མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་སྲོག་ཅན་གྱི་སྒྲོན་མེ་དེ་དག་བོད་ཀྱི་རིག་གནས་ཤིག་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོན་རྒྱ་བསྟན་འཛིན་རབ་རྒྱས།

༡ བར་ཐག་དེའང་སེམས་པ་སྐྱོ་བའི་སྣོན་མ་ཞིག་རེད།

   ཁ་སང་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་ཚེ་སྲོག་མཆོད་མེར་སྒྲོན་པའི་གནས་ཚུལ་དེ་ཐོན་རྗེས་སེམས་ལ་རང་བཞིན་གྱིས་བྲེལ་ཤ་ལངས་ཤིང་བཀྲ་བྷེ་དང་། བློ་བཟང་ཕུན་ཚོགས། ཚེ་དབང་ནོར་བུ་བཅས་པ་དུས་གཅིག་ཏུ་མིག་མདུན་ལ་བཅར་ཡོང་བའི་སྣང་བ་ཞིག་ཤར་ཞིང་། གནས་གཅིག་ཏུའང་སྡོད་མི་ཚུགས་པར་ལས་ཁུངས་ནང་ནས་ཡར་འགྲོ་མར་འགྲོ་བྱེད་དགོས་པའི་ཚོད་ལ་གྱུར། དགོང་མོར་མེག་ལོར་ན་མར་མེ་ཁྲོམ་སྐོར་བྱེད་ཀྱིན་ཡོད་པ་གོ་བས་དེ་ལ་ཆེད་སྐྱོད་བྱས། སྐབས་དེར་གསར་འགོད་པ་ཞིག་གིས་བདག་ལ་དེའི་ཐད་བཅར་འདྲི་བྱས་ཤིང་། གནས་ཚུལ་དང་གནས་ལུགས་ལ་བསམ་ཞིང་བསམ་ཞིང་སྐད་ཆ་བཤད་དུས་གློ་སྙིང་མཆིན་གསུམ་དུས་གཅིག་ཏུ་ཡར་ལངས་ཏེ་ངག་གིས་ཀྱང་ཇི་བཞིན་མི་འཁྲོལ་བའི་གནས་སུ་གྱུར། དེ་ནི་གཞན་ཅི་ཡང་མིན་པར།  རྒྱ་ནག་ལ་གློ་མེད་ཅིང་རྒྱལ་སྤྱི་ལ་མིག་མེད་ནའང་།  བོད་པ་ལ་བར་ཐག་མེད་ན་འོས་པ་ལ་བསམས་པ་དེ་རེད། ངའི་བརྩེ་སེམས་ཀྱི་བསིལ་ཆབ་འཐོར་བའི་གྲྭ་ཕྲུག་ཚོས་ཚེ་སྲོག་མར་མེར་སྒྲོན་ནས་ཁྲོམ་སྐོར་བྱེད་དུས།  ངས་ཞག་སྒྲོན་རྐང་གཅིག་གི་མར་མེ་སྒྲོན་ནས་ཁྲོམ་སྐོར་བྱེད་པར་ང་ཡ་ང་ཞིང་ངོ་ཚ་བ་དེའང་རེད།  ཡིན་ནའང་། ངས་ད་གཟོད་བར་ཐག་དང་ཧེ་བག   དོན་རྣམ་དང་འདྲ་རྣམ།  དོན་དངོས་དང་ལད་ཟློས་སོགས་ཀྱི་དབྱེ་ཁྱད་གསལ་བོར་ཤེས་སོང་། གོ་རྟོགས་དེའི་རྐྱེན་གྱིས་ངའི་གློ་སྙིང་མཆིན་གསུམ་གྱིས་དུས་གཅིག་ལ་ཆ་ལངས་བརྡབས་ཤིང་ངས་ངག་གིས་ཀྱང་མ་འཁྲོལ་བ་རེད། ངའི་གྲྭ་ཕྲུག་ཚོས་སྲིན་པོའི་མཆེ་བར་ནས་མར་མེ་ཁྲོམ་སྐོར་གནང་བ་རེད། ངས་མེག་ལོར་ཁྲོམ་ལམ་ནས་མར་མེ་ཁྲོམ་སྐོར་བྱས་པ་ཡིན་འདི་ནི་གནས