱོད་ཆོས་ལུགས་ཅི་ཡིན་གྱི་ཐོབ་ཐང་རྩོད་པའི་སྐབས་མ་རེད་མོད། དེ་ཙམ་ལ་མགོ་འཁོར་བསྡད་འདུག་པ་ནི་ཡིད་སྐྱོ་བའི་གནས་ཤིག་རེད། རྒྱལ་བ་ཇོ་ནང་པ་ཚང་གིས་ཀྱང་ཐོབ་ཐང་གི་རྐུབ་སྟེགས་མི་རྩོད་པར། མངོན་འདོད་ཀྱི་རྩ་དོན་བསྒྲུབ་ན་ཕན་ཆེ། འདི་ནི་ཆུང་ངུའི་དོན་དུ་ཆེན་པོ་མི་གཏོང་བའི་ཁྲིམས་གཞི་ཡིན། ལར་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དགེ་འདུན་པ་ཚོར་ཆོལ་ཁ་སོ་སོའི་སྤྱི་འཐུས་ཀྱི་འོས་འཕེན་རྒྱུ་རག་པ་དེ་གས་འཐུས་པའི་ཁྲིམས་གཞི་བཟོ་དགོས་པར་མ་ཟད། ཆོས་དོན་ལྷན་ཁང་གི་འཛིན་སྐྱོང་འོག་ནས་ས་དགེ་ཀ་རྙིང་ཇོ་བོན་ཁ་ཆེ་ཡུ་ཤུ་སོགས་ཀྱི་འཐུས་མི་ཡོད་པའི་ལྷན་ཁང་ཞིག་བཙུགས་ཏེ། ཆོས་ལུགས་སྤྱི་འཐུས་ངེས་པར་ཕྱིར་བསྡུ་བྱེད་དགོས། འདི་མུས་སུ་ལྷག་ན་ཕྱིས་སུ་ཕན་ལས་གནོད་ཆེ་བར་མཐོང་།

    Reply
  6. བཙན་པོའི་བུ། says:
    ལོ་ 14 སྔོན།

    ༄༅།། བཀུར་འོས་བོད་གཞུང་གི་དབུ་ཁྲིད་མཁས་དབང་བློ་བཟང་སེངྒེ་མཆོག་དང་དཔལ་ལྡན་ཆོས་དོན་ལས་ཁུངས་སོགས་ཀྱིས་གཙོས་པའི་འདིར་བཞུགས་གནད་ཡོད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཡོངས་ཀྱི་སྙན་ལམ་དུ། བདག་མིང་བ་འཇིགས་མེད་བློ་གྲོས་ཀྱིས་ངེད་ཇོ་ནང་གི་བསྟན་པར་ལྷག་བསམ་དཀར་ཞིང་མི་རིགས་དང་རིག་གཞུང་གི་ཆག་འཇིག་འདིར་དུས་ཀུན་ཏུ་ཐུགས་ཁུར་དང་ཕྱག་ལས་གནང་དང་གནང་བཞིན་པའི་ངེད་ཇོ་ནང་ཚང་གི་བླ་གྲྭ་ཁག་གཅིག་དང་། དེ་བཞིན་གཞིས་བྱེས་གཉིས་སུ་བཞུགས་པའི་རྒྱལ་བ་ཇོ་ནང་པ་ཚང་གི་ལྷ་སྡེ་མི་སྡེ་ཁག་གཅིག་གི་ཚབ་བྱས་ཏེ་སྐད་ཆ་འདི་བཤད་ཀྱིན་ཡོད།
    ཚང་མས་མཁྱེན་གསལ་ལྟར། ངེད་ཇོ་ནང་པ་ཚང་གིས་ད་བར་བོད་རང་གི་སྤྱི་ཚོགས་ཁྲོད་རང་ནུས་ཅི་ལྕོགས་ཀྱིས་ཞབས་ཞུ་སྣ་མང་ཞིག་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད། ད་དུང་ཡང་མུ་མཐུད་དེ་བོད་པ་རང་གི་སྤྱི་ཚོགས་ཁྲོད་བོད་མི་སྤྱི་མཚུངས་ལྟར་འདུག་འདོད་ཡོད་ལ། དེ་བཞིན་སྟོན་པ་བཅོམ་ལྡན་འདས་ནས་བརྒྱུད་འོང་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལ་ཡང་གུས་བཀུར་དང་། བསྟན་པའི་ཤིང་རྟ་བ་ཆེན་པོ་དག་གིས་བསྟན་བཞག་པའི་བཤད་བསྒྲུབ་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དེ་དག་ལ་ཡང་འདྲ་མཉམ་གྱིས་བརྩི་བཀུར་དང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་སྙིང་ནས་འབད་པ་བྱེད་ཀྱིན་མཆིས། དེར་བརྟེན་རང་ཅག་བོད་པ་ཡོངས་ཀྱིས་ཁ་གཅིག་གྲག་གིས་རྒྱ་དམར་གྱིས་བོད་པའི་སྟེང་ལ་འཛིན་པའི་སྲིད་ཅུས་ལ་དམོད་དགོས་པ་ཡང་འདི་ལ་ཐུག་ཡོད། དམིགས་བསལ་གྱིས་འདིར་ང་ཚོ་བོད་པ་ཚང་གིས་བཙན་བྱོལ་གཞུང་ཞིག་འཛུགས་དགོས་པ་ཡང་ཆོས་དང་རིག་གཞུང་འཛིན་སྐྱོང་དང་མི་མཉམ་རྒྱུད་འཛིན་བྱེད་དགོས་ཞེས་ད་བར་སྐད་ཆ་འདི་མ་ཎི་བཞིན་བགྲངས་པ་ཡང་མདོར་བསྡུས་ནས་བཤད་ན་གནད་དོན་འདི་ལ་ཐུག་ཡོད།
    འོན་ཀྱང་། བློ་ཕམ་པ་ཞིག་ལ། བཙན་བྱོལ་བོད་གཞུང་གིས་སྔ་གཞུག་ཏུ་ངེད་ཇོ་ནང་ཚང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕོག་ཐུག་མང་པོ་ཞིག་བཏང་ཡོད་ཀྱང་། ང་ཚོས་ད་བར་བསམ་ཤེས་དང་ཉན་ཤེས་བྱས་ཏེ་བསྡད་པ་ཡིན། སྤྱིར་བཏང་ང་ཚོས་འདི་ནས་ཆོས་ལུགས་བར་ལ་འགལ་ཟླ་བཟོ་འདོད་ནས་སྐད་ཆ་འདི་འདྲ་ཞིག་བཤད་པ་གཏད་ནས་མིན། འོན་ཀྱང་། ང་ཚོས་བཤད་འདོད་པ་ནི། ཆོས་ལུགས་ཡོངས་ལ་འདྲ་མཉམ་གྱི་གླེང་སྟེགས་ཤིག་ཡོད་ན། ད་གཟོད་ང་ཚོས་ཕན་ཚུན་བརྩི་བཀུར་དང་དཔུང་རྡང་གཅིག་སྒྲིལ་ཡོང་བར་ནུས་པ་ཆེ། དེ་མིན་ཆོས་ལུགས་བར་བཟང་ངན་བཤད་ཡོང་དུས། བདག་གཞན་སུ་ཡིན་རུང་སྐད་ཆ་དེར་མགོ་སྒུར་མི་ཐུབ། རྒྱུ་མཚན་ནི། རང་རང་ལ་དད་པ་བྱེད་སའི་ཡུལ་རེ་ཡོད་པ་དང་། དེ་ཡང་འདི་ཕྱི་གཉིས་ཀར་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་དུས། གནད་དོན་འདིའི་ཆེད་དུ་རང་སྲོག་ཀྱང་བཏང་བའི་ལོ་རྒྱུས་ཡོད་ལ། ད་དུང་ཡང་རང་སྲོག་གཏའ་མར་བཞག་སྟེ་གནད་དོན་འདིའི་ཕྱོགས་ལ་གླེང་སློང་བྱེད་མཁན་ཇེ་མང་ནས་ཇེ་མང་རེད། དེར་བརྟེན། ང་ཚོས་ངོས་ནས་བསམ་ཤེས་བྱས་ཏེ་གསོལ་འདེབས་དང་རྒྱབ་གཉེར་ཡི་གེ་བླངས་པ་སོགས་ཀྱིས་མཚོན་པའི་ལས་འགུལ་དེ་རིགས་སྣང་མེེད་མི་བྱེད་པར། ཅི་ནས་ཀྱང་། ང་ཚོ་ཇོ་ནང་ཚང་གི་བསྟན་པ་འཛིན་པའི་བོད་རིགས་གཞིས་བྱེས་གཉིས་ལ་སྙིང་རྗེ་ཞིག་བལྟ་དགོས་པ་ཡིན་ན་ཡང་། ད་ཐེངས་ཚོགས་ཆེན་འདིའི་ཐོག་གནད་དོན་འདིར་ཐག་གཅོད་ཅིག་བྱེད་རོགས་ཞེས་རེ་བ་རྒྱག་བཞིན་ཡོད།
    གལ་ཏེ་གནད་དོན་འདི་སྔར་བཞིན་སྣང་མེད་བྱས་པ་ཡིན་ན། ད་ནས་བཟུང་ངེད་ཇོ་ནང་གི་བསྟན་པའི་རྗེས་འཇུག་པ་དག་གིས་ལམ་ཁ་གཞན་ཞིག་གདམས་རྒྱུ་ཡིན་ཞེས་ཡང་དང་བསྐྱར་དུ་ཞུས་ཟིན་པ་དེ་ཡིན། ད་བར་ཁྱེད་གཞུང་དམངས་གཉིས་ཐད་ནས་ངེད་ཇོ་ནང་པ་དག་ནི་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ལུགས་སོགས་ཀྱི་ཕྱོགས་སུ་ཟུར་ཕུད་བྱས་ནས་བསྡད་པ་རེད། འོན་ཀྱང་། ང་ཚོས་ངོས་ནས་དེ་ལ་བསམ་ཤེས་བྱས་པར་མང་མེད་ན་ཉུང་གཏན་ནས་མེད།
    གོ་སྐབས་འདི་དང་བསྟུན་ནས་ནན་གྱིས་ཞུ་དོན། གལ་ཏེ་ཐེངས་འདིའི་ཚོགས་ཆེན་ཐོག་ང་ཚོ་ལ་སྔར་བཞིན་ཟུར་ཕུད་དང་། མཐོང་ཆུང་། སྣང་མེད། ཁྱད་གསོད། གཉའ་གནོན། ཐུབ་ཚོད་སོགས་བྱས་པ་ཡིན་ན། ང་ཚོས་འདི་ནས་དཀོན་མཆོག་གསུམ་དཔང་དུ་བཞག་ནས་བཤད་རྒྱུར། ངེད་ཇོ་ནང་གི་བསྟན་པའི་རྗེས་འཇུག་པ་གཞིས་བྱེས་ཀ་ཚུད་པའི་ང་ཚོ་བོད་རིགས་ཚང་མར་བོད་པའི་སྤྱི་ཚོགས་ནས་ཟུར་དུ་འབུད་རྒྱུ་ཡིན་ཞེས་ནན་ཏན་གྱིས་བཤད་ཀྱིན་ཡོད། སྐབས་དེར་བདག་གཞན་ཚང་མར་དཀའ་ངལ་མི་དམན་པ་ཞིག་འབྱུང་ངེས་པས། གནད་དོན་འདི་ངོས་སུ་མ་བྱུང་སྔོན་ལ་ང་ཚོས་ཁྱེད་ཅག་ལ་གསལ་བཤད་ཅིག་བྱས་པ་ཙམ་ཡིན། སྤྱིར་ང་ཚོ་ཚང་མ་དེང་སྐབས་ཨུ་ཐུག་ཐབ་ཟད་ནས་ཡོད་དུས། སྐད་ཆ་འདི་རིགས་གླེང་སློང་བྱེད་སྐབས་དེ་མུར་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབ་ཆེན་རེ་བྱེད་ན་འདོད་ཀྱང་། ང་ཚོས་ད་དུང་བོད་གཞུང་གིས་བསམ་ཤེས་ཤིག་བྱེད་ཨེ་མི་ཡོང་བསམས་ནས་བསྒུག་བསྡད་པ་ཙམ་ཡིན། མདོར་ན། ང་ཚོའི་ངོས་ནས་བྱེད་དགོས་པ་ཚང་མ་ང་ཚོས་བྱས་ཟིན་པ་ཡིན། ད་ནི་བོད་གཞུང་གིས་ཐག་གཅོད་ཅིག་བྱེད་དགོས་པའི་དུས་ལ་བབས་ཡོད། ནན་གྱིས་ཞུ་དོན། གལ་ཏེ་བོད་གཞུང་གིས་སྔར་བཞིན་ང་ཚོ་སྣང་མེད་བྱས་པ་ཡིན་ན། ང་ཚོས་ཀྱང་ད་ནས་བཟུང་ཁྱིམ་གཞི་གསར་བ་ཞིག་འཚོལ་ངེས་ཡིན། དེ་དུས་བདག་གཞན་ཚང་མས་ཞབས་འདྲེན་ཞུ་ངེས། གདམས་ཁ་འདི་ཁྱེད་བོད་གཞུང་གིས་ང་ཚོ་ལ་བཙན་གྱིས་འདེམས་བཅུག་པ་ལས། ང་ཚོས་ངོས་ནས་དགའ་བཞིན་སྤྲོ་བཞིན་བདམས་པ་ཞིག་གཏན་ནས་མིན།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ཇོ་ནང་པ་ལ་སྐུ་སྒེར་ནས་ཆེ་མཐོང་ཆེན་པོ་གནང་ཡོད། འོན་ཀྱང་ཇོ་ནང་བ་ཆོས་བྱེད་མི་སྣའི་ཁོག་ཏུ་ཆབ་སྲིད་ཀྱི་འདྲེ་ཞིག་འཛུལ་ཡོད་པ་མིན་ནམ། ཆོས་རྒྱུད་ཁག་གི་སྤྱི་མཐུས་དེ་མེད་བ་བཟོ་གནང་ན་ཇོ་ནང་ལ་ཤ་ཚ་དོགས་བྱ་མཁན་གྱི་ཆབ་སྲིད་པ་དག་འཇམ་ཐིང་ངེར་གནས་ཀྱི་རེད།

    Reply
  8. ཆོས་བཟང་། says:
    ལོ་ 14 སྔོན།

    ཇོ་ནང་ཚང་ལ་ཐུགས་ཁག་མི་འདུག    ཁོང་ཚང་གིས་མི་ལོ་བཅུ་གྲངས་རིང་བོད་གཞུང་ལ་རེ་བ་ཞུས་འདུག   སྙན་ཞུ་ཕུལ་འདུག   མི་ལོ་བཅུ་གཉིས་ལབ་ན་ཐུང་ཐུང་མ་རེད།   བོད་ཀྱིས་རྒྱ་ནག་གཞུང་ལ་བོད་ལ་རང་དབང་དགོས་ཟེར་བ་དང་།    ཇོ་ནང་ཚང་གིས་བོད་གཞུང་ལ་ཇོ་ནང་ཚང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་རོགས་ཞུས་པ་འདི་གཉིས་ལ་ཁྱད་པར་ག་རེ་འདུག་གམ། ངས་བལྟས་ན་རྒྱ་ནག་ལ་ཁག་མི་འདུག   རང་རེའི་བོད་གཞུང་གིས་ཇོ་ནང་ཚང་ལ་འཛིན་པའི་སྲིད་བྱུས་ངོ་མ་ཐབས་སྡུག་རེད།   ཇོ་ནང་ཚང་ལ་འགྲོ་མིའི་ཐོབ་ཐང་སྤྲོད་འདོད་མེད་ན་ཡང་།   རྒྱ་ནག་གི་སྔུན་ནས་ངོ་མི་ཚའམ།   རྒྱ་ནག་གིས་ཁུང་དགོད་བྱེད་ཀྱི་ལོས་ཡོད་འདོད་ཀ
    ཆབ་བྲབ་ཟེར་བ་ཁྱོད་འཇིགས་དགོས་ནི་མ་རེད།   འགྲོ་བ་མིའི་ཐོབ་ཐང་དང་།   ཆོས་ལུགས་རང་དབང་རྩོད་མཁན་ལ་འཇིགས་དགོས་ནི་མ་རེད།   འདི་ཚོ་དམངས་གཙོའི་ཁྱད་ཆོས་རེད།   ངས་བལྟས་ན་ཁྱོད་འཇིགས་དགོས་ས་ལ་འཇིགས་ཀྱི་མི་འདུག   འཇིགས་དགོས་ས་ངོ་མ་དེ་རྐུན་མ་དང་།   ཇག་པ་རེད།    དེ་ཚོ་ལ་ཁྱོད་འཇིགས་ཀྱི་མེད་ཀ   ལྷག་པར་རྩོམ་རྐུན།   ང་ངོ་མ་དེ་ལ་འཇིགས་ཀི་ཡ།   འདི་ད་རྫབ་ཆེན་རེད།

    Reply
  9. འཇིགས་མེད་སང་གེ says:
    ལོ་ 14 སྔོན།

    འཇིགས་དགོས་གནས་ལ་ཆབ་བྲག་མི་འཇིགས་ཤིང་། །
    འཇིགས་མི་དགོས་ལ་ཆབ་བྲག་འཇིགས་སྣང་བྱེད། །
    ཆབ་སྲིད་སྐྱངས་མི་ཤེས་ལ་ཁྱོད་མི་འཇིགས། །
    འགྲོ་བའི་ཐོབ་ཐང་རྩོད་ལ་ཁྱོད་རང་འཇིགས། །

    མིང་དོན་འགལ་བའི་གཞུང་ལ་ཁྱོད་མི་འཇིགས། །
    མང་མོས་བྱས་པའི་མིང་ལ་ཁྱོད་རང་འཇིགས། །
    ཆོས་འགལ་སྲིད་འགལ་བྱེད་ལ་ཁྱོད་མི་འཇིགས། །
    ཆོས་བརྒྱུད་ཐོབ་ཐང་སྤྲད་ལ་ཁྱོད་རང་འཇིགས། །

    ངོ་དགའ་ངོ་སྲུང་བྱེད་ལ་ཁྱེད་མི་འཇིགས། །
    ངོ་ཚའི་གནས་ལ་ཁྱོད་རང་ངོ་མི་ཚ། །
    དགའ་བར་འོ་ལ་ཁྱེད་རང་འཇིགས་སྣང་ཤར། །
    ཨ་ཚེ་ཅི་འདྲའི་མཁས་པ་ཁེ་མཚར་ཞིག །།

    Reply
  10. རྒྱང་མིག says:
    ལོ་ 14 སྔོན།

    བཙན་པོའི་བུ་་་ཅུང་ཙམ་འགྱུར་འདུག་་་ཡག་པོ་རེད་བསམ་བློ་འཁོར་སོང་བ་ཡིན་རྒྱུ་རེད། དེ་སྔོན་ཆོས་ལུགས་ཚོགས་ཆེན་འཚོགས་འཆར་སྐོར་གྱི་བཤམ་བཀོད་བསམ་ཚུལ་དེ་དངོས་གནས་སྐྱུག་བྲོ་བ་ཞིག་འདུག།རྗེས་མ་ནས་འཇིགས་སྐུལ་བྱེད་ངེས་ཡིན་ལ་བསླུ་བྲིད་བྱེད་ངེས་ཡིན་ཞེས་པ་ལྟ་བུ་མ་གསུང་རོགས།

    Reply
  11. རྒྱང་མིག says:
    ལོ་ 14 སྔོན།

    ས་དགེ་བཀའ་རྙིང་བོན་དང་བཅས་པས་སྔོན་མ་ཆབ་སྲིད་ཀྱི་སྐུབ་སྟེགས་བརྩད་དེ་རང་རང་གི་ལོ་རྒྱུས་དང་མི་རིགས་ཀྱི་ལོ་རྒྱུས་ལ་ནག་ཉེས་འཚབ་ཆེན་བཟོས་ཚར་བ་རེད། དེངས་སང་བསྟན་པ་དང་ལོ་རྒྱུས་རྨ་མེད་པའི་རྒྱལ་བ་ཇོ་ནང་ཚང་གིས་ཀྱང་ཡ་ང་བའི་འཇུག་འབྲས་ཤེས་བཞིན་དུ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་རྒུད་ས་དང་ཉམ་ས་རུ་ཧོལ་རྒྱུགས་བྱེད་ཀྱིན་འདུག། ད་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ནག་ཉེས་ཐོག་ཁོང་ཚོས་ཀྱང་ཞལ་འདེབས་མི་ཉུང་པ་ཞིག་བྱེད་ས་རེད།

    སེམས་ངོགས་གསལ་བར་སྟོན་པའི་གཞུང་ལུགས་ཀྱིས།།
    དེངས་ཡང་འཛིན་མའི་ཁྱོན་དུ་གྲགས་པས་འབར།།
    འོན་ཀྱང་ཕྱི་ནང་རྫུས་པའི་ཕུང་འདྲེ་འགས།།
    ད་ནི་རྩ་བརླག་གཏོང་བའི་བཤས་ར་འགྲེམས།།

    Reply
  12. ཏ་ལའི་ཕོ་ཉ། says:
    ལོ་ 14 སྔོན།

    བཀྲ་ཤིས་པའི་གླུ་དབྱངས་ལེན་ས་་་་་དྲྭ་འབུ་ཁྱེད་ཁ་ཁ་བསྡད་རོགས་་་་་་

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཇོ་ནང་བ་ལས་གཞན་ད་དུང། “མདོར་ན་བཤད་པའི་ཀ་ཆེན་རྣམ་བཅུ་དང། །སྒྲུབ་བརྒྱུད་ཤིང་རྟ་སྤྱི་དང་ཞི་བྱེད་སོགས། །མདོ་སྔགས་ཟུང་འབྲེལ་མན་ངག་དུ་མས་ཕྱུག །”ཅེས་གསུངས་པ་ལྟར་ཆོས་བརྒྱུད་ཆེ་ཆུང་གང་ཡིན་ལ་རིས་མེད་དང་འདྲ་མཉམ་གྱི་ཐོབ་ཐང་ལོས་ཀྱང་དགོས། ད་དུང་་ཁ་ཆེ་དང་ཡེ་ཤུ་སོགས་ཀྱང་བྱུང་དང་འབྱུང་རྒྱུ་རེད། ཚང་མར་སྤྲོད་དགོས། རྩོད་མཁན་རིམ་པས་འོང་གི་རེད། མ་བརྩད་ན་སྤྲོད་མི་དགོས་པ་ཞིག་ཀྱང་ཆགས་མེད།
    འོན་ཀྱང་ད་ལྟ་ཡོད་བཞིན་པའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་གནས་བབ་ལ་ལེགས་པར་བསམས་ན་ལམ་ལུགས་འདི་ཕན་ལས་གནོད་ཆེ་བར་བདག་གིས་མཐོང་ཞིང་འཇིགས། དེའི་ཐོག་ལ་ཆོས་བརྒྱུད་གཞན་དག་གིས་དམངས་གཙོའ་ཐོབ་ཐང་བརྩད་དུས་དེ་ལ་གཅིག་མཚུངས་སྤྲོད་མི་ཤེས་པའི་གནས་སྟངས་འདི་རིགས་མཐོང་དུས་ལྷག་པར་འཇིགས།
    སྤྱིར་ཆོས་ལུགས་ཚང་མ་ངོ་བོ་བཟང་ཞིང་ཚེ་འདི་ཕྱིར་ཕན་པ་ཉག་གཅིག་ཡིན་ན་ཡང་་ཆོས་ལུགས་མི་སྣ་འདྲ་མིན་ཡིན་པས་ཁོ་ཚོ་སྲིད་དོན་ནང་ལ་གདན་འདྲེན་ཞུས་ཡོང་དུས་ཉོག་དྲ་སྔར་ཡང་བྱུང་ལ་ད་ཡང་འབྱུང་བཞིན་ཡོད། མ་འོངས་པར་དེ་བས་ཀྱང་འབྱུང་ངེས་ཏེ། སྙིགས་མ་ལྔ་བོ་ཆེས་ཆེར་བདོ་ཞིང་རྟགས་ཙམ་འཛིན་པའི་དུས་ལ་ཉེ་བས་སོ། གནས་ལུགས་འདི་དགེ་བའི་བཤེས་གཉེན་དག་གིས་མཁྱེན་ངེས། དུས་བསྟུན་གྱི་བསྟན་པར་དག་ཐེར་གནང་སྟངས་ལ་དགེ་བའི་བཤེས་གཉེན་རྣམ་པ་མཁྱེན་ནོ་མཁྱེན་ནོ་ཞུ་བ་ལས་ད་ནི་ཞུ་ས་གཞན་ཞིག་མེད་པར་མཐོང།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བདག་ངོ་མ་འཇིགས། དེ་སྔ་ཞིག་ནས་འཇིགས། ད་དུང་འཇིགས། ཐོབ་ཐང་རྩོད་པ་ལ་འཇིགས། ཆོས་བརྒྱུད་ཐོབ་ཐང་རྩོད་པ་ལ་ལྷག་པར་འཇིགས། གནའ་བོའི་ལོ་རྒྱུས་དག་དྲན་བཞིན་འཇིགས། དེང་གི་གནས་ཚུལ་རྣམས་མཐོང་བཞིན་འཇིགས། མ་འོངས་མཇུག་འབྲས་ཤིག་བསམ་བཞིན་འཇིགས། དེ་བས་བདག་གིས་ཆོས་སྲིད་འཛིན་སྐྱོང་ལོགས་སུ་ཕྱེ་ནས་ཆོས་བརྒྱུད་སྤྱི་འཐུས་སྒོ་རྒྱག་དགོས་ཚུལ་ཡང་ཡང་བཤད་ཡོད། ད་དུང་ཤོད་རྒྱུ་ཡིན།

    Reply
  15. བཙན་པོའི་བུ། says:
    ལོ་ 14 སྔོན།

    སྐུ་ཞབས་བསྟན་འཛིན་བློ་གསལ་ལགས། སྐུ་ཉིད་ཀྱིས་དུས་ལ་བབ་པའི་བསམ་ཚུལ་དེར་རྗེས་སུ་ཡི་རངས་ཞུ།
    འོན་ཀྱང་། བཙན་བྱོལ་བོད་གཞུང་གིས་འདི་ལ་སྣང་མེད་བྱ་རྒྱུ་ཡིན་པ་ཐག་གིས་ཆོད། རྒྱུ་མཚན་ནི། ཁོང་ཚོར་ཁ་གཡར་ས་ཞིག་ཟུར་དུ་ཡོད་པ་དེ་རེད། དེ་སྔོན་ནས་ས་སྐྱ་ཚང་གིས་ངོས་ལེན་མེད་ཚུལ་བརྗོད་དེ་ད་བར་གནད་དོན་འདི་ལྷག་བསྡད་པ་རེད། གལ་ཏེ་གནད་དོན་མུ་མཐུད་དེ་ལྷག་རྒྱུ་ཡིན་ན། ང་ཚོས་ལམ་ཁ་གཞན་ཞིག་གདམས་ངེས་ཡིན་ཞེས་སྔ་མོ་ཞིག་ནས་ཞུས་ཟིན་པ་དེ་རེད། གནད་དོན་འདིའི་ཐད་ངེད་ཇོ་ནང་ཚང་གིས་ད་བར་མགོ་བཏུད་དེ་སྙན་ཞུ་དང་གསོལ་བ་བཏབ་ནས་བསྒུག་པ་རེད། འོན་ཀྱང་། གྲུབ་འབྲས་ཤིག་ནི་རི་བོ་རྭ་ལས་མ་དམིགས།
    གལ་ཏེ་ཇོ་ནང་ས་སྐྱའི་ཁུངས་སུ་གཏོགས་རབས་ཀྱིས་ཇོ་ནང་ལ་ཐོབ་ཐང་འདི་མ་སྤྲད་པ་ཡིན་ན། འོ་ན་ས་སྐྱའི་སྤྱི་འཐུས་ཀྱིས་ངེད་ཇོ་ནང་ཚང་གི་བདེ་སྡུག་སྐོར་ལ་ཟུར་ཙམ་ཡང་གླེང་སློང་མི་བྱེད་པ་དེ་ཅི་རེད། ང་ཚོས་ལམ་ཁ་གཞན་ཞིག་འདེམས་རྒྱུ་ཡིན་ཞེས་པ་དེ་ད་དུང་གསལ་བོ་བཤད་མེད་པས། ཁྱེད་ཅག་གིས་དེ་ལ་སྣང་བྱས་མེད་ཀྱང་། ནམ་ཞིག་ཁྱེད་ཅག་གིས་ད་འགྲིགས་མ་སོང་ཞེས་འགྱོད་པ་ཞིག་ཏན་ཏན་སྐྱེ་ངེས། ང་ཚོས་ལས་འགུལ་ཡང་སྤེལ་རྩིས་མེད་ལ་ལས་འགུལ་ཞིག་སྤེལ་ཀྱང་དེས་ཕན་མི་ཐོགས་པ་མིག་མཐོང་ལག་ཟིན་རེད། མདོར་བསྡུས་ནས་བཤད་ན། ནམ་ཞིག་ངེད་ཅག་གིས་བཙན་བྱོལ་བོད་གཞུང་ལ་ཆེས་མཐའ་མཇུག་གི་སྙན་ཞུ་དེ་ཕུལ་བ་ཡིན་ན། དེ་དུས་ང་ཚོ་ལ་དོལ་ཚོགས་ལས་ཀྱང་གདུག་རྩུབ་ཆེ་རབས་དང་། དགྲ་དགའ་གཉེན་སྡིག་ཅེས་བཤད་ཀྱང་འཕྱི་སོང་བ་རེད་ཅེས་བཤད་འདོད་བྱུང་། འདེམས་ཀ་འདི་ཨུ་ཐུག་སྟེ་བདམས་པ་ལས་དགའ་བཞིན་སྤྲོ་བཞིན་དུ་བདམས་པ་ཞིག་མིན་པ་ཚང་མས་ཤེས་པར་གྱིས།

    Reply
  16. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རྒྱ་གར་ནང་དུ་མི་གྲངས་ཀྱི་ཆ་ནས་ཧིན་དྷུ་མང་ཤོས་རེད་འོན་ཀྱང་ཁ་ཆེ་དང་ཡེ་ཤུ་སེག་ནང་པ་སོགས་ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་པ་རེད་དོན་ངོ་མའི་ཆོས་ལུགས་རིས་མེད་ཆགས་ཡོད།བོད་པས་ཀྱང་ཇོ་ནང་ལ་ཐོབ་ཐང་དགོས་བ་མ་ཟད་བོད་པ་ཁ་ཆེ་དང་བོད་པ་ཡེ་ཤུ་ཚོ་ལ་ཡང་མི་གྲངས་མང་ཉུང་ལ་མ་ལྟོས་པར་ཐོབ་ཐང་འདྲ་མཉམ་དགོས་ཀྱི་རེད།ང་ཚོས་གྲངས་ཉུང་མི་རིགས་ལ་ཐོབ་ཐང་རྩོད་ཀྱི་ཡོད་པ་དང་གཅིག་མཚུངས་རེད་ཁོང་ཚོ་ཚང་མ་ལ་འདྲ་མཉམ་སྤྲད་དགོས་ཀྱི་རེད།

    Reply
  17. རལ་གྲི says:
    ལོ་ 14 སྔོན།

    ང་ཚོས་དམངས་གཙོ་འདྲ་མཉམ་སོགས་ཁ་ལ་ཁྱེར་ནས་ ཆོས་བརྒྱུད་ཅུང་ཟད་མི་འདྲ་བའི་ཚོགས་སྡེ་རེ་ལ་སྤིྱ་འཐུས་རེ་དང་སྐུ་ཚབ་རེ་དགོས་ཟེར་ན་ ང་ཚོའི་སྤྱི་ཚོགས་ནང་གི་ཆོགས་ལུགས་མི་གཅིག་པའི་”ཁ་ཆེ”ཡེ་ཤུ”ཧི་ངྷེ”སོགས་ལའང་སྤྱི་འཐུས་དང་སྐུ་ཚབ་ཅིའི་ཕྱིར་མི་དགོས་”

    Reply
  18. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་སྒེར་ཡིག་ཚང་གིས་མི་མངོན་པའི་འཆིང་ཐག་དང་མི་ཆེན་སྐུ་དྲག་ཚོས་སྟག་སེང་ཁ་འཐབ་ཀྱི་བར་ནས་བཀའ་ཁྲི་དང་ཆོས་རིག་ལྷན་ཁང་ཟེར་བ་འདི་བྱིས་པ་ནར་མ་སོན་བ་བཞིན་ཉམས་ཆུང་ཞིག་རེད།ཁོང་ཚོས་ཆོས་རིག་ལྷན་ཁང་ལ་ཞུ་ནས་ཇོ་ནང་གི་ཐོབ་ཐང་ཞིག་གཏན་ནས་རེག་ཀྱི་ཡོད་པ་མ་རེད།

    Reply
  19. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ད་ལྟ་བར་དུ་ཇོ་ནང་རྣམས་ག་པར་གབ་རེད་། ལོ་༥༠་སྔོན་དུ་སྐད་ཆ་འདི་བཤད་ཡོད་ན་འགྲིག་ཚར་ཡོད་། ད་རྗེས་ལུས་རེད་ཚར་རེད་། འཕོ་འགྱུར་སྐབས་ལ་མ་གཏོགས་ཡོད་མ་རེད་ལོ་། དེ་ལས་སྒོམ་ཡག་པོ་རྒྱོབ་།

    Reply
  20. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐུ་སྒེར་ཡིག་ཚང་གིས་མི་མངོན་པའི་འཆིང་ཐག་མ་གྲོལ་བར་དུ་ཆོས་ལུགས་རིས་མེད་ཆགས་ཀྱི་མ་རེད།ཐོབ་ཐང་དེ་བཀའ་བློན་ཁྲི་པའམ་ཡང་ན་ཆོས་རིག་ལྷན་ཁང་དང་ཆོས་དོན་བཀའ་བློན་གྱིས་སྤྲད་ཐུབ་པ་ཞིག་མ་རེད་ལ།སྤྱི་འཐུས་གྲོས་ཚོགས་ཀྱིས་སྤྲད་ཐུབ་ཀྱི་མ་རེད།ཆོས་ལུགས་ཀྱི་ཐོབ་ཐང་ཟེར་བ་དེ་གསང་བའི་གནད་དོན་ཡོད་ཚད་ཐུག་ས་གཞན་ཞིག་ལ་ཐུག་ཡོད།

    Reply
  21. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཐུགས་ཁག་གཏན་ནས་མེད།བོད་གཞུང་གིས་ཆོས་ལུགས་རིས་མེད་ཟེར་བའི་སྐད་ཆ་འདི་མགྲིན་པ་ཡན་ཆོད་ཀྱི་སྐད་ཆ་ཞིག་རེད།གནད་འགག་ཐུག་ས་ཡོད་ཚད་དེ་སྐུ་སྒེར་ཡིག་ཚང་དུ་ཐུག་ཡོད།སྐུ་སྒེར་ཡིག་ཚང་གིས་མི་མངོན་པའི་འཆིང་ཐག་མ་གྲོལ་བར་དུ་ཆོས་ལུགས་རིས་མེད་གཅིག་ཆགས་ཀྱི་མ་རེད་ཟེར་ནས་ངས་སྔ་མོ་ནས་བཤད་མྱོང།༧རྒྱལ་དབང་ཀརྨ་པ་འཛམ་གླིང་ས་ཕྱོགས་གང་སར་ཕེབས་པའི་གྲྭ་སྒྲིག་བྱས་ཀྱང་རྒྱ་གར་གཞུང་ལ་ཁ་གཡར་ནས་རྡི་ལི་དོན་གཅོད་དང་སྡེ་སྲུང་ལས་ཁུང་གིས་མཐའ་གཅིག་ཏུ་འགོག་རྐྱེན་བྱ་ནས་གང་ལ་ཡང་ཕེབས་ཆོག་གི་ཡོད་པ་མ་རེད།གནས་ཚུལ་འདིས་རྐྱེན་པས་རྒྱལ་ཡོངས་བཀའ་རྒྱུད་ཡོངས་ཀྱིས་ཆོས་ལྡན་རང་དབང་དང་ཕེབས་བཞུགས་རང་དབང་དགོས་ཟེར་ནས་སྐད་འབོད་རྒྱག་དགོས་བའི་བསམ་ཚུལ་ཤུགས་ཆེན་བྱ་བཞིན་ཡོད་ཀྱང་ད་ལྟའི་བར་དུ་རྒྱལ་དབང་ཀརྨ་པ་རང་གིས་ནང་ཁུལ་ལ་རྙོག་དྲ་བཟོ་མི་ཉན་གསུངས་ནས་གནས་ཚུ་དེ་་ཚུལ་དེ་ཐོན་མེད།མུ་མཐུད་ནས་རྒྱལ་དབང་ཀརྨ་པ་ཕེབས་བཞུགས་རང་དབང་མ་སྤྲད་ན་སྐད་འབོད་བྱ་ངེས་ཡིན།ཇོ་ནང་པ་ཡང་ཁག་མེད་གནས་ཚུལ་འདི་འདྲ་མང་པོ་ཞིག་གིས་འགོག་རྐྱེན་བྱས་ཡོད་པར་ཐེ་ཚོམ་མེད་པར་བཤད་ཐུབ།

    Reply
  22. ཏ་ལའི་ཕོ་ཉ། says:
    ལོ་ 14 སྔོན།

    མང་པོ་བྲིས་ན་ཕན་མེད་རེད་་་་་་དེ་ལས་བུ་ཁྱེད་འཇོན་པོ་ཡོད་ན་ཨ་ཁུ་དམུ་དགེ་བསམ་གཏན་ཞལ་ལ་ཉན་ནས་ཇི་ནང་པའི་བསྟན་པ་དེ་འཛམ་གླིང་ཡུལ་གྲུལ་ཀུན་དུ་བལྕོ་ལྔའི་ཟླ་བ་ལྟར་སྤེལ་བ་བྱེད་ན་ལེགས། དེ་མིནཆོས་ལུགས་ཚོགས་ཆེན་ནང་མཉམ་བཞུགས་བྱེད་དགོས་པ་གལ་ཆེན་པོ་མ་རེད་ཟུར་ཉན་བྱེད་འདོད་ཡོན་དྲྭ་ཐོགས་ནས་ཟུར་ཉན་བྱེད་མཆོག

    Reply
  23. གནམ་ལྕགས། says:
    ལོ་ 14 སྔོན།

    རྔམ་གནག་བློ་ཡི་བདེན་པ་མ་མཐོང་བའི།།
    ཇུས་ངན་སྲིད་ཀྱི་ཁྲི་འཕང་སྲིད་ན་མཐོ།།
    ཉམ་ཆུང་ཁ་སྟབས་ཞན་པའི་འགྲོ་སྟངས་འདི།།
    མང་གཙོའི་གཞུང་ན་བདོག་པ་ཨ་རེ་སྐྱོ།།

    འཇིགས་མེད་སེང་གེའི་ཁྲི་འཕང་ཇུས་ཀྱིས་རྩོད།།
    བདེན་པའི་ལུགས་ལ་ཐལ་བ་ཇུས་ཀྱིས་འདེབས།།
    ལྷ་ཆེན་ཚངས་པའི་ཐིག་ཤིང་འཁྱོག་པའི་གཏམ།།
    བདག་གི་རེ་བའི་རྒྱལ་ཁབ་འདི་ལ་འབྱམས།།

    བདེན་རྫུན་དབྱེ་བ་དབང་དང་ཐོབ་ཀྱིས་འབྱེད།།
    དཀར་ནག་དབྱེ་བ་རྣམ་རྟོག་སྣང་བས་ཕྱེས།།
    བདེན་པའི་སོ་ཁ་རྟུལ་བའི་རིང་ལུགས་འདིས།།
    ཉམ་ཆུང་མགོ་བོ་གཅོད་པ་དེ་རིང་མཐོང་།།

    སེང་གེའི་ཞབས་རྗེས་ཁྱི་ཡིས་བསུབ་པ་འདི།།
    རྒུད་པ་ལས་ཀྱང་རྒུད་པའི་མཐར་ཐུག་ཉིད།།
    བཙན་པོའི་མགོ་བོ་འདེགས་སའི་བར་སྣང་ནས།།
    ཉམ་ཆུང་བྱེའུ་ཙམ་ཡང་འཕུར་དབང་བྲལ།།

    ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་ཙམ།།
    ས་ཡི་གཏིང་དང་འོག་ནའང་འདེབས་དབང་མེད།།
    མི་མངོན་བདེ་ལྡན་ཞིང་ན་འཚང་རྒྱ་བའི།།
    སྦྱོར་དྲུག་གྲུབ་པའི་སྡེ་དག་ཅིས་མི་སྐྱོ།།

    Reply
  24. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ཇོ་ནང་པར་རྒྱབ་སྐྱོར་ཡོད། བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚང་མ་དེ་འདྲ་རེད། ཁ་དོན་ཚིག་ལ་མི་མཚུངས་བའི་ལས་བྱེད་ཤ་སྟག་རེད། ས་སྐྱའི་ཁོང་རྟོགས་ཡིན་པར་བཤད་ཚུལ་ཀྱིས་རྒྱ་ནག་གི་བོས་ཆ་ཤས་ཡིན་པར་བཤད་པ་དང་གཅིག་པ་རེད། དོན་ལ་ལུང་ཁུངས་མེད་པའི་ལབ་རྡོལ་གཅིག་པུ་རེད། ད་ཁྱེད་རྣམ་པར་ཁག་མི་འདུག ལས་དོན་བྱེད་ན་བྱེད་ཀྱི་རེད། སྐུ་སྒེར་ཡིག་ཚང་དང་ཆོས་དོན་ལས་ཁུངས་ཚང་མ་མི་འབྱོར་ལྡན་དང་སྟོབས་ཆེན་མཐོང་དུས་སུ་གང་ཕྱག་ཡིག་རྒྱབ་ནོན་སྤྲད་ནས་ཆོས་རྒྱུད་ཁག་མང་པོར་གཏོར་བཤིགས་བཏང་ཡོད། དོན་ངོ་མར་དབུ་མ་གཞན་སྟོང་གི་བདག་པོ་རྒྱལ་བ་ཇོ་ནང་པར་ཐོབ་ཐང་མི་སྤྲད་པ་ནི་བསམས་གཞིགས་མ་བྱས་པའི་ལས་དོན་རྐྱང་རྐྱང་རེད།

    Reply
  25. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཇོ་ནང་པའི་ཆོས་བརྒྱུད་ལ་སུས་མཐོང་ཆུང་བྱེད་ཀྱིན་འདུག བོད་གཞུང་ནས་ཇོ་ནང་ག་དུས་མི་གྲལ་ནས་ཕུད་སོང་། བོད་གཞུང་གིས་ཇོ་ནང་པར་དངོས་ཡོད་དང་མཚམས་པའི་གནས་བབས་དགོས་སྐོར་ཕྱི་གསལ་ནང་གསལ་གསུངས་ཟིན་ཅིང་། ཡིན་ནའང་ད་དུང་ཇོ་ནང་སྤྱི་མཐུས་དང་ཇོ་ནང་པ་བོད་ཀྱི་ཆོས་བརྒྱུད་ཟུར་པ་ཞིག་ཏུ་བརྩི་རྒྱུའི་སྔོན་དུ་ཁྱེད་རང་ཚོས་ས་སྐྱ་པར་འབྲེལ་བ་བྱེད་དང་། ཅི་སྟེ་བོད་གཞུང་གིས་ལམ་སང་ཇོ་ནང་པ་བོད་ཀྱི་ཆོས་བརྒྱུད་ཟུར་གསལ་ཞིག་ངོས་འཛིན་བྱེད་ཚེ་ས་སྐྱ་པས་ག་རེ་བྱེད་ཀྱི་རེད་བསམ་བློ་གཏོང་། ཕྱོགས་གཉིས་ཀྱི་དཀའ་ངལ་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་ན་ད་གཟོད་ཧ་གོ་ནུས། ལར་ནས་ཇོ་ནང་པ་ཆོས་བརྒྱུད་ཟུར་གསལ་ཞིག་ཡིན་པ་བོད་ཀྱི་བླ་ཆེན་ཡོངས་ཀྱིས་ཞལ་བཞེས་གནང་ཟིན་རུང་། ས་སྐྱ་པས་ཇོ་ནང་ང་ཚོའི་ཡིན་ཞེས་སོར་གང་བློས་གཏོང་གིན་ཡོད་མ་རེད། དུས་ཚོད་ཀྱི་བརྒྱུད་རིམ་ཞིག་བརྒྱུད་ནས་ད་གཟོད་དུས་དང་མཚམས་པ་ཡོང་ཚེ་བོད་གཞུང་ནས་ཇོ་ནང་པར་གཞུང་གདན་ལེགས་པོ་ཞིག་ཕུལ་ཆོག་ཆོག་ཡིན་ངེས། །

    Reply
  26. འཇིགས་མེད་སང་གེ says:
    ལོ་ 14 སྔོན།

    བསྟན་འཛིན་བློ་གསལ་གྱིས་དངོས་གནས་བདེན་པ་དེ་བྲིས་འདུག
    ཕ་བཟང་གི་བུ།
    ང་ནི་ཁྱེད་ལ་མཐའ་གཅིག་རྒྱབ་སྐྱོར་ཡོད། ད་ཡིན་ན་ཇོ་ནང་སང་གིས་ལས་མགུལ་གཞན་པ་ཞིག་བྱེད་རན། སྙན་ཞུ་ཕུལ་ནས་ལོ་བཅུ་འཕྲག་བརྒལ་ཟིན་པས། ད་ནི་དེ་སྐྱར་ཟློས་བྱེད་པ་དུས་ཚོད་འཕྲོ་བླག་རེད།
    ལས་དོན་ཅི་ཞིག་ལ་ཐུག་ན། ད་ནི་སེམས་ཐག་མི་ཆོད་པ་གཅིག་ཀྱང་མེད་ཚད་ལ་སླེབས་ཚར་བ་རེད། ད་རིས་གྲོས་ཚོགས་འཚོགས་ཡོད་པ་དང་། ཆོས་ལུགས་ཚོགས་ཆེན་གཉིས་ག་འཚོགས་ཡོད་པའི་གོ་སྐབས་ཡག་ཤོས་དེ་ཤོར་མི་རུང་། ཚང་མ་སྡ་སར་འཛོམས་ཤོག ང་ནི་ག་དུས་ཡོང་རན་ན་ཡོང་བར་ཐེ་ཚོམ་ཙམ་ཡང་མེད། །།

    Reply
  27. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    ཆོས་ཀྱི་དོན་དག་གིས་མིན་པར་ཆོས་འཛིན་ཚན་པ་ཚོའི་ཕྱིའི་འཇིག་རྟེན་ཆོས་བརྒྱད་ཀྱིས་རང་རེ་གངས་ཅན་ལྗོངས་གནའ་སྔ་མོར་བསྐྱལ་ས་ཅིག་བསྐྱལ་རེད་ལ། དའང་ཅིག་ལ་མི་བསྐྱལ་བའི་ངེས་པ་ཁྱོན་ནས་ཡོད་པ་མ་རེད།

    གང་ལྟར། ཁ་བཙན་དབང་བཙན་ཚོས་དགོངས་པ་བཞེས། ཉམས་ཆུང་བདག་མེད་ཚོས་ཀྱང་དགོངས་པ་བཞེས་ནས། གང་ལྟར་ཇོ་ནང་ཆོས་བརྒྱུད་ལ་རྒྱ་གུང་བྲན་ཏང་གིས་ཆོས་བརྒྱུད་ཀྱི་ཐོབ་ཐང་གནང་མ་དགོས་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་རེད། དེ་མིན་ཐང་རྡོའི་ཚབ་ལ་རུམ་རྡོ་ལྷུངས་པའི་དཔེ་རུ་འགྱུར་བཞིན་འདུག

    ལར་ནས། ཇོ་ནང་པ་ཚོས་ཀྱང་། བཙན་བྱོལ་བོད་གཞུང་ཞེས་སྡང་གཟུགས་ཞེ་དྲག་མ་བསྟན་ན་ཡག་གི་རེད། གང་ལྟར་སོ་སོའི་མགོ་ན་ཡོད་པའི་གཞུང་རེད། བརྩི་བཀུར་དགོས་རྒྱུ་རེད། གཉིས་ནས། ཁྱེད་ཚོའི་ཐོབ་ཐང་སྐོར་ད་བར་ལས་སྣེ་གང་དང་གང་།གྲོས་ཚོགས་གང་དང་གང་གིས་བདག་པོ་མ་རྒྱབ་པར་གཡུག་བཞག་ཚུལ། ཡང་ན་ཆོས་བརྒྱུད་གཞན་གྱིས་ཐེ་བྱུས་བྱས་ན་འདྲ། གནས་ལུགས་རྒྱུ་མཚན་གསུངས་ནས་ཆོས་བརྒྱུད་དུ་མ་གྲུབ་པ་སྒྲུབ་ནའང་འདྲ། དེ་དག་རྒྱ་ཆེའི་མི་མང་ལ་གསལ་ཁ་མེད་དུས་གོང་གི་གནས་ཚུལ་འདི་འདྲའི་གནས་ཚུལ་ཞིབ་ཚགས་དང་། དོན་དག་སྙིང་བོ་གང་ན་འགག་ཡོད་མེད་སྟོན་ཐུབ་ཀྱི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese