ཟླ་བ་དགུའི་སྔོན་སྟེ། ༢༠༡༠ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༧ ཉིན་ཨབ་རི་ཁའི་རྒྱལ་ཁབ་ཆུང་ཆུང་ཊོ་ནེ་ཤི་ཡའི་གྲོང་གསེབ་ཅིག་ནས། ལམ་འགྲམ་དུ་ཤིང་ཏོག་བཙོང་མཁན་ཕོ་གསར་ཞིག་གིས་ལོ་མང་རིང་སྲིད་གཞུང་གི་མནར་གཅོད་མྱངས་པར་མ་བཟོད་པར་སྐུ་ཕུང་མེ་ལ་བསྲེགས་སོང་། དེའི་ཉེར་ལེན་ལ་བརྟེན་ནས་བྱང་ཨབ་རི་ཁའི་རྒྱལ་ཁབ་ཆུང་ཆུང་དེའི་ནང་དུ་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་བྱུང་སྟེ། ཉིན་ ༢༨ རྗེས་ནས་སྲིད་འཛིན་བྷེན་འ་ལེ་ཟེར་བ་ཁོའི་གཞུང་དང་བཅས་རྩད་རྫོག་བྱས་པ་རེད།
གནས་ཚུལ་འདིས་ཨ་རབ་མི་དམངས་ལ་བློ་སྤོབས་ཤིག་སྤྲད་དེ། ༼རྒྱལ་ཁབ་ཆུང་ཆུང་པོ་དེས་གླགས་རྙེད་པ་ཞིག་ང་ཚོས་གླགས་མི་རྙེད་པ་ཅི་ཡོད།༽ཅེས། མིང་ལ་ ཨེ་མན་ནོར་ ཞུ་བ་དང་། ཕ་རྒན་ཨི་རྗིབ་ཀྱི་ཆབ་སྲིད་བཙོན་པ་ཡིན་པ། རང་ལོ་ ༢༡ ལ་སོན་པའི་སློབ་ཕྲུག་ཞིག་གིས་མགོ་ཁྲིད་དེ། ༢༠༡༡ ལོའི་ཟླ་ ༡ ཚེས་ ༢༥ ཉིན། ཨེ་རྗིབ་མི་དམངས་ཀྱིས་ཨ་རབ་དཔྱིད་ཀ་ཅེས་པའི་མིང་དུ་གྲགས་པའི་ལས་འགུལ་བརྩམས་ཏེ། ཨི་རྗིབ་ཀྱི་སྲིད་གཞུང་མགོ་རྟིང་བསླགས།
ན་གཞོན་འདི་དག་གི་ལས་འགུལ་དང་ཆོད་སེམས་ལ་བརྟེན། ཊོ་ནེ་ཤི་ཡ་དང་། ཨི་རྗིབ། ལེ་བྷི་ཡ། སེ་རི་ཡ། བྷ་རེན། ཡེ་མིན་བཅས་སུ་བདུན་ཕྲག་རེ་ཟུང་གི་སྔ་ཕྱི་བྱས་ནས་གསར་བརྗེའི་ལས་འགུལ་བྱུང་། འཛམ་གླིང་སྟེང་འབྲེལ་བ་དང་གོ་རིམ་གསར་པ་ཞིག་སྒྲིག་མགོ་བཙུགས།
༼འགྱུར་བ་༽ཞེས་པའི་ཐ་སྙད་འདི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལགས་ཀྱི་ལས་འགུལ་གྱི་ཁ་གཡང་ལ་འགྲོགས་ཏེ། དབུས་ཤར་ཨེ་ཤ་ཡ་དང་། ལྷོ་ཨེ་ཤ་ཡ་སོགས་སུ་ཁྱབ། མིའི་རིགས་ལ་རེ་བ་གསར་པ་ཞིག་སྐྱེས་མགོ་ཚུགས།
གསར་བརྗེ་འདི་དག་གི་སྐབས། ང་ཚོས་ཕྱིར་སོ་སོའི་ཕ་ཡུལ་ལ་བལྟས། བོད་ཕྱི་ནང་གཉིས་ཀར་ན་གཞོན་གྱིས་མགོ་ཁྲིད་ཅིང་། ན་གཞོན་གྱི་མཉམ་ཞུགས་དང་ན་གཞོན་གྱི་རེ་བ་གཙོ་བོར་བྱས་པའི་ལས་འགུལ་གྱི་རྦ་རླབས་དྲག་པོ་ཞིག་ག་ལེར་གཡོ་བཞིན་པ་གསལ་ལེར་མཐོང་ཐུབ་གི་འདུག
ཡིན་ཡང་། སློབ་ཕྲུག་སྟོང་ཕྲག་ཅིག་སྔར་ནས་བསད་ཚར་བའི་པེ་ཅིན་གྱི་ལག་འོག་ནས་ཐར་བ་ལ། ན་གཞོན་མང་པོ་ཞིག་གི་ཚེ་སྲོག་གི་ཆ་རྐྱེནའདོན་གི་ཡོད་པ་འདྲ།
འདས་པའི་ཟླ་དྲུག་གི་རིང་། བོད་ནང་གི་ན་གཞོན་བཞི་ཡིས་རང་ལུས་མེ་རུ་བསྲེགས་སོང་། བོད་མི་ས་ཡ་དྲུག་གི་ནང་དུ་ཟླ་བ་དྲུག་རིང་མི་ ༤ མེ་རུ་སྲེག་པའི་གྲངས་ཀ་འདི་རྒྱ་ནག་གི་མི་གྲངས་ལ་བསྡུར་ན། ཟླ་བ་དྲུག་རིང་མི་ ༤༠༠༠ རེ་མེར་སྲེག་གི་ཡོད་པ་རེད། ཉི་མ་རེ་རེར་མི་ ༢༣ ཙམ་གྱིས་དམར་ཤོག་གཞུང་ལ་ངོ་རྒོལ་གྱིས་པེ་ཅིན་ནས་རང་ལུས་མེ་རུ་སྲེག་གི་ཡོད་པ་རེད། གནས་ཚུལ་འདི་ལྟའི་ཛ་དྲག་ཅིག་ཏུ་སླེབ་ཡོད་ན་ཡང་། ང་ཚོ་ད་དུང་༼འགྱུར་བ་༽ལ་ཐག་རིང་པོ་ཡོད་པ་ཙམ་དུ་མ་ཟད། ཐེ་ཚོམ་ཇེ་ཆེ་དང་གདེང་ཚོད་ཇེ་ཆུང་དུ་འགྲོ་གི་ཡོད།
འཛམ་གླིང་ཇེ་ཆུང་དང་འཛམ་གླིང་ན་གཞོན་ལ་དབང་བའི་སྐབས་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ ༢༠༡༡ ལོར་སྤྱི་ཚོགས་འབྲེལ་གཏུགས་ཀྱི་དྲ་ལམ། ངོ་དེབ་དང་ཊི་ཝེ་ཊར། ཡུ་ཊོབ་ལ་སོགས་པ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གྲས་སུ་གསལ་བསྒྲགས་བྱས། ཡིན་ཡང་། བོད་ནང་དུ། ང་ཚོར་ངོ་དེབ་མེད། ཊི་ཝེ་ཊར་མེད། ཡུ་ཊོབ་མེད། ང་ཚོར་གཞི་རྩའི་ཐོབ་ཐང་འདི་དག་མེད་པའི་དབང་གིས་རང་རང་ས་ནས་མེ་རུ་སྲེག་སྟེ། དེ་མུར་མཇུག་སྒྲིལ་གིན་ཡོད། ཅི་ཡིན་འདི་ཡིན་མེད་པར་ཐལ་བ་སྤར་མོ་གང་རེ་མཐོ་སྒང་གི་རླུང་ལ་སྐུར་གིན་ཡོད།
ང་ཚོར་ད་དུང་མི་འདང་ས་ཧ་ཅང་མང་། དཔེར་ན། ཨི་རྗིབ་ཀྱི་ན་གཞོན་འདི་དག་གིས་ལས་འགུལ་སྤེལ་ཕྱོགས་ལ་ལོ་མང་རིང་སྦྱོང་བརྡར་བྱས་པ་དང་། གསང་བའི་སྒྲིག་འཛུགས་ཀྱང་འདུག ང་ཚོར་མེད།
ད་ལོར་ང་ཚོའི་སྲིད་བློན་མཆོག་གིས་དམ་འབུལ་གྱི་ཉིན་མོར། བོད་རིགས་གཞོན་སྐྱེས་ཚོས་ཁོང་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཟེར།
༼ལགས་སོ། ཡིན་དང་ཡིན། ༽
ང་ཚོ་མེ་རུ་སྦར་ཆོག ང་ཚོ་མུན་ནག་གི་བཙོན་དུ་འགྲོ་ཆོག ང་ཚོ་ཤ་ཉོག་རུས་ཉོག་ཏུ་བཏང་ཆོག ང་ཚོའི་རྩིབས་རུས་ས་ལ་སྒོར་ཆོག ང་ཚོ་གཏན་དུ་ཕྱིར་ལོག་མེད་པ་བྱས་ཆོག རེད་དེ། ཨ་རབས་ཀྱི་དཔྱིད་ཀ་བཞིན་དུ། ང་ཚོར་ཡང་བོད་ཀྱི་དུས་ཚིགས་ཤིག་དགོས་པར་འདུག ང་ཚོའི་དཔྱིད་ཀ་ག་དུས་རེད།
ཨི་རྗིབ་དུ་ལས་འགུལ་དེའི་རིགས་ལམ་སློང་ཡོང་དོན་གཙོ་བོ་ཞིག་ནི། འབོལ་གདན་སྟེང་གི་ཚོགས་པ་ sofa party ཞེས་པ་ལས་འགུལ་གྱི་ནང་དུ་ཁྲིད་ཡོང་ཐུབ་སོང་བ་དེའི་དབང་གིས་རེད། འབོལ་གདན་སྟེང་གི་ཚོགས་པ་ནི་ནམ་རྒྱུན་ཡིན་ན་དཔིན་པོ་དང་ཤེས་ཡོན་པ། ཕྱུག་པོ། ལས་སྣེ་བ་བཅས་རེད། འདི་དག་ནི་ལས་འགུལ་འདི་དག་འབྱུང་སྐབས། འབོལ་གདན་སྟེང་སྡད་དེ་གཟུགས་མཐོང་བརྙན་འཕྲིན་ནང་ནས་སྲང་གི་ལས་འགུལ་དེར་ལྟ་མཁན་གྱི་གྲས་རེད། ང་ཚོ་བོད་ལ་ཡང་འབོལ་གདན་སྟེང་གི་ཚོགས་པ་འདི་མངོན་གསལ་དོད་པོ་ཡོད་སྟབས་ད་ནི་ཚང་མར་སྐུལ་མ་གཏོང་རན་རེད།
སླར་ཡང་དགེ་འདུན་པ་ཞིག་མེ་ལ་སྒྲོན་འདུག ཛ་དྲག་དེ་ཛ་དྲག་གི་ངོ་བོར་ངོས་འཛིན་བྱ་ཐུབ་དགོས་གི་རེད། དེས་མི་ཚད། འཛམ་གླིང་གང་ས་ནས་གནས་སྟངས་འདི་གསལ་བོ་ཐོས་པ་བྱ་དགོས་པ་རེད། དེ་དང་མཉམ་དུ་པེ་ཅིན་ཞི་མོལ་གྱི་ཅོག་ཙེ་སྟེང་ལ་མྱུར་ཏུ་ཡོང་རྒྱུར་སྐུལ་དགོས་པ་རེད། ཁ་ཡོད་ལག་ཡོད་ཀྱི་གྲོས་མོལ་ཞིག་མིན་ཚེ་ས་གནས་ས་ཐོག་གི་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་སེལ་མི་ཐུབ་པའི་དོན་དངོས་དེ་གྲོས་མོལ་ལ མ་ཞུགས་པའི་སྔོན་ནས་གསལ་བོ་བཟོ་དགོས་པ་རེད་འདོད།
རྭ་རྒྱ་བློ་དབང་དང་བོན་རྒྱ་བཅས་ཀྱི་དགོངས་ཚུལ་དག་ཀྱང་མ་ལུས་པར་བཀླགས་ཚར། ཀློག་སྤྲོ་བོ་དང་སྣང་བར་འགྲོ་བོ་བྱུང་།
རོ་ལངས་ལགས་ཕེབས་པ་བཟང་།
ང་ཚོའི་ཁ་གཏད་ལ་དཔག་པའི་ཆ་ནས་བསམ་ན། ང་ཚོས་རང་རང་གི་ནུས་པ་ཕྱོགས་གཅིག་ལ་སྤུངས་ནས་ཁ་གཏད་ཞེ་དྲག་བཅག་ཡོད་པ་རེད་འདོད། ད་དུང་ཡིན་ཡང་། བོད་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་མ་ཉམས་པར་ཡོད་པ་རེད། འདི་ལྟར་རེ་བའི་ཕྱོགས་ལ་ལྟ་རྒྱུ་ཡང་གལ་ཆེན་པོ་རེད།
རྡོ་རྗེ་ཚེ་རིང་ལགས་ཕེབས་པར་དགའ་བསུ་ཞུ།
ངའི་བསམ་པར། གངས་ཅན་སྐྱིད་གཤོངས་ནས་མི་འགྱངས་པར་བོད་རྒྱ་ཞི་མོལ་གྱི་གནས་བབ་ཐད་བསྐྱར་ཞིབ་བྱ་རྒྱུ་ཡིན་པ་དང་། ཆེད་ལས་སྲིད་བྱུས་ཉམས་ཞིབ་སྡེ་ཚན་ཞིག་ཀྱང་འཛུགས་རྒྱུ་ཡིན་ཚུལ་འདུག་པས། དེ་དག་གིས་ཉིད་ཀྱི་དྲི་བ་དེ་ཕལ་ཆེ་བར་ལན་གསལ་བོ་རེ་འབུལ་སྲིད་ལ། དེ་བཞིན། ང་ཚོའི་དཔྱིད་ཀ་ག་དུས་ཤར་ཐུབ་མིན་གྱི་ཐད་ལ། ཚོད་དཔག་རེ་བྱ་སྲིད་པས་དེ་དུས་ཅུང་གསལ་བོ་ཆགས་པའི་རེ་བ་ཡོད་ལ། བོད་ནང་གི་བྱིས་པ་ཚོར་བརྡ་ལན་དང་གོ་སྐོན་གསར་པ་རེ་ཡང་བྱ་སྲིད་པའི་རེ་བ་འཛིན་གི་ཡོད་ལགས།
ངོ་མ་མྱི་ནག་ཚང་འདི་པས་སྤྱི་ཚོགས་གི་ཆེས་ཟབ་ས་དེར་འཛུལ་ནས་དྲན་བརྡའི་གློག་ཞགས་འཁྱུགས་ཐེང་རེ་རེས།
ང་རང་དབང་མེད་པར་བསམ་གཞིག་གི་ཁྲོད་དུ་སྟིམ་འགྲོ།
ཡིན་ན་ཡང་། ང་ཚོའི་མི་རྒྱ་ཆ་དགུ་བཅུས་འགན་ཁྱེར་གྱིན་མི་འདུག་ལ། ཐ་ན་རྩོམ་རིག་འདི་དག་ཀློག་པ་དང་བསམ་གཞིག་ཙམ་ཡང་བྱེད་ཀྱིན་མི་འདུག
གཞིས་གྲོང་དང་དགོན་སྡེ། ཐ་ན་ཤེས་ཡོན་ལ་དོ་སྣང་ཡོད་ཟེར་མཁན་གྱི་གསར་འགྱུར་གྲྭ་གཞོན་སྐོར་ཅིག་ཀྱང་འདི་འདྲ་རེད།
ལྷག་པར་དུ་གྲྭ་ས་ནས་ཉི་མ་འཕུད་ཐབས་ཙམ་ལས་འགན་ཅི་ཡང་ཁུར་མི་དགོས་པའི་མིག་མདུན་གྱི་གྲྭ་གཟུགས་ཀྱི་ཕུངས་པོ་འདི་ཚོ་མཐོན་ཐེངས་རེ་རེར། ངས་ནུས་པ་མེད་རུང་དུས་བསྟུན་གྱི་དགོན་སྡེ་ལེགས་བཅོས་ཅེས་པའི་ཚིག་སྡོམ་འདི་རང་དབང་མེད་པར་འཆོར་འགྲོ་་་་་་་་་་མྱི་ནག་ཡ་་་་མྱི་ནག་་་་
སྐུ་ཞབས་ལུང་རིགས་ལགས། ཕྲན་ཐེ་བའི་མང་མང་ཞིག་གཟར་ནས་ཧད་ཡོད་སྐབས་ལ་དྲན་སྐུལ་འདི་བྱས་བ་ཤིན་ཏུ་ཐུགས་རྗེ་ཆེ་ཞུ། ཞོར་དུ་ང་ཚོ་ལག་དྲུག་ལ་གཏད་ཀྱིན་འདུག་བསམ་ཐོག ལག་ལ་འཛིན་འོས་བའི་ལས་གང་དེ་གཏན་འཁེལ་མ་བྱས་བའི་ཡར་སྔོན་ལ་ཅི་ཞིག་བསྡུ་གསོག་བྱེད་དགོས་བ་ཡིན་ནམ། མི་ལོ་བཞི་རྒྱུའི་རིང་གི་མཚན་གནས་རྗེས་འབྲེལ་ཀྱི་སྐུ་དབང་བསྡུ་གསོག་བྱས་བའི་ཞོར་ལ། སྟོད་ཀྱི་སྟེང་གཉིས་དང་འོག་གི་བཙན་གསུམ་རིང་ནས་འབོད་གོམས་དུ་གྱུར་བའི་གཞུང་སྲིད་ཀྱི་སྐད་ཆ་འདི་སྐྱུར་སོང་། ཁ་བ་གངས་ཅན་པའི་དབུགས་རྟ་རྔ་ཙམ་པོ་ཆད་འགྲོ་བར་དོགས་པས་རང་བཙན་ཀྱི་སྐད་ཆ་བསྡུ་གསོག་བརྒྱབ་པའི་ཞོར་དུ། མི་ལོ་དུ་མའི་རིང་གི་ལོ་རྒྱུས་ཁྲོད་ཀྱི་བདེན་དོན་དག་སྲུང་སྐྱོབས་བྱེད་མཁན་རང་བཙན་པ་ཚོ་ཉེས་ཅན་ཀྱི་ཚོད་དུ་ལྷག་སོང་། བོད་རྒྱ་ཞི་མོལ་མཐོང་ཆེན་དང་རྩིས་ཆེན་བྱས་ནས་ལན་བརྒྱ་ཆད་མཐུད་ཀྱིས་དམིགས་པ་རྩེ་གཅིག་ལ་གཏད་དེ་མྱུར་སྐྱོབས་ཀྱི་དགེ་ཕན་ལ་རེ་བཞག་ས་ནས་ལུང་ལྡིབ་སྟེ། ༧གོང་ས་མཆོག་གི་སྐུ་ཚེའི་སྨད་ལ་གཏུགས་སོང་།མཐར་ཐུག་གི་རེ་བཅའ་ས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ནས་པེ་ཅིན་གཞུང་གིས་མཆུ་ཏོ་བཙུམས་དགོས་བའི་གནས་ལུགས་ཞིག་ལ་ཐུག་འདུག བར་འདི་ནས་ང་ཚོས་ཅི་ཞིག་བསྡུ་གསོག་བྱས་རྗེས་ལག་འཛིན་གང་ཞིག་བྱེད་རྒྱུ་ཡིན་ནམ། འགག་དོགས་ས་དང གནད་ལ་ཐུག་སའི་འཐབ་རྩོད་ཀྱི་ལས་རིམ་འདི། མི་རབས་རྗེས་མའི་རྗེས་མ་ཡི་སྟེང་ལ་འབབ་ཀྱིན་པའི་ལས་དབང་ཞིག་ཡིན་པ་འདྲ། ད་ནི་ང་ཚོ་ལག་དྲུག་གནས་སྟངས་རང་རེད། རྒྱུ་མཚན་ཅིའི་ཕྱིར་དུ་གཞན་བསྟུན་དང་སྟབས་བསྟུན་ཀྱི་ལངས་ཕྱོགས་ཤིག་ལས། རང་སྟེང་ནས་བོར་ཞིང་རང་སྟེང་ནས་བཙལ་དགོས་བའི་བསམ་ཕྱོགས་ཞིག་མེད་སོང་བ་ཡིན་ནམ། གང་ལྟར་ཀྱང་འུ་ཐུག་བའི་ལག་དྲུག་གི་སྐབས་འདིར། པེ་ཅིན་གཞུང་གིས་སྐད་ཆ་དྲང་མོ་བཤད་ནས་འཛམ་བུ་གླིང་ནས་རྙེད་ཐབས་མེད་པའི་ཐབས་ཤེས་ཞིག བོད་མི་རང་སྟེང་ནས་ཡོད་མེད་གསལ་བོ་བཟོ་འདོད་ཀྱིས་སླར་ཡང་བོད་མིའི་གོམས་སྲོལ་ཀྱི་སྟེང་ལ་ནུར་ནས་ཆོས་སྲིད་གཉིས་ཀ་མདུད་ལོག་རྒྱག་འདོད་དེ་བསྟན་སོང་།དེ་ཡང་ང་ཚོའི་ལག་དྲུག་གི་ཁྲོད་ན་༧གོང་ས་མཆོགས་སྐུ་འཚོ་བཞུགས་ཀྱི་སྐབས་འདི་བོད་ཀྱི་བདེན་མཐའ་སེལ་འདོད་པའི་མོས་བ་ཞིག་ཡོད་དམ་མེད། མེས་བོ་བརྒྱུད་པའི་ཤ་ཞེན་རུས་ཞེན་ཀྱི་དཔུང་རོགས་ལ་དད་སྟོབས་ཞིག་ཡོད་དམ་མེད།མ་གྲོས་གཅིག་མཐུན་རྒྱག་གཅིག་མཆོངས་གཅིག་གི་ལངས་ཕྱོགས་ཤིག་བཟུང་ནས་རང་ཚུགས་ཐུབ་པའི་ཆིག་སྒྲིལ་དེ་ཡོད་དམ་མེད། མངོན་ལྐོག་ཕྱི་ནང་མེད་པར་དཔྱོད་ཤེས་ཀྱི་སྙིང་སྟོབས་རེ་བཟུང་ནས་ཚ་ཚ་འུར་འུར་ཀྱིས་ཕུ་འདེད་དེ་གཏོང་ཐུབ་དང་མི་ཐུབ།འདི་དག་རེ་རེ་བཞིན་དོན་དངོས་ཀྱི་ལག་འཛིན་དྲུག་པོ་དེ་ཡིན་ཚེ། ང་ཚོ་རང་སྟེང་གི་མཐུ་དང་ནུས་བ་ཤོར་མེད་སྟབས། སྐྱེས་བུ་རབ་འབྲིང་ཐ་གསུམ་ཀྱི་ཁམས་དང་མོས་བ་ལྟར་དེ་རིང་སང་ཉིན་ནས་རྒྱ་བསྐྱེད་དགོས་བར་འདོད་པ་འདི་ཡིན་ལ།ལག་དྲུག་གི་གནས་བབས་འདི་ནས་ཤོར་དང་མི་ཤོར་ཡང་མཐར་གཏུག་ན་མུ་མཐུད་དེ་བསྡུ་གསོག་གང་བྱེད་མིན་དེ་ལ་ཐུག་འདུག ད་ཐེངས་འདི་ཙམ་གྱིས་མང་བོ་ལབ་ན་གྲོགས་ཉོབ་འགྲོ་ན་ཐང་།
རྣམ་པ་གཉིས་ལ་ཐུགས་རྗེ་ཆེ། དེ་ནས་གྲོགས་འཇམ་མགོན་ལགས། ང་ལ་རེ་བ་སྐྲ་ཉག་ཙམ་ཞིག་ཡིན་རུང་འཇོག་རོགས། རེ་བ་བརླག་ན་རང་ཤི་རྒྱག་གི་རེད་ཅེས་སྐུ་མདུན་གྱིས་གསུང་གི་འདུག་ག ད་ནི་ཞེད་སྣང་མ་སྐུར་རོགས།
དོན་དག་མང་པོ་ཞིག་ལམ་ལྷོང་འགྲོ་གི་མེད་པ་བདེན་པ་རེད། གཞོན་སྐྱེས་དེ་ཚོ་ནང་བཞིན་བོད་མི་ཚང་མའི་སེམས་ནང་མེ་ལྕེ་དམར་པོ་རེ་འབར་བཞིན་པ་ཡང་གསལ་བོ་རེད། དེས་ན། ཆུ་འཁྱག་དེ་ཚོ་ངའི་སྟེང་ལ་གཏོར་གི་མ་འདུག
མྱི་ནག་ཚང་། ཁྱེད་ཡོང་དུས་དུས་བབ་དྲ་ཐོག་ན་བྲོ་བ་འདྲ་ཞིག་འདུག གཏན་དུ་མ་གྱེས་རོགས་གནང་། ང་ཚོ་ཁྱེད་དང་ཁྱེད་ཀྱི་རྩོམ་ལ་དགའ་བོ་ཡོད།
གྲོགས་མྱི་ནག་ཚང་། ད་ནས་བཟུང་འབར་ནས་ཐལ་དང་རྡུལ་གྱི་ལོག་རུང་ཚེ་སྲོག་གི་མཆོད་པ་འདི་འཕྲོ་བརླག་ཙམ་ལས། འདི་ལ་སེམས་ཀྱི་སྐྱོ་རོགས་བྱེད་མཁན་མེད་ལ་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་མཁན་ཡང་དེང་སང་དཀོན་པའི་ཚོད་རེད། རྒྱུ་མཚན་ནི་དེ་སྔོན་བོད་ནང་ན་སྐད་འབོད་བྱེད་གི་འདུག་ཟེར་བ་གོ་མ་ཙམ་གྱིས་ཀྱང་ཚང་མ་འུར་ཟིང་ཆེ་ལ། གཅིག་བྱེད་དགོས་པའི་གྲ་སྒྲིག་དང་སྟ་གོན་ཡང་ཚོགས་པ་དང་སྐྱིད་སྡུག་ཚང་མར་འདུག ད་ལྟ་སྙིང་རྗེ་ཟེར་བའི་གོམས་ཕྱོགས་ཀྱི་བཤད་སྟངས་ལངས་ཤོར་དེ་ལས་ཅང་མི་འདུག རྒན་གཞོན་ཚང་མ་དྲེད་ཚར་འདུག་ལ་དོ་སྣང་དང་དུང་ཤ་ཡང་དེ་ཙམ་མེད་པའི་ཚོར་སྣང་འདུག བཀའ་ཤག་གསར་བ་ཡང་ཁ་ཚོད་མེད་ཀྱི་ཚིག་ཚོད་མེད་ཙམ་ལས་བཀའ་སྤྱི་གཉིས་གཉིད་ཁུག་སྟངས་འདྲ་སེ་འདུག དཔྱིད་ཀའི་ཚ་རྡུལ་རྫོགས་ཤུལ་ནས་སྟོན་མགོ་འདི་ཧ་ཅང་མི་ཐེག་པའི་དུས་ཚིགས་ཤིག་མགོ་སྔ་ཡིན་པ་འདྲ། ད་དུང་དགུན་ཁ་དེ་ངོ་མ་གང་འདྲ་བྱེད་དམ།
རྒན་ལགས་ཀྱིས་མཐོང་ཆེན་བྱས་པ་མང་དྲགས་སོང་། གང་ལྟར་ཀྱང་ཐུགས་རྗེ་ཆེ།
མུ་མཐུད་ནས་བཤད་ན། ད་དུང་ཨར་རྟེན་གི་འདུག་གམ། ཐབས་ཤེས་ཡག་ཤོས་དེ་ང་ཚོས་བཙལ། ཐག་གཅོད་འདོམ་ཤོས་དེ་ང་ཚོས་བྱས། བློས་གཏོང་ཆེ་ཤོས་དེ་ང་ཚོས་བྱས། ཕམ་ཁ་ཆེ་ཤོས་དེ་ང་ཚོས་ཁུར། ང་ལ་མཚོན་ན་ཉེས་པ་འདི་དག་ཚང་མ་མགོ་སྐོར་གྱི་འོག་ནས་བྱུང་བ་མ་གཏོགས། ང་ཚོ་ལ་ནུས་པ་མེད་པ་མ་རེད་འདོད། ཆབ་སྲིད་ཟེར་བ་འདི་གཡོ་སྒྱུ་ཁྲམ་གསུམ་རྩ་བར་བྱས་པའི་ལས་ཀ་ཞིག་རེད། མི་སྒེར་མ་ཟད་མི་རིགས་ཤིག་ཡིན་ཡང་མགོ་སྐོར་གྱི འོག་ལ་ཚུད་གི་རེད་འདོད།
མྱི་ནག་ཚང་འདི་སྐད་ཆ་ནག་སེ་ཤོད་མཁན་ཞིག་ཡིན། མ་ཟད་སེམས་རྩེ་རྟག་པར་སྤྱི་ཚོགས་ཀྱི་ཟབ་སར་འཛུགས་ཀྱིན་ཡོད། དེ་བས་ཁྱེད་ཀྱི་དཔྱད་ཐུང་དག་ལ་རང་དབང་མེད་པར་ཅིག་བཤད་དགོས་པ་ཆགས་ཀྱིན་འདུག དཔའ་བོའི་ལ་རྒྱ་དཔའ་བོས་སྲུང་ཚུལ་དང་འདྲའོ།
བོད་ནང་ལ་ཡོངས་ཁྱབ་ཀྱི་བརྡ་ལན་གསལ་བོ་ཞིག་ཏག་ཏག་འབྱོར་གྱིན་མེད་པ་གསལ་བོ་རེད། དེ་ལ་ཐབས་ཤེས་ལོས་ཡོད། འོན་ཀྱང་ཁྲག་དང་ཚེ་སྲོག་གང་མང་ཞིག་མུ་མཐུད་མཆོད་དགོས།
གལ་ཆེ་ཤོས་གཞན་ཞིག་ས་ཁུལ་རང་སྐྱོང་གི་སྐོར་རེད། བོད་རིགས་རང་སྐྱོང་ས་ཁུལ་ཚང་མས་རང་སྐྱོང་ཚགས་ཚུད་ཐད་ལ་ཤུགས་རྒྱག་མ་ཐུབ་པར་མི་ཉུང་ཤས་ཤིག་གིས་ཚེ་སྲོག་མཐོ་ས་ཞིག་ལ་མཆོད་པ་འདིས་ནུས་པ་ཆེན་པོ་ཐོན་དཀའ་བར་མཐོང།
རང་སྐྱོང་གི་མིང་དོན་གཙོ་བོ་བོད་སྐད་ཡིན་པ་ལོས་ཤེས། འདི་འུ་ཚོའི་རྣམ་ཤེས་ཡིན་པའི་དབང་དུ་བཏང་ན་བར་དོ་ན་མགོ་འཁོར་བསྡད་ཡོད་པའི་ཚུལ་དང་འདྲ།
རུལ་སུངས་ལུགས་རྙིང་གཏོར་བ་འབངས་ཀྱི་ཆེད། །ཆབ་སྲིད་ཁེ་དབང་གླེང་བའང་འབངས་ལ་གཟིས། །ཐོབ་ཐང་ལ་རྒྱའི་རང་ཚུགས་འབངས་ལ་ལྟོས། །འབངས་ལ་དམིགས་པའི་བློ་དེ་མ་རྩ་ཡིན། །མ་རྩ་བོར་བའི་གསར་བརྗེར་འགྱུར་ལྡོག་མེད། རྨང་རྡོ་ཞིག་པའི་ཁེ་དབང་སྒེར་གྱི་ཡིན། །དམངས་སེམས་བོར་བའི་ལ་རྒྱ་ལྟོ་ལ་ཐུག ། རང་སེམས་རང་གིས་རྟོག་པའི་དུས་ལ་བབས། །
སྟོན་དཔྱིད་གང་ཡིན་ཀྱང་ཆོག་གི། མདོར་དེད་ན་ང་ཚོར་དགོས་རྒྱུ་དེ་གནད་ལ་ཁེལ་བའི་ཇུས་འགོད་ཅིག་དང་། ཇུས་དེ་བསྒྲུབ་པའི་བརྩོན་པ་གཉིས་རེད། ཇུས་མེད་པ་མ་རེད་བསམ། དབུ་མའི་ལམ་དེ་ཇུས་བཟང་པོ་དང་ཡག་ཤོས་དེ་རེད། བསྒྲུབ་པའི་བརྩོན་པ་དེ་ཧ་ཅང་དཀའ་མོ་འདུག ཆབ་སྲིད་པའི་མིང་གིས་རྫིག་པ་ཚོ་དང་། འཐབ་རྩོད་པའི་རྒྱན་ཆས་གཡོགས་པ་ཚོ། ཤེས་ཡོན་པའི་གྲགས་པས་མཛེས་པ་ཚོ། དཔལ་འབྱོར་གྱི་འབྱོར་བས་གཏམས་པ་ཚོ། ཆོས་ལུགས་ཀྱིས་ཅོད་པན་མཐོ་བ་ཚོ་གང་ལ་བལྟས་ཀྱང་། དོན་གྱི་རྡོག་རྡོག་དེ་རྒྱང་ནས་བསྐྱུར། གསོག་གསོབ་ལུང་པ་གང་མདུན་ལ་ལེན་བཞིན་འདུག་སྟབས། སྟོན་དཔྱིད་གང་ཡིན་ཀྱང་དཀའ་སེ་འདུག དཔེ་མཚོན་གཅིག་ཉིད་ཞུས་ན། ང་ཚོ་བཙན་བྱོལ་གྱི་རི་མགོའི་བ་ཁ་ནས་རྒྱལ་བ་རིན་པོ་ཆེ་ལ་ཐོབ་ཐང་རྩོད་མཁན་ཧ་ཅང་མང་པ་འདིས་ནང་དོན་ཧྲིལ་བོ་ཞིག་བསྟན་ཟིན་འདུག་པས། ཇི་སྲིད་ང་ཚོས་རང་ངོ་རང་གིས་གསལ་བོ་ཞིག་མཐོང་སྟེ། རང་གིས་ཅི་སྒྲུབ་རང་རིག་གིས་འཛིན་ནུས་པ་ཞིག་བྱུང་ན་ཕལ་ཆེར་དུས་བཞིའི་འགྱུར་ལྡོག་དེ་སྔ་ས་ནས་ཡོང་གི་རེད་བསམས།
རྒན་ལྷ་མོ་སྐྱབས་ལགས། ཁྱེད་ཀྱི་ལྷག་བསམ་དེ་ལོ་འདི་འགའི་རིང་ལ་ཡང་ནས་བསྐྱར་དུ་མཐོང་སོང་ལ། དེས་རང་ཉིད་ལ་ཡང་བློ་སྐྱེད་མི་དམན་རེ་བྱུང་། ད་དུང་ཡིན་ཡང་ཁ་མིག་ཡར་ལྟ་བྱེད་གིན་ཡོད།
དེ་ནས་སྐབས་ཐོག་གི་བསམ་ཚུལ་ཐད་ནས། བོད་ཀྱི་དཔྱིད་ཀ་ཤར་ཚར་མིན་དེ་མི་སོ་སོའི་ལྟ་སྟངས་རེད། སྟོན་ཁ་ཡིན་ན་ཡང་མི་འགྲིག་པ་ཅི་ཡོད།
གནད་འགག་ངོ་མ་དེ། གལ་སྲིད་ཁྱོད་བཀའ་བློན་ལ་བདམས་ན་ཐབས་ཤེས་འདྲ་ཡོད་དམ་ཅེས་པ་འདི་རེད། དྲི་བ་འདི་ངས་རང་ཉིད་ལ་སྔར་ནས་འདྲི་མྱོང་། ཨུ་ཐུགས་ཐབས་ཟད་ཀྱི་གནས་སུ་ལྷུང་འགྲོ་གི་འདུག
ཡིན་ཡང་། བར་སྐབས་ཤིག་ནས་བཟུང་འཆར་སྣང་ཇེ་མང་རེད། གཅིག་བྱས་ན།གལ་སྲིད་ང་བཀའ་བློན་ལ་བདམས་པ་ཡིན་ན་ང་ལ་ལས་རིམ་ཁ་ཤས་ཡོད་ས་རེད། ངས་ཉེ་ལམ་བོད་ཀྱི་གསར་འགོད་པ་ཚང་མ་ཡོད་ས་ནས། བོད་ནང་ལ་ང་ཚོས་ལན་ཏག་ཏག་ཅིག་འཕྲོད་གི་མེད་པ་འདྲ། གཞུང་གི་སྲིད་བྱུས་དང་བོད་ནང་གི་བྱིས་པ་ཚོའི་ལས་འགུལ་གཉིས་ཁ་ཁར་འགྲོ་གི་འདུག
འདིའི་ཐད་ལམ་སྟོན་འདྲ་ཡོད་དམ་ཅེས་ཡར་དྲི་བ་ཕུལ་སྐབས། བོད་ནང་གི་ཤེས་ཡོན་་པ་ཕལ་ཆེ་བས་ད་ལྟའི་སྲིད་བྱུས་འདིར་རྒྱབ་སྐྱོར་ཞུ་གི་འདུག་ཅེས་གསུངས་སོང་། ང་རང་ཐབས་ཟད་སོང་། ལས་རོགས་ཤིག་གིས་ཁྱོད་ཀྱི་དྲི་བ་ལ་ལན་སྐྱོན་གནང་མ་སོང་ཟེར། གང་ལྟར། དོན་དག་རེ་ཟུང་འགྲིག་གི་མེད་པ་འདྲ་བོ་འདུག
ང་ཚོ་ལག་དྲུག་ལ་གཏད་མི་འདུག༼མདོ་སྨད་ཀྱི་ཏ་སེ་རྩེས་སྐབས་ཀྱི་མཐའ་མའི་ཏ་སེ་དྲུག་ལག་ལ་ཉར་ཡོད་པ་དེའི་དོན་ཡིན༽ ད་དུང་འཕག་འཚེག་རྒྱག་རྒྱུ་ཡོད་པ་འདྲ་ཞིག་རེད།
བསྡུར་རྟགས་ནོར་འདུག
ང་ཚོའི་དཔྱིད་ཀ་སྔོན་མ་ནས་ཤར་ཚར་བ་རེད། ད་ལྟར་དབྱར་མགོ་མར་སླེབས་ཡོད། ང་ཚོའི་རེ་བ་སྟོན་ཁ་རེད། འོན་ཀྱང་སྟོན་ཁ་མེད་པའི་དགུན་ཁ་ཞིག་ཡོང་ན་ཐང།
གང་ལྟར་ང་ཚོས་ཁ ནང་ལ་འཁོར་ནས་ལེ་ལན་སུ་ལ་བདའ། གལ་ཏེ་ཁྱེད་རང་ཚོ་བཙན་བྱོལ་བའི་སྲིད་བློན་ལ་བསྐོས་ན་ཐབས་ཤེས་རེ་ཡོད་དམ། རྒྱ་གཞུང་དང་རྒྱ་མི་རིགས། དེ་དང་བོད་གཉིས་བར་གྱི་བསྡུར་རྟགས་དེ་བརྒྱ་ཆའི་དགུ་བཅུའི་བར་རྒྱང་ཡོད།
༧གོང་ས་མཆོག་གིས་སྲིད་དབང་ཡོད་ཚད་གང་མགྱོགས་ཐོག་གཞོན་སྐྱེས་རྣམས་ལ་རྩིས་སྤྲད་པ་འདི་དམིགས་ཡུལ་དེ་འདྲ་ཞིག་མཐོང་ནས་ཡིན་སྲིད་།
ཡིན་ཡང་བོད་ཕྱི་ལ་ཡོད་པའི་གཞོན་སྐྱེས་སམ་བོད་མི་དག་ལ་སྙིང་སྟོབས་དེ་འདྲ་བ་ཡོད་པའི་རྣམ་པ་གང་ཡང་མི་འདུག་།
ང་ཚོ་བོད་པ་ཚོ་གཉིད་ག་དུས་སད་ན་དེ་དཔྱིད་འགོ་མ་རེད། རང་རློམ་དངཆོག་ཤེས་ཀྱི་རྨི་ལམ་གཏོང་གིན་ད་དུང་མུ་མཐུད་དུ་གཉིད་ལ་ཤོར།
ང་ཚོར་དགུན་ཁ་ཤར་ནས་དུས་རབས་ཕྱེད་ཙམ་འགྲོ་གི་ཡོད་པས། ད་ལྟ་ཤར་རྒྱུ་ལྷག་པ་ནི་དཔྱིད་ཀ་ལས་མ་འདས་པ་རེད། འོན་ཀྱང་ང་ཚོའི་དཔྱིད་ཀ་ཤར་དུས་དེ་ཕལ་ཆེར་ད་དུང་དུས་རབས་ཕྱེད་མིན་ཙམ་འགོར་དགོས་ཀྱི་ཡོད་པ་འདྲ། ང་ཚོའི་དཔྱིད་ཀ་ཤར་དུས་དེ། རྒྱ་ནག་མི་དམངས་ལ་དཔྱིད་ཀ་ཤར་བ་དང་མཉམ་གཅིག་ཏུ་བཞད་རྒྱུ་ཡིན་པ་འདྲ།
དགུན་གཞུང་ཧ་ཅང་རིང་ཡང་། ད་དུང་དཔྱིད་ཀ་ཤར་རྒྱུའི་གྲབས་མི་འདུག ཕལ་ཆེར་དགུན་གཞུང་འདི་གྲང་སོང་བས་ཡིན་ནམ། ཡང་ན་གྲང་ངད་དེའི་ཕག་ན་དཔལ་འབྱོར་གྱི་བསླུ་བྲིད་ཡིབ་ཡོད་པས་ཡིན།
ལམ་དབུ་མར་དཔྱིད་ཀ་ཞིག་མེད་ན། རང་བཙན་ལ་ཁ་ཐག་ཧ་ཅང་རིང་། དེས་ན་ཁྱེད་ལ་གང་མགྱོགས་དཔྱིད་ཀ་ཞིག་དགོས་ན། ཁ་ཞེ་ངོ་ལྐོག་མེད་པར་དོན་དངོས་དང་འཚམས་པར་བསམ་གཞིག་ཅིག་གྱིས།
ངས་བསམ་གིན་བསམ་གིན། བཙན་བྱོལ་འདི་ངོ་མས་དཀའ་ལས་ཁག་པོ་དང་། གདོང་ལེན་ཆེན་པོ། མིག་རྒྱང་རིང་པོ། མཐའ་འཁྱོལ་བ་ཞིག་ལ་བསམ་བློ་བཏང་འདུག འདི་ཁོང་རིགས་ཀྱི་ཐུགས་སྐྱེད་ཡིན་པ་ཙམ་དུ་མ་ཟད། གནས་ཚང་རྒྱ་གར་ཚང་ཡང་ད་བར་དུ་ཕྱོགས་གང་ཐད་ནས་མཐུན་ཕྱོགས་སུ་ལངས་བསྡད་འདུག འདི་ཚོ་བརྗེད་ཉན་གི་མ་རེད་པ།
མི་ནག་ཚང་ལགས།
མི་ལོ་ལྔ་བཅའི་ནང་དུ་རྡ་རམ་ས་ལའི་ཕྱི་ནང་གསང་གསུམ་ལ་ཉམས་ཞིབ་མཐར་ཕྱིན་པ་ཞིག་བྱ་ན་གད་མོ་ཤོར་བ་དང་ངུ་ཤོར་བའི་གནས་ཚུལ་ཉུང་ཉུང་མ་རེད་ཁྱེད་ཀྱིས་ཀྱས་ལོས་མཁྱེན།
ང་ཚོར་དགུན་ཁ་ལས་ལྷག་མེད། དཔྱིད་ཀ་བསྐྱལ་ཚར་བ་རེད། སྤྱིར་ན་ང་ཚོ་མོ་ཊ་ཀོབ་ཏོ་དེར་བསྡད་ནས་དཔྱིད་ཀའི་ཕྱོགས་སུ་བསྐྱོད་ཀྱིན་ཡོད་མོད། ད་ལྟ་མོ་ཊ་ཀོབ་ཏོ་ནས་འཁོར་སྐྱ་ཆ་ཚང་བསྡུ་གསོག་བརྒྱབ་ཟིན་པས། ང་ཚོས་སྔར་གནས་སུ་ངལ་གསོས་ནས་ཡང་བསྐྱར་དགུན་ཁྲོད་དུ་ཞུགས་དགོས་པ་རེད། སྲིད་དོན་མཁས་དབང་ཟམ་གདོང་བླ་མས་ཀྱང་སྐུ་སྒེར་ཡིག་ཚང་དུ་དགུན་ཁར་སྒུག་ནས་བསྡད་ཡོད། ང་ཚོ་ཚང་མ་ཁོང་གི་རྗེས་སུ་འགྲོ།
ང་ཚོའི་ཕྱོགས་ནས་དམིགས་གསལ་ཀི་ཅང་ལས་རྒྱུ་མེད་ནོ་ཁྱེད་ཀྱིས་ཀྱང་ཤེས་ཀི་རེད། ང་ཚོར་ནམ་རྒྱུན་གོམ་ལོབ་ཏུ་སོང་ཡོད་པའི་ལས་འགུལ་ཟེར་ན་རེད། ཚོགས་པ་རེའི་ངོས་ནས་མར་མེ་ཁྲོམ་སྐོར་རེ་དང་གསར་འགོད་གསལ་བསྒྲགས་རེ། ད་དུང་མི་སྒེར་ངོས་ནས་རབ་བྱུང་ན་འདས་པོ་རྣམ་པའི་ཆེད་དུ་མཆོད་མེ་རེ་སྤར་ཀི་ཡོད་ན་མེད་ན་དེ་རེད། འདི་ནི་ལོ་འགའི་སྔོན་ནས་ང་ཚོའི་རྒྱུད་རིམ་ལྟ་བུ་དང་གོམ་གཤིས་འདྲ་བོ་རེད། དེ་ལས་དམིགས་གསལ་ཀི་ཚོར་བ་ཞེ་དྲག་ཅང་སྐྱེས་ཀི་མེད་ཀ ང་ཡང་འདིའི་གྲས་སུ་འཐུས།
དྲང་པོར་བཤད་ན། མེ་རུ་སྦར་ཚར་བ་དེ་དག་གི་ཚེ་སྲོག་ལ་འགན་ལེན་གྱི་ཆ་ནས། རྒྱ་བོད་གཉིས་ཀ་འདྲ་འདྲ་རེད། ང་ཚོར་ཉེས་པ་ཆེན་པོ་ཡོད་པ་རེད།
ཊོ་ནེ་ཤི་ཡའི་ཕོ་གསར་དེ་མེ་རུ་སྒྲོན་པར་དོན་གོ་ཆོད་པ་རེད། མི་རིགས་དེས་ཕོ་གསར་དེ་དམར་ལམ་ལམ་བྱེད་དུས་ཀྱི་ཁ་ཆེམས་དེ་ཏག་ཏག་སེམས་ལ་ཉར་ཏེ། ཁ་ཆེམས་ཇི་བཞིན་དུ་སྒྲུབ་པ་རེད།
ང་ཚོས་ག་རེ་བྱས་པ་རེད། གཞོན་སྐྱེས་ ༤ མེ་ལ་སྒྲོན་པ་རེད། ཁོས་ཚོའི་རེ་བ་དེའི་ཆེད་དུ་གཞུང་དང་དམངས། སྒེར་སོ་སོས ཅི་བྱས་པ་རརད། ངས་དྲན་གིི་མི་འདུག ཐ་ན། སེམས་ཀྱི་འགྱོད་གདུང་དྲག་པོ་ཞིག་ཀྱང་སྟོན་ཐུབ་མེད་བསམ་སོང་། ཁྱེད་ཚོས་ལས་འགུལ་བློ་འགྱོད་མེད་པ་རེ་སྤེལ་ཡོད་ན་མ་ཤེས།
ཉིན་ཞག་༣༦༠་ ང་ཚོ་དུས་བཞི་དང་འབྲལ་མ་མྱོང་མོད། འོན་ཀྱང་དུས་བཞི་གང་ཞིག་ལ་ལོང་སྤྱོད་མིན་དེ། རང་ཉིད་ལ་ཐུག་ཡོད། དཔྱིད་ཀ་སྒུག་ནས་སླེབ་ཡོང་རྒྱུ་ཞིག་མེད་ལ་རང་ཉིད་ཀྱི་དཔྱིད་དུས་ལ་རོལ་ཐུབ་དགོས་པ་མ་ཡིན་ནམ།
ཧ་ཧ་སྨྱོ་གཏམ་ཞིག་བཤད་པ་ཡིན
བཤད་བཤད་གཉིས་ཀ་བསྒྲུབ་ཐུབ་ན་བོད་ལ་སྔ་མོ་སྔ་མོ་ཞིག་ནས་དཔྱིད་ཀ་སླེབས་ནས་མ་ཚད་དཔྱིད་གླུ་སྙན་མོའང་གཏོང་གི་ཡོད་ཚོད་རེད། དེ་ནི་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པ་དང་ཆ་འདྲ་བོ་རེད། ཧ་ཧ་ཧ།
དྲ་གྲོགས་ཚོ་ཕེབས་པར་དགའ་ནས་ཡོད། རེ་རེ་ལ་ལན་འདེབས་བྱ་ཐུབ་གི་མི་འདུག
ད་རང་རང་གིས་ཅི་བསམ་གི་དེ་ཚོ་ཤོད།
བཀའ་ཁྲིས་ད་ལོར། ༼ང་ཚོའི་ཕ་མེས་ཡང་མེས་ཚོས་དེ་དུས་སྒྲུབ་ཐུབ་པ་ཞིག་ང་ཚོས་དེ་རིང་སྒྲུབ་མི་ཐུབ་པ་ཅི་ཡོད་༽ཟེར།
ཨི་རྗིབ་མི་དམངས་ཀྱིས། ནེལ་ གཙང་བོའི་སྟོད་རྒྱུད་དུ་ཡོད་པའི་ཊོ་ནེ་ཤི་ཡ་མི་དམངས་ཀྱིས་སོ་སོའི་སྲིད་གཞུང་རྫོག་ཐུབ་ན། ང་ཚོས་མི་ཐུབ་པ་ཅི་ཡོད་ཅེས་ཨ་རབས་ཀྱི་དཔྱིད་ཀ་དེ་ཤར་བཅུག་པ་རེད།
ད་བོད་པ་ཚོས། འ་ལེར་ཐོག་མར་ལས་འགུལ་རྩོམ་མི་ཐུབ་ཀྱང་། རྩ་བའི་རྩ་དོན་གྱི་གཏིང་རིམ་པ་དགུ་ན་ཉལ་བསྡད་པའི་དྲི་བ་དེ་དག་འདོན་ཐུབ་དགོས་པར་འདུག དྲི་བ་ངོ་མ་དེ་འདྲི་ཐུབ་སོང་ན། དེ་ནས་དྲི་ལན་འཚོལ་དགོས་པ་རེད་འདོད།
རེད། ང་ཚོའི་དཔྱིད་ཀ་སླེབས་པར་ལས་འགུལ་ཕྲན་ཙམ་སྔོན་མ་ནས་ས་ཕྱོགས་སོ་སོར་སྤེལ་བསྡད་པ་རེད། ཕྱི་ལོ་ཉིས་སྟོང་བརྒྱད་ལོར་གཞི་རྒྱ་ཆེ་བའི་ལས་འགུལ་རླབས་པོ་ཆེ་དེ་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བོད་ནང་མགོ་འཚུགས་བྱས་ཚར་བ་རེད། སྐབས་དེ་དུས་གསོད་རྒྱུ་ཚང་མ་བསད་ཚར་བ་རེད། འཛིན་རྒྱུ་ཚང་མ་བཟུང་ཚར་བ་རེད། ད་དུང་གཅར་རྡུང་སྐོར་གསུམ་མྱངས་པ་གྲངས་མེད་རེད། འབྲས་བུ་མ་ཐོན་པ་མ་རེད་དེ། ཕར་ཕྱོགས་ནས་སྲིད་ཇུས་ཟེར་ནའང་རེད། ང་ཚོར་འཛིན་པའི་ལངས་ཕྱོགས་ཇེ་མཁྲེགས་ནས་ཇེ་མཁྲེགས་ཡིན་དུས་ལས་སླ་བོ་ཡོད་པ་མ་རེད། འདི་གར་ཡོད་པའི་ང་ཚོས་བཤད་རྒྱུ་ཙམ་ལས་ཅང་འཇོན་ཀི་མི་འདུག་ལ་དྲངས་མོ་བཤད་ན་འཇོན་སའང་འགྲོ་ཀི་མ་རེད། གཙོ་བོ་བོད་མི་དམངས་ཀྱི་རང་དབང་ཅིག་བཤད་ཀི་ཡོད་དུས་རང་དབང་རྩོད་ལེན་འདི་ཡང་བོད་མི་བྱིངས་ནས་ལག་ལེན་ལ་འཁེལ་མ་ཐུབ་བར་དུ་དཔྱིད་ཀ་གསར་བ་ཞིག་འཆར་རྒྱུ་ཁག་པའི་ནང་གི་ཁག་པོ་རེད། འདི་ཚང་མ་མིའི་སྲོག་ལ་ཐུག་ཡོད་དུས་བཤད་དཀའ་ཀི་ཡ།
ང་ཚོ་མི་ལོ་ལྔ་བཅུ་དེ་དགུན་དགུན་རྐྱང་ཞིག་བྱས་ནས་ལོ་ནག་དེ་དུང་ཡང་རྫོགས་མེད་པས་ང་ཚོ་ལ་དཔྱིད་ཀ་ཞིག་ད་ལྟ་ཐག་རིང་པོ་རེད།
ང་ཚོས་མི་ལོ་ལྔ་བཅུའི་ལོ་ནག་དེ་ནི་ནང་འཁྲུག་དང་ཕྱོགས་རིས་ཀྱིས་བསྐྱལ་བ་རེད།
གནས་ཚུལ་དེ་མཇུག་སྒྲིལ་བའི་ཉིན་མོ་ནས་ཁ་ཁོག་མེད་པའི་ཆིག་སྒྲིལ་གྱི་གོང་བུ་ཞིག་ཏུ་ག་དུས་བསྒྱུར་ཐུབ་ན་ཉིན་མོ་དེ་ནས་བཟུང་ང་ཚོ་ལ་དཔྱིད་ཀ་ཞིག་ཤར་བའི་མགོ་འཛུགས་ཀྱི་རེད།གནས་ཚུལ་དེ་མཇུག་མ་སྒྲིལ་ན་བོད་མི་ཕྱེད་ཀ་མེ་ལ་སྒྲོན་ཡང་གྲུབ་འབྲས་སྨིན་གྱི་མ་རེད།དེ་ནི་མི་ལོ་ལྔ་བཅུ་ཕྱིར་མིག་དང་ཉམས་ཞིབ་ཡག་པོ་ཞིག་བྱ་ན་ལོ་ནག་དང་ཟླ་ནག་གིས་རྫོགས་ཡོད།ད་ང་ཚོ་མི་རབས་གསར་པ་ཚོས་ལོ་ནག་དང་ཟླ་ནག་དེ་ན་ཁ་གཏད་བྱ་ནས་དཔྱིད་ཀ་ཞིག་བུ་དགོས་བ་རེད།
སྐུ་ཞགས་ལགས ཁྱེད་ཀྱི་སྐད་ཆ་འདི་སུ་ཞིག་ལ་བཤད་ཀྱིན་ཡོད། ཁྱེད་ཉིད་སྐད་ཆ་འདི་བཤད་ཡུལ་ནང་ཚུད་ཡོད་དམ་་་ཡང་ན་བཤད་མཁན་ཁོ་ན་ཡིན།
ང་ཚོ་ལ་ཉི་མ་ ༣༦༠ ཡིས་མི་ཚད་པའི་དགུན་ཟླ་རིང་མོ་ཞིག་ཡོད་སྟབས། དཔྱིད་ཀ་ཤར་ཁག་པོ་རེད།
བོད་ཀྱི་དགུན་ཁ་དང་། འཁྱགས་ལ་འབྱར་བའི་བོད་པ། འཁྱགས་ཀློང་ནས་མ་བཟོད་པར། རང་ལུས་མེ་རུ་སྦར་བཞིན་པའི་བོད་པ། སོ་སོ་འཚིག་པ་མ་གཏོགས་གཞན་ལ་མི་གནོད་པའི་བོད་པའི་ལས་འགུལ། དཔྱིད་ཀ་ཅེས་པ་ཞིག་ཤར་རྒྱུ་མེད་པར་ཐག་བཅད་ཚར་བའི་བོད་པ། མགོ་རུམ་ལ་བཅུག་སྟེ། མི་སྐད་ཁྱི་སྐད་ཙམ་ཡང་མི་གོ་བའི་བོད་པ། ང་ཚོ་ལ་དཔྱིད་ཀ་ཞིག་དངོས་གནས་ཤར་རྒྱུ་མེད་པ་རེད་དམ།
མདོར་བསྡུས་ན། ཁ་རུ་དུང་ཆེན་འཛུགས་མཁན་སུ་ཡིན་ན་དེ་ནི་ང་ཚོའི་འཐབ་རྩོད་ཀྱི་དབུ་ཁྲིད་པར་བཞེངས་འགྲོ་བ་འདིས་རྟགས་ཡག་པོ་ཞིག་སྟོན་གྱི་མི་འདུག་ལགས།
ཡག་པོ་བྲིས་འདུག
ཁྱེད་ཀྱི་རྩོམ་ཡིག་འདི་ནི་དུས་ཐོག་ཆར་བའི་ཚུལ་དུ་ཐོན་བྱུང་། བོད་ཀྱི་བདག་དབང་འཐབ་རྩོད་ཐད་རིམ་པ་གཏིང་ནས་བསྔོགས་པའི་ལག་རྩལ་ཞིག་བསྩལ་བ་དང་འདྲ། ངས་བལྟས་ན། ང་ཚོར་ད་དུང་དཔྱིད་ཀ་ཤར་རྒྱུ་ཅུང་རིང་པོ་རེད། རྒྱུ་མཚན་ནི། ང་ཚོའི་འཐབ་རྩོད་མང་པོ་ཞིག་གཟུགས་བརྙན་ཡིན་པ་དང་། འཐབ་ས་མང་པོ་ཞིག་རང་ཉིད་ཡིན་པས་རེད། རང་ཉིད་རང་ལ་འཐབ་པ་དེ་ཡང་རིགས་པའི་སྤྱི་འགྲོས་དང་། ཆོས་ཉིད་ཀྱི་གནས་སྟངས་དང་འགལ་བའི་འཐབ་རྩོད་ཅིག་ཡིན་སྟབས་ང་ཚོའི་དཔྱིད་ཀ་ཧ་ཅང་ཐག་རིང་པོ་རེད། ང་ཚོའི་དཔྱིད་ཀ་ཧ་ཅང་ཐག་རིང་བའི་རྒྱུ་མཚན་ད་དུང་འདུག་སྟེ། བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། གཞོན་ནུ་ཚོགས་པ། དགུ་བཅུ་གསུམ་ཚོགས་པ་སོགས་སྟེ། ང་ཚོའི་འཐའ་རྩོད་ཀྱི་དཔེ་སྟོན་ཚོགས་པ་དག་གི་དབུ་ཁྲིད་ལ་བསམས་ན་ཡང་ང་ཚོ་དཔྱིད་ཀ་དང་ཐག་རིང་བའི་རྒྱུ་མཚན་རྙེད་ཐུབ། མ་ཧ་གན་རྡི་རྒྱ་གར་བཙན་འཐབ་རྩོད་ཀྱི་དབུ་ཁྲིད་ཆགས་པར་རྒྱུ་མཚན་ཡོད་པ་ལྟར། མར་ཏིན་ལི་ཁིན་མི་རིགས་ནག་པོའི་ཁེ་དབང་རྕོད་པའི་མགྲིན་ཚབ་པར་གྱུར་བ་ཡང་དེ་དང་འདྲ་ལ། མི་རིགས་ཀྱི་ཁེ་དབང་རྩོད་ལེན་གྱི་དབུ་ཁྲིད་སྔོན་བྱུང་བ་དག་ལ་བལྟས་ན་མང་ཆེ་བར། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་འགོག་པ་མེད་པར་འགྱུར། །ཞེས་པ་ལྟར་རེད། འོན་ཀྱང་། ང་ཚོའི་འཐབ་རྩོད་ཀྱི་མགོ་བོ་རྒྱུ་རྐྱེན་མེད་པར་བྱུང་དང་འབྱུང་གི་ཡོད་སྟབས། རྒྱུ་མཚན་ལྡན་པའི་ལུས་ཤིག་ཀྱང་ཧ་ཅང་དཀའ་མོ་རེད། འདིར་བཤད་པ་ནི། རྐྱེན་གཅིག་ཉིད་དེ། མུ་མཐུད་ན་ཧ་ཅང་མང་པོ་འདུག་གོ། །
རེད། ང་ཚོའི་དཔྱིད་ཀ་ནི་རི་བོང་གི་རྭ་དང་། རུས་སྦལ་གྱི་སྤུ། མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག་ལྟ་བུ་ཞིག་མིན་ནའང་། ཊོ་ནེ་ཤི་ཡ་དང་། ཨི་རྗིབ། ལེ་བྷི་ཡ། སེ་རི་ཡ། ཨ་རབ་ལྟ་བུའི་དཔྱིད་ཀ་མགྱོགས་མྱུར་ཆེ་ཞིང་། སྐྱེ་སྟོབས་དར་བ་ཞིག་ནི་གཏན་ནས་ཡིན་ཚོད་མི་འདུག་གོ ཡིན་ནའང་། ཁ་སང་རང་མེ་ལ་བསྲེགས་པའི་གྲྭ་ཕྲུག་འདི་དག་ནི་ང་ཚོའི་དཔྱིད་ཀ་བསུ་བའི་ཁུ་བྱུག་གི་འབོད་པ་ལོས་ཡིན།
དགོངས་དག འབེབས་འཁྲུག་བསྡད་འདུག