་ཀྱི་ཁྱད་པར་རེད། ངའི་གྲྭ་ཕྲུག་ཚོས་བྱང་ཆུབ་སེམས་ཀྱི་གདགས་གཞི་བདག་གཞན་མཉམ་བརྗེས་དངོས་སུ་བྱས་ནས་ཁྲོམ་སྐོར་གནང་བ་རེད། ངས་བྱང་ཆུབ་སེམས་མཆོག་མ་ཁ་ནས་དབྱངས་ལ་གྱེར་ནས་ཁྲོམ་སྐོར་བྱས་པ་ཡིན་འདི་དོན་དངོས་ཀྱི་བར་ཁྱད་རེད། ངའི་གྲྭ་ཕྲུག་ཚོས་སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་ཀྱི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་དང་བོད་ ཁ་བ་ཅན་གྱི་ཆེད་དུ་ཁྲོམ་སྐོར་གནང་བ་རེད། ངའི་ཁོང་གཉིས་ཀྱི་སྐུ་སྲོག་ཤོར་མེད་ན་རྒྱལ་སྤྱིའི་གནོད་ཤུགས་ཀྱི་འོག་ནས་ཕྱི་རྒྱལ་ལ་སྨན་བཅོས་བྱེད་པར་ལེན་ཨེ་ཐུབ་བམ་དང་།  མེ་སྐྱོན་ཚབས་ཆེ་ཞིང་གསོན་པར་རེ་བ་མེད་ན་མྱུར་ཏུ་གྲོངས་པར་ཤོག་ཅེས་པ་ཙམ་ཡིན། འདི་ནི་དམིགས་ཡུལ་གྱི་ཁྱད་པར་རེད། ངའི་གྲྭ་ཕྲུག་ཚོས་རིན་ཐང་གཞལ་དུ་མེད་ཅིང་སུས་ཀྱང་ཁབ་གཙག་རེའང་བྱེད་མི་ནུས་པའི་རིན་ཆེན་གསེར་གྱི་སྐུ་ལུས་མེར་སྒྲོན་ནས་ཁྲོམ་སྐོར་གནང་བ་རེད། ངས་ཚོར་བས་མ་ཟིན་ཞིང་རིན་པའང་མི་དགོས་པའི་ཞག་སྒྲོན་རྐང་ཐུར་གཅིག་མེར་སྒྲོན་ནས་ཁྲོམ་སྐོར་བྱས་པ་ཡིན་འདི་ནི་བློས་གཏོང་གི་ཁྱད་པར་རེད། ཡང་ན་བར་ཐག་རེད།  བར་ཐག་འདིར་བསམ་ཞིང་བསམ་ཞིང་ང་ལ་དངོས་གནས་སེམས་གཟེར་རྒྱག་གི་འདུག  ནམ་ཞིག་ང་ཚོ་གཞིས་བྱེས་གཉིས་ཀྱིས།  ང་ཚོ་ས་ཡ་དྲུག་གིས། ང་ཚོ་སྐྱ་སེར་གཉིས་ཀྱིས་བར་ཐག་མེད་པའི་ལས་འགུལ་ཞིག་སྤེལ་ཐུབ། དེ་དུས་རྒྱལ་སྤྱིས་ཀྱང་མ་རིག་ཟེར་ས་ཨེ་ཡོད། དེ་དུས་འཛམ་གླིང་གིས་ཀྱང་མ་མཐོང་ཟེར་ས་ཨེ་ཡོད།  དེ་དུས་རྒྱ་ནག་གིས་ཀྱང་མ་ཤེས་ཟེར་ས་ཨེ་ཡོད། དེ་དུས་ད་གཟོད་ང་ཚོས་ལས་འགུལ་སྤེལ་བ་རེད་ལ།  དེ་དུས་ད་གཟོད་ང་ཚོས་འཐབ་རྩོད་བྱས་པ་རེད་ལ། ང་ཚོའི་སྐྱེ་བ་ལ་གོ་རིམ་ཡོད་ཅིང་ང་ཚོའི་འཆི་བ་ལ་གོ་རིམ་མེད་ན་འོས་པ་ལ། དཀོན་མཆོག་གིས་ནམ་ཞིག་ལ་ང་ཚོ་མཉམ་དུ་འཆི་བའི་གོ་སྐབས་སྩོལ་རྒྱུ་ཡིན། དེ་ནི་བདག་གིས་དཀོན་མཆོག་ལ་ཞུ་འདོད་པའི་གཉོམ་དུང་དུང་གི་འབོད་པ་ཡིན།

༢ མུན་པའི་ངོ་གདོང་ནས་འབར་བའི་ངའི་གྲྭ་ཕྲུག་ཚོ།

     ངའི་གྲྭ་ཕྲུག་ཚོ།  ངའི་སྙིང་གི་ཚིལ་ལི་དང་སེམས་ཀྱི་བླ་རུས་ལྟ་བུའི་གྲྭ་ཕྲུག་ཚོ།  ལོ་རྒན་ལྔ་བཅུར་ཁ་ནང་མིག་ནང་ལ་འཁྱུག་པའི་མུན་པ་ནག་པོ་དེའི་ཁ་གཏད་དུ་འབར་སོང་། མི་དང་མི་མིན་དུང་ཕྱུར་བཅུ་གསུམ་གྱི་སེམས་རྒྱུད་ནས་ཤ་རུས་ལ་འཐིབས་པའི་མུན་པ་དེའི་ངོ་གདོང་ནས་འབར་སོང་། ངའི་བརྩེ་བའི་གྲྭ་ཕྲུག་ཚོས། གཏིང་མཐུག་ཅིང་གྲིབ་གནག་པའི་མུན་པ་དེ་བསལ་ཆེད་རང་གི་ཆེས་གཞལ་མཐའ་མེད་པའི་ཚེ་སྲོག་ལ་མེ་བགོས་སོང་། ངའི་བརྩེ་བའི་གྲྭ་ཕྲུག་ཚོ། ཁྱེད་ཅག་པང་བསྒྲིགས་ནས་ཚེ་སྲོག་མཆོད་མེར་སྒྲོན་སྟངས་འདི་ནི། འཛམ་གླིང་ལོ་རྒྱུས་སྟེང་གི་ཤོག་ལྷེ་གསར་བ་ཞིག་རེད། ། རྒྱ་ནག་གི་རྔམ་མཐུག་པོའི་མུན་པ་དེ་དང་།  ཕྱི་ཤུན་ནང་ཤུན་དགུ་བརྩེགས་ཅན་གྱི་རྒྱལ་སྤྱིའི་མིག་ཤེལ་དེ་གསལ་ཐབས་སུ། སྟོབས་ཀྱིས་སྦར་ཞིང་འབར་བའི་སྒྲོན་མེ་ཁྱེད་ཅག་ནི།  མུན་པ་མཐའ་དག་གི་ཁ་གཏད་དུ་སྦར་ཞིང་འབར་བའི་སྒྲོན་མེ་སྲིད་ན་དཀོན་པ་དེ་རེད  ཁྱེད་ཅག་གིས་”ཞི་བདེ་ཞི་བདེ་”ཞེས་འབོད་ཅིང་”འཚེ་མེད་འཚེ་མེད་”ཅེས་སྨྲ་མཁན་ཚོར་ཞི་བདེ་དང་འཚེ་མེད། དྲང་བདེན་དང་གཞན་ཕན་ཞེས་པ་དམར་རྗེན་རུས་རྗེན་ལ་ར་སྤྲོད་བྱས་ཡོད། འདི་ནི་ཆོས་ལུགས་ཕལ་ཆེར་གྱིས་བཤད་ཀྱིན་པའི་བཟོད་པ་དང་སྙིང་རྗེ་སོགས་ཀྱིས་དྲངས་པའི་སེམས་བསྐྱེད་ཚད་མཐོ་ཤོས་དེ་རེད། འདི་ནི་རྩོམ་པ་པོ་ཕལ་ཆེར་གྱིས་སྨོན་པའི་སྙིང་སྟོབས་ཞེས་པ་དེ་རེད།  འདི་དག་གིས་འཛམ་གླིང་སྟེང་གི་གཟིམ་མེད་ཀྱི་མར་མེ་ཚེ་འབར་ལྟ་བུའི་འཚེ་མེད་ཞི་བདེ་པ་དང་དྲང་བདེན་པ་གན་དྷི་དང་མར་ཏིན་ལི་ཁིན་སོགས་ཀྱིས་བརྒྱུད་མྱོང་བའི་འཚེ་མེད་ཞི་བའི་ལུགས་སྲོལ་ལས་ཀྱང་ཐོད་བརྒལ་གྱི་ལམ་ལུགས་ཤིག་གསར་གཏོད་བྱས་ཡོད།  འདི་དག་གི་རླབས་ཆེ་བའི་མཛད་སྤྱོད་འདི་རྒྱལ་སྲས་བྱང་ཆུབ་ཀྱི་སྤྱོད་པར་གོ་བློ་ཐོས་བློ་ཙམ་གྱི་སྐལ་བའང་ཆད་པ་དག་གིས་གླེན་རྟགས་སུའང་འདོད་སྲིད་པ་མ་ཟད་ཧམ་བཤད་ཀྱིས་ནང་བའི་དགེ་འདུན་པ་ཞིག་གིས་མི་རུང་བར་ཡང་སྨྲ་སྲིད། ཡིན་ནའང་། འདི་ན་བཟོད་པའི་ཕར་ཕྱིན་ཞེས་པ་དེའི་ཉམས་ལེན་ཡོད་ཅིང་། འདི་ན་སྟོབས་ཀྱི་ཕར་ཕྱིན་ཞེས་པ་དེའི་རང་བཞིན་ཡོད་ལ། འདི་ན་ཐབས་ཀྱི་ཕར་ཕྱིན་ཞེས་པ་དེའི་ལམ་སྟོན་ཡང་ཡོད་པས།  དགེ་འདུན་པས་མི་རུང་བར་སྨྲ་བའི་ཁྱི་ཁ་དེ་དག་བཙུམ་ན་འོས་པ་ལ། མུན་པར་ཁ་གཏད་པའི་ཚེ་སྲོག་ཅན་གྱི་སྒྲོན་མེ་འདི་དག་ནི་བསམ་ཤེས་ན་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་ཞིག་རེད་ལ།  གཞལ་དཀའ་བའི་བོད་ཀྱི་རིག་གནས་ཤིག་ཀྱང་རེད་འདུག་པས། གནས་ལུགས་ལ་ངེས་ཤེས་འདྲོངས་པའི་མི་ཤེས་རབ་ཅན་དག་གིས་མ་གཏོགས་རྒྱལ་སྤྱི་དང་རྒྱ་ནག་ཟེར་བའི་ཞ་ར་དེ་དག་གིས་ཇི་བཞིན་འཇལ་ནུས་པ་ཞིག་ག་ལ་ཡིན། དེ་ལས་ཀྱང་ཁ་གསལ་དུ་བཤད་ན”གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ”ཞེས་པའི་ཆོས་ལུགས་ཤིག་གིས་སྲོག་སྙིང་བཟུང་བའི་རིག་གནས་ཤིག་རེད།  འདི་དག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཁ་ནང་ལ་འཕྲེད་ཀྱིས་བཟུང་བའི་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དང་། རང་དབང་། ཞི་བདེ། དྲང་བདེན། འཆམ་མཐུན་ཟེར་བའི་ཐ་སྙད་ཤི་བོ་དེ་རིགས་ལ་སྲོག་དབུགས་གསར་བ་ཞིག་སྩོལ་ངེས་པ་རེད། ཆོས་ལུགས་པས་བཤད་ཚོད་ལ།  དམྱལ་བ་ནས་དམྱལ་བ་བརྒྱུད་དེ་མར་མར་སོང་ནའང་ནམ་ཞིག་དམྱལ་བ་ནས་དམྱལ་བ་བརྒལ་ཏེ་ཡར་ཡར་ཡོང་ས་ཞིག་ཡོད་པར་བཤད་པ་བཞིན།  ང་ཚོས་ཀྱང་ཕམ་ཁ་ནས་ཕམ་ཁ་བརྒྱུད་ན་ནམ་ཞིག་རྒྱལ་ཁ་ནས་རྒྱལ་ཁ་བརྒྱུད་རང་དབང་གི་འཇིག་རྟེན་ཞིག་ལ་བསྙབ་ལོས་ཐུབ།

༣ ང་ཚོས་ཁྱེད་ཅག་གི་རྐང་རྗེས་ན་འཁྲབ་སྟོན་བྱེད་ཀྱིན་ཡོད།

  ཁ་བཙན་བྱོལ་ལ་འཁོར་ནས་བསམ་བློ་ཞིག་བཏང་ན། ད་ལོར་མི་རབས་གསར་བའི་བཀའ་ཁྲི་ཞིག་དང་ཚོགས་གཙོ་ཞིག་ཐོན་པ་དེ་ནི་འཕོ་འགྱུར་གསར་བ་ཞིག་རེད། དེ་ནི་བཙན་བྱོལ་གྱི་ལོ་རྒྱུས་ནང་ལ་གསེར་ཡིག་གིས་འབྲི་དགོས་པའི་མི་མང་གི་ཆིག་སྒྲིལ་གྱི་རྣམ་པ་ཆེ་ཞིག་རེད། དེས་རྒྱ་གཞུང་ལ་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་ཅེས་རྡ་སའི་ཆབ་སྲིད་པ་ཚོས་འུར་གྱིན་ཡོད་པ་རེད་ལ། རྩོམ་པ་པོ་ཚོས་ཀྱང་བརྗོད་ཀྱིན་ཡོད་པ་རེད། དོན་དངོས་སུའང་དེ་ནི་རྒྱ་གཞུང་ལ་མཚོན་ན་མི་ལེགས་པ་ཞིག་དང་བོད་ལ་མཚོན་ན་སྤོབས་པ་ཞིག་རེད། ཡིན་ནའང་། ༸གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་རྦད་ཀྱིས་དགོངས་ཞུ་གནང་ཞིང་དེ་བཞིན་ང་ཚོས་ངོས་ལེན་བྱས་པ་དེ་ནི་བོད་ལ་མཚོན་ན་བསུབ་ཐབས་མེད་པའི་ཕམ་ཁ་ཞིག་དང་རྒྱ་གཞུང་ལ་མཚོན་ན་དབང་བསྒྱུར་མུ་མཐུད་པ་ལ་རྩ་བའི་མ་གདན་ཞིག་ཏུ་གྱུར་ཡོད། ལྷག་པར་བོད་ཕྱི་ནང་གཉིས་ནས་རང་དབང་འཐབ་རྩོད་ཀྱི་རླབས་རྒྱུན་མི་རབས་གསར་བའི་ནང་དུ་འཕྱུར་བ་དེ་ནི་རྩ་དོན་འཐབ་རྩོད་ཀྱི་གོམ་ཆེན་གཅིག་རེད་དེ། བཙན་བྱོལ་ནང་གི་མི་རབས་གསར་བ་ཚོས་འཐབ་རྩོད་ལ་གསོན་ཤུགས་མེད་པ་དང་ནུས་པ་ཆུང་བ་དེ་ཡང་རིག་པ་སྒྲིམ་དགོས་པའི་གནས་ཤིག་རེད། བཙན་བྱོལ་བ་ཚོས་ཧ་ཅང་ཛ་དྲག་རེ་སྤེལ་ནའང་རྐང་ཐུང་ཙམ་ལས་མ་གོན་ཏེ་གཅེར་བུར་འབུད་གྲབས་བྱེད་པ་དང་། ཤ་རྗེན་ལ་མཚོན་དམར་བྱུག་པ་དང་མགོ་ལ་རས་དམར་དང་རས་ནག་དཀྲི་པ་སོགས་རེད། དེ་དག་ཀྱང་རྒྱ་གཞུང་ལ་ངོ་རྒོལ་དང་འཐབ་རྩོད་ཀྱི་རྣམ་པ་ཞིག་ལོས་ཡིན་ཏེ། ངོ་རྒོལ་དེ་དག་གི་གཟུངས་འཇུག་ནང་དུ་བོད་ཀྱི་རིག་གནས་མི་འདུག་པ་དེ་ནི་སེམས་ཤིན་ཏུ་སྐྱོ་བའི་གནས་ཤིག་རེད། ད་དུང་བཙན་བྱོལ་གྱི་ལས་འགུལ་ནམ་ཡིན་ལ་གང་ཡིན་ལ། ཐ་ན། རིག་གནས་ཀྱི་ལས་འགུལ་རེ་སྤེལ་ནའང་ཆ་རྐྱེན་ཚང་མིན་ལ་མ་བལྟས་པར་ཆོལ་གསུམ་གྱི་མི་སྣ་འདུས་ཐབས་སོགས་འཁྲབ་སྟོན་གྱི་རྣམ་པ་ཞིག་ཞོར་ནས་ཡོད་ཡོད་པ་དེ་རེད། དཔེར་ན། ད་ལོའི་འོད་དཀར་ཚང་གི་སྙན་ངག་གྱེར་འདོན་སྐབས་ཀུན་ཏུའང་དཔྱད་འདེམས་པ་ཡོད་ཚད་ནང་དུ་ཆོལ་ཁ་གསུམ་གྱི་མི་སྣ་ཨེ་འདུས་ལ་འབད་པ་ཤུགས་ཆེན་བྱས་ཡོད་པ་ལྟ་བུ་རེད། འདི་ལྟར་ང་ཚོས་དོན་དངོས་བཏང་སྟེ་ནང་ཁུལ་གྱི་མཐུན་སྒྲིལ་འཁྲབ་སྟོན་དང་། ང་ངར་དང་ངས་བྱས་ཀྱི་ཁྱབ་བསྒྲགས་གཙོ་བོ་ནང་གི་རྒྱལ་བོ་རུ་བཟུང་བས་བཙན་བྱོལ་གྱི་འཐབ་རྩོད་ལས་རིམ་ལ་འཕེལ་རྒྱས་མེད་པའི་སྟེང་དུ་རུལ་སུངས་སུ་འགྱུར་ཉེན་ཧ་ཅང་ཆེ་བ་དེ་རེད།

     བོད་ནང་གི་གཞོན་སྐྱེས་ཚོའི་ལས་འགུལ་ནི་དེ་ལྟ་མིན་པར་དོན་དངོས་ལ་གཞོལ་བ་ཤུགས་ཆེ་ཞིང་། རང་ཉིད་ནས་མགོ་འཛུགས་པ་རྩ་བར་བྱེད་ཀྱིན་པ་ནི། ལས་འགུལ་གྱི་གསོན་ཤུགས་ཤིག་དང་བོད་ཀྱི་སྟོབས་ཤུགས་ཤིག་ལ་གྱུར་ཡོད། ལྷག་པར་ཚེ་སྲོག་ཅན་གྱི་སྒྲོན་མེ་སྦར་ནས་རྒྱ་ནག་གི་མུན་པའི་ཁ་གཏད་དུ་ཆས་ཀྱིན་པ་འདི་དག་ནི་འཛམ་གླིང་ལ་མིག་དཔེ་རང་བཞིན་ཅན་གྱི་ལས་འགུལ་ཞིག་དང་།  ཆེས་ཐོད་རྒལ་གྱི་ལས་འགུལ་ཞིག  ཆེས་ཚད་མཐོ་བའི་ལས་འགུལ་ཞིག  བསམ་ཞིང་བསམ་ཞིང་དཔག་པར་དཀའ་བའི་ལས་འགུལ་ཞིག་ཡིན་པས།  ད་ལྟའི་བོད་ནང་གི་ལས་འགུལ་འདི་དག་ནི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཡང་རྩེར་གྱུར་བའི་འཐབ་རྩོད་ཤ་སྟག་ལ་གྱུར་ཡོད། ལས་འགུལ་འདི་འདྲས་མངོན་གསལ་ཡིན་མིན་ལ་མ་ལྟོས་པར་རྒྱ་གཞུང་ཡང་ཡོམ་ཡོམ་སྒུལ་བཞིན་ཡོད་ལ། འཛམ་གླིང་གིས་ཀྱང་ཁ་མ་གྲགས་པར་སྡོད་སྲོལ་མེད་པའི་ཚད་དུ་གཏུགས་ཡོད། དཔེར་ན། ཁ་སང་གི་ལས་འགུལ་འདི་གཉིས་བྱུང་ནས་ཉིན་གཉིས་མ་འགོར་བར་ཡོ་རུབ་གྲོས་ཚོགས་ནས་གླེང་སློང་བྱུང་བ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟ་བུ་རེད། དེ་བཞིན་ང་ཚོས་ཀྱང་ལས་འགུལ་འདི་འདྲ་རེ་བྱུང་སྐབས། དྲང་བདེན་གཞི་རྩ་དང་དོན་དངོས་བརྗོད་གཞིར་བཟུང་ནས་དུས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་ཡིན། དེ་མིན་དོན་དག་དངོས་གསལ་བོ་བྱུང་མ་བྱུང་བར་ནས་འཇོན་མདོག་འཁྲབ་སྟེ་དོན་ཆེན་གྱི་གནད་དོན་འདི་འདྲ་ལ་རྫུན་གྱི་ཁ་སྤུ་ངོ་སྤུ་སྐྱེ་བར་བཅུག་ན་གནོད་ཚབ་ཧ་ཅང་ཆེ། དཔེར་ན། སྤྱི་འཐུས་ཚོགས་གཞོན་གྱིས་ཁ་སང་གི་གྲྭ་བ་གཉིས་ཀྱི་གཅིག་བྱིས་པ་ལོ་བཅུ་བཞི་ཅན་ཞིག་ཡིན་རབས་དང་གཅིག་ཤི་སོང་རབས་ཀྱི་གསལ་བསྒྲགས་གྲོས་ཚོགས་ནང་བསྐྱངས་པ་ལྟ་བུ་རེད། རང་ཐག་རང་གཅོད་དང་བསམ་བློ་སྨིན་ཐག་ཆོད་པའི་གསར་བུ་དེ་བྱིས་པ་ལོ་བཅུ་བཞི་ཅན་ཞིག་ཡིན་པར་སྒྲུབ་ན། དེས་ཐེངས་འདིའི་དོན་ཆེན་དེ་ནི་བྱིས་པ་ཆུང་ཆུང་ཞིག་གཞན་གྱི་བརྒྱུད་སྐུལ་འོག་ཐལ་ནས་མེ་ལ་བསྲེགས་རབས་ཀྱི་ལྷན་པོ་ཐོལ་བ་ཞིག་རྒྱ་གཞུང་ལ་རེག་པ་མ་རེད་དམ། འདི་ལྟར་བོད་ནང་གི་དོན་ཆེན་རིགས་ཁྱབ་བསྒྲགས་བྱེད་དུས་ཁོང་དག་གི་འབོད་ཚིག་རེ་རེའི་འབྲུ་དོན་དང་། དུས་ཚོད། ས་གནས། མཚན། དགུང་གྲངས།  ཕ་མིང་མ་མིང་སོགས་ལ་གཟབ་ནན་གྱིས་དོན་དངོས་ཁོ་ན་ཁྱབ་བསྒྲགས་བྱེད་པར་འབད་དགོས། དེ་ལྟ་མིན་པར་འདི་ནས་ཀྱང་ཕྱེད་རྫུན་ཕྱེད་བདེན་གྱི་གསར་འགྱུར་རླུང་ལ་བསྐུར་ནས་བསྡད་ན་དེ་ནི་འོས་འཚམས་ཤིག་གཏན་ནས་མ་རེད། འདས་པོ་ཁོང་དག་གིས་ཀྱང་ང་ཚོས་དོན་དངོས་རྒྱལ་སྤྱིའི་སྟེང་ལ་བསྐྱལ་བར་རེ་བ་བཟུང་ཡོད་པ་ལས།  བཙན་བྱོལ་ནས་ཁོང་དག་བདེ་བ་ཅན་དུ་སྐྱེ་བའི་བསྔོ་སྨོན་རེ་བཀོད་སྒྲིག་ཨེ་གནང་དང་། ཁྱབ་བསྒྲགས་ཕྱེད་རྫུན་ཕྱེད་བདུན་རེ་སྤེལ་བར་རེ་བ་ག་ལ་འཛིན།  དོན་དངོས་པོའི་གནས་ཚུལ་ལའང་རང་ལུས་མེར་སྒྲོན་ཏེ་བདེ་བ་ཅན་དུ་ཕེབས་འདོད་མིན་པར། ཚེ་སྲོག་ལ་མེ་བགོས་ནས་བོད་ཁ་བ་ཅན་སྐྱོབ་ཐབས་དང་བོད་ཀྱི་ཆོས་རིག་སྲུང་ཐབས་བྱ་རྒྱུ་དེ་ལོས་ཡིན།

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢ ཉིན།

 

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༨ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 8

  1. གུང་རུ་འབྱོར་མཆོག says:
    ལོ་ 14 སྔོན།

    བོད་ནང་གི་གཞོན་སྐྱེ་རྣམས་བོད་ལ་རང་དབང་ཐོབ་ཕྱིར་དུ་གཅེས་པའི་རང་གི་ལུས་ཡང་མེ་བསྲེགས་བཏང་ནི་ཞུམ་པ་མེད་པའི་སྙིང་སྟོབས་རེད།རང་དབང་ལུང་པ་ལ་ཡོད་པའི་དབུས་བོད་མིའི་སྒྲིགས་འཛུགས་དང་མི་དམངས་ཚང་མའི་བོད་ནང་གི་རྒྱལ་གཅེས་ལྷག་བསམ་ཅན་དེ་དག་ཕན་པའི་བྱ་བ་ཞིག་མགྱོགས་ནས་མྱུར་དུ་སྒྲུབ་རྒྱུ་གལ་ཆེ་བ་ཡིན།ཚང་མའི་དགོངས་པ་བཞེས་དང་།རང་དབང་ལུང་པ་ལ་ཡོད་པའི་བོད་མི་ཚོགས།རྩོམ་ཡིག་སྤེལ་བ་ཙམ་གྱི་ཕན་མི་ཐོག་པ་དོན་ལ་ཕན་པ་ཞིག་སྒྲུབ་ལ་རན་།

    Reply
  2. gyaltsen says:
    ལོ་ 14 སྔོན།

    (1) ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གསུངས་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས།
    དམང་གཙོའི་བཅོས་བསྒྱུར་རྗེས་ཀྱི་གྲྭ་བཙུན་གྱི་སྤྱོད་ཚུལ་ཐད་དཔེ་མཚོན་གྱི་གནས་ཚུལ་འགའ་ཞིག་བརྗོད་ན། དམང་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བགྲེས་གཞོན་དང་ཨུ་ཡོན་རྣམས་ཀྱིས་འཆལ་སྤྱོད་ཆང་འཐུང་སོགས་དག་མེད་ལོངས་སྤྱོད་དང་། སྡོམ་ཁྲིམས་དང་འགལ་བར་ཇི་མི་སྙམ་པར། མངོན་སུམ་འཛེམས་མེད་ཀྱིས་དགོན་སྡེའི་ནང་བུད་མེད་དང་གཉེར་སྒྲིག་དང་སྐྲ་བསགས་ཆས་བསྒྱུར་སོགས་བྱེད་ཀྱི་ཡོད་ལ། ཆེན་ཚུལ་འགལ་གྱིི་བྱ་བ་རྣམས་སོ་སོས་བྱས་པ་ཙམ་མ་ཟད་གྲྭ་བཙུན་མང་ཚོགས་ལའང་དེ་ལྟར་བྱེད་རྒྱུའི་སྐུལ་སློང་བྱས་ཏེ་སྤྱོད་ཚུལ་ཕྱིན་ཅི་ལོག་ཤ་སྟག་བྱས་སྟབས། མི་རྣམས་ལ་ད་ལྟའི་གྲྭ་བཙུན་གྱི་སྤྱོད་པ་མི་ལེགས་ཚུལ་མང་དུ་བསྒྲགས་ཏེ་དམའ་འབེབས་སྣ་ཚོགས་བྱེད་དུ་བཅུག་གོ །ཡང་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ལས། བཀའ་བཀོད་རྒྱུད་འཛིན་གྱི་རྨོངས་དད་དང་། ལྷ་དབང་མི་ཡུལ་དུ་ཡོང་བ་དང་། ལྷ་དང་འདྲེ་རིག་པ་ཞེས་བཤད་པ་དང། རྫུན་གཏམ་སྣྲྲ་བ་དང་། མང་ཚོགས་ལ་མགོ་བསྐོར་གཏོང་བའི་བྱ་འགུལ་དེ་དག་གིས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱས་པ་མ་ཟད་ཆོས་ལུགས་ཀྱི་མཚན་སྙན་ལའང་གནོད་པ་བཏང་བས། བྱ་འགུལ་དེ་དག་ལ་ཆད་པ་འོས་འཚམ་རེ་གཅོད་དགོས་པ་རེད། དགོན་པར་དམང་གཙོས་དོ་དམ་བྱེད་པའི་ལམ་ལུགས་སུ་ལག་བསྟར་བྱེད་དགོས། དམངས་གཙོས་གྲོས་མོལ་བྱས་ནས་ཡར་ཞུ་བྱས་པར་བརྒྱུད། དགོན་པའི་བླ་གྲྭ་ཡོངས་ཀྱིས་འདེམས་བསྐོ་བྱུང་བར་མ་ཟད་དགོན་པ་ཁག་གིས་ཐོ་འགོད་བྱས་པའི་དོ་དམ་ལས་ཁུངས་ལ་ཞུས་ནས་མཆན་འགོད་བརྒྱུད་དགོས། དམངས་བདག་ལྷན་ཚོགས་ཀྱི་ཁུངས་མི་རྣམས་དགོན་པ་སོ་སོ་ནས་བྲལ་བ་དང་སྐུ་གཤེགས་པ། རང་གིས་འགན་སྐྱུར་ཡར་ཞུ་ཕུལ་བའམ་ཡང་ན་སྡོམ་པ་ནམས་ཉམས་པ་དང་རང་རྒྱལ་དགོན་ཕམ་གྱི་བསམ་ངན་འཛིན་པ། དགོན་པའི་འགན་འཛོལ་ཚབས་ཆེན་ཤོར་བ་བཅས་ཀྱི་སྐབས་སུ། གོང་རིམ་ནང་བསྟན་མཐུན་ཚོགས་ཀྱིས་རྩིས་ལེན་ཞིབ་བཤེར་བྱས་རྗེས་ལས་འགན་མེད་པར་བཟོ་ཆོག (དེབ་གྲངས་༣༠༠) དགོན་པའི་ཚོང་ལས་དང་བཅས་པའི་ཡོང་འབབ་དང་དགོན་པའི་ཐུན་མོང་གི་འདོན་ཡོན་ཡོང་འབབ། ཆོས་ཚོགས་བཙུགས་སྐབས་སུ་སྤྲུལ་སྐུ་དང་ཐད་ཀར་དགོན་པར་ཕུལ་བའི་ཡོང་འབབ་ཚང་མ་ནི་དགོན་པ་ཐུན་མོང་ལ་དབང་བ་ཡིན་པས་དགོན་པའི་ནོར་དོན་གཚོ་གཉེར་དང་རྩིས་གཉེར་མི་སྣས་གཅིག་འགྱུར་སྒོས་རྩིས་ཐོར་བཀོད་ནས་བདག་གཉེར་བྱེད་དགོས་པ་དང་། དམངས་བདག་ལྷན་ཚོགས་ཐུན་མོང་གིས་གྲོས་མོལ་དང་ལུགས་མཐུན་སྒོས་བེད་སྤྱོད་བྱེད་དགོས། (དེབ་གྲངས་༣༡༤) རིག་དངོས་བོར་བརླག་ཤོར་བ་ཤེས་འཕྲལ་ངེས་པར་དུ་དུས་ལྟར་གྱོད་དོན་ཡར་ཞུ་དང་རྩད་གཅོད་བྱས་ཤིང་འབྲེལ་ཡོད་མི་སྣའི་འགན་འཁྲིར་རྩད་གཅོད་དང་ནན་ཏན་སྒོས་བསླབ་བྱ་བསྡུ་ལེན། བྱེད་ཐབས་སྔར་ལས་ནུས་ལྡན་གཏན་འཁེལ་བྱས་ནས་བདག་གཉེར་ནུས་ཚད་སྔར་ལས་ཆེ་བར་བྱེད་དགོས། (དེབ་གྲངས་༣༢༢) གསར་བཤད། འདིའི་ནང་དུ་བཤད་ཡོད་པའི་སྒྲིག་ཁྲིམས་ནི་ཡུལ་ཤུལ་དགོན་པའི་ཁྲིམ་ལུགས་ཡིག་ཆ་ཕྱོགས་བསྒྲིགས་ལས་དངོས་སུ་དཔེ་བཤུས་ཏེ་འདིར་ཡིག་ཐོག་ཏུ་བཀོད་པ་ཡིན། མ་ཟད་གོང་དུ་བཤད་པའི་སྒྲིག་ཁྲིམས་རྣམས་ལ་འགལ་ཟླ་སོང་བའི་དགོན་བདག་ཨུ་ཡོན་སོགས་སུ་ལའང་ཡོད་ན། དེ་ནི་རྒྱ་ཡི་ཁྲིམས་ལུགས་དང་མི་མཐུན་པ་མ་ཟད་བོད་ཀྱི་ཆོས་སྲིད་གཉིས་ལའང་འགལ་འཛོལ་དངོས་སུ་སོང་བའི་ནག་ཉེས་ཅན་གྱི་མི་ཡིན་པས་ཀུན་གྱིས་སུན་འབྱིན་དང་དགག་རྒྱག་ནན་མོས་མེད་པར་བཟོ་དགོས་སོ།།
    ཡུས་ཤུལ་ཁུལ་དགོན་པར་ཁྲིམས་ལུག་ཡིག་ཆ་ཕྱོགས་བསྒྲིགས་ལས་གསལ་བའི་དགོན་པའི་སྒྲིགས་གཞི་བསྐོར་ནས་བཤད་པ།།

    Reply
  3. རྨ་དུག་ལྕེ། says:
    ལོ་ 14 སྔོན།

    གྲོགས་བོན་རྒྱ་བ་ལ་གྲགས་འགུལ་དེ་ཙམ་མེད་པར་ཡུན་རིང་འགོར་སོང་། འོན་ཀྱང་དེ་རིང་གློ་བུར་དུ་འབྲུག་སྐད་ཞིག་དང་མཉམ་དུ་དྲ་ལམ་ནས་ཐུག་བྱུང་། ཐེངས་འདིའི་འབྲུག་སྐད་འདི་ནི། སྔར་གྱི་འདུ་ཁང་གཡོ་བར་བྱེད་པའི་འབྲུག་སྐད་ཆུང་ཆུང་དེ་མིན་པར། རྒྱ་ནག་དང་མཉམ་འབྲེལ་རྒྱལ་ཚོགས། ཐ་ན་རྡ་སའི་བོད་ཀྱི་གྲོས་ཚོགས་ཚུན་ཆད་འདར་ཞིང་གཡོ་བར་བྱེད་པའི་འབྲུག་སྐད་ཞིག་རེད།
    རེ་བ་ཞིག་ཡོད་པ་ནི་འབྲུག་སྐད་འདི་རྒྱུན་ཆད་མེད་པར་སྒྲོགས་ཤིང་། དགོས་གལ་ལ་ཐུག་ན་གློག་ཞགས་དང་ཐོག་གི་འཇིགས་པ་རེ་ཡང་སྟོན་པར་ཡིད་ཆེས་ཡོད།

    Reply
  4. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཁྱོད་འདི་ཡང་མི་ལས་ངན་ཚོའི་ཁོངས་སུ་གཏོགས་གི། ད་ནི་མཉམ་འགྱོག་ལ་རན་བསྡད་འདུག་ཡ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཚོར་སྣང་རིགས་པས་སྤྲས་པའི་ལྷུག་ལྷུག་གཏམ།
    ཚེ་སྲོག་མཆོད་མེར་སྦར་བའི་ཆེ་བརྗོད་འདི།
    དཔའ་བོ་རྗེས་སུ་དྲན་ཚུལ་གསར་བ་ཞིག
    ལན་ཅིག་ཀློག་དང་དཔར་ངར་སྐྱེད་ཀྱང་སྲིད

    Reply
  6. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བོན་རྒྱ་ལགས་ཁྱེད་ཀྱི་དཔྱད་རྩོམ་ལ་རིན་ཐང་འདུག་པས་མུ་མཐུད་དུ་སྤེལ་རྒྱུ་རེ་བ་བཅིངས་བཞིན་ཡོད་ཡ།

    Reply
  7. ཕྱུགས་རྫི says:
    ལོ་ 14 སྔོན།

    བོན་རྒྱ་ལགས་ཀྱི་སེམས་ཚོར་ང་མ་བྲིས་འདུག་འདི་འདྲ་བའི་དུས་སྐབས་སུ་རྩམ་ཡིག་རེ་གཉིས་རེ་བྲི་ཐོབ་ན་ཡག་པོ་མཐོང་སོང་ཐུགས་རྗེ་ཆེ།།

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    འདི་ལྟ་བུའི་སྐྱོ་སེམས་ཡོད་དུས་སུ་རྩོམ་ཡིག་རེའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱས་ན་དེ་ཡང་བཟང་གི བཙན་བྱོལ་ལ་མཚོན་ན་དེ་ལས་ལྷག་ཅིག་ལས་རྒྱུ་ཅང་མི་འདུག་ལ། བོད་ནང་གི་སྤུན་ཟླ་ཚོས་ཐོས་ཚེ་ཁོ་ཚོ་ལ་ཚོར་སྣང་འདུག་སྙམ་པ་རེད། བོན་རྒྱ་ལགས་ཧྲ་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese