མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོང་བུའི་དམ་ཚིག་གི་ནུས་པ་དང་། དེ་དང་བྲལ་བའི་སྐྱོན་གནད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།

༄། ཤར་དར་རྩེ་མདོ་ནས་ནུབ་སྟོད་མངའ་རིས་བར་དང་།  བྱང་མཚོ་སྔོན་པོ་ནས་ལྷོ་མོན་ཡུལ་ལ་ཐུག་གི་བར་གྱི་ས་ཁྱོན་ན་གནས་པའི་བོད་རིགས་སུ་གཏོགས་སོ་ཅོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཕ་སྤྲེའུ་དང་།  འཕགས་མ་སྒྲོལ་མའི་རྣམ་འཕྲུལ་བྲག་སྲིན་མོ་གཉིས་འདུས་པ་ལས་མཆེད་པ།  འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་བོད་གངས་ཅན་ལྗོངས་ཀྱི་མི་རིགས།  སྟོན་པ་གཅིག་གི་རྗེས་འཇུག  བླ་མ་གཅིག་གི་སློབ་མ།  རྒྱལ་ཁབ་ཅིག་གི་ཆབ་འབངས།  རིག་གཞུང་སྐད་ཡིག་དང་།  ཡུལ་གོམས་གཤིས་ལུགས།  ཆས་གོས།  རྒྱན་ཆ་ལུགས།  ཟས་སྤྱོད།  མི་ཚེ་སྐྱེལ་སྟངས།  ས་ཆའི་གནས་བབས་སོགས་སྒོ་ཀུན་ནས་གཅིག་གྱུར་ཡིན།  བོད་ཅེས་པའི་ཐ་སྙད་དེ་པུར་རྒྱལ་བཙན་པོའི་མངའ་ཁོངས་ཡོངས་ཀྱི་སྤྱི་མིང་ཡིན།  ནང་གསེས་དབྱེ་ན།  སྟོད་མངའ་རིས་སྐོར་གསུམ་དང་།  བར་དབུས་གཙང་རུ་བཞི།  སྨད་མདོ་ཁམས་སྒང་དྲུག་དང་བཅས་པའི་སྤྱི་མིང་ལ་བོད་ཡུལ་ཟེར།  མདོ་ཁམས་སྒང་དྲུག་ལའང་གནས་ཡུལ་སྟོད་སྨད་ཀྱི་ཆ་ནས་མདོ་སྟོད་དང་མདོ་སྨད་གཉིས་སུ་དབྱེ་ཡོད།  ཡང་ན།  བོད་མི་འདུས་སྡོད་ཀྱི་ཡུལ་གྲུའི་སྤྱི་མིང་ལ་བོད་དང་།  སྒོས་མིང་ལ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང་།  མདོ་སྟོད་མི་ཡི་ཆོལ་ཁ།  མདོ་སྨད་རྟ་ཡི་ཆོལ་ཁ་སྟེ་གསུམ་ཡིན།  དེ་དག་གི་ས་ཁྱོན་ཡོངས་ལ་བོད་དང་།  དེ་དག་ལ་གནས་པའི་མི་རིགས་ནི་བོད་མི་ཡིན།

            སྔར་ཆོས་སྲིད་ཀྱི་མཛད་པ་ཕུལ་ཕྱིན་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་སྐུ་དུས་ཆོལ་གསུམ་ཁྱོན་ན་གནས་པའི་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་བོད་མིའི་ཆིག་བསྒྲིལ་གྱི་ནུས་ཤུགས་ལ་བརྟེན་ནས་འཛམ་གླིང་ཤར་གླིང་དབུས་མའི་ནང་པུར་རྒྱལ་བོད་ཅེས་བྱ་བ་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་ཡོད།  དེ་ལྟར་ཡོད་པའི་རྩ་བ་ནི་ཁྱབ་ཁོངས་ལུང་ཚན་མ་ལག་དང་བཅས་པ་མངའ་ཁོངས་གཅིག་གི་འོག་ཏུ་བསྡུས་པའི་ཆིག་བསྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་བྱུང་བ་ཡིན།  དེ་ནས་ལོ་བཞི་བརྒྱ་བཅུ་གཅིག་རིང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་།  དེའི་རྒྱུ་རྐྱེན་ནི།  གླང་དར་གྱི་བཙུན་མོ་རྒན་གཞོན་གཉིས་ཀྱི་སྲས་སུས་བཙན་པོའི་རྒྱུན་འཛིན་བྱེད་ཕྱོགས་སྐོར་དབང་ཆ་འཐབ་རྩོད་ཀྱི་འགལ་ཟླས་མ་འཆམ་པར་ཕན་ཚུན་དགྲ་ཟླར་ལངས་ཏེ་རྒྱལ་ཕྲན་སིལ་མའམ།  སིལ་བུར་འཐོར་ཏེ་བསམ་པ་གཅིག་ཏུ་འདྲིལ་བའི་ནུས་པ་ཉམས་ཏེ་བོད་ཀྱི་སྲིད་དབང་སྣུམ་ཟད་མར་མེ་བཞིན་རྒུད་དེ་སོ་སོའི་ནུས་ཤུགས་དང་བསྟུན་པའི་ཡུལ་གྲུ་སོ་སོར་སྡེ་ཤོག་དང་།  རུས་ཚན་ཤོག་སྒྲིལ་སྒེར་བཙན་དུ་གནས་ཏེ་ཆབ་སྲིད་ཀྱི་གནས་སྟངས་ཚགས་ཚུད་མེད་པའི་གོ་སྐབས་དང་བསྟུན་ཏེ་སོག་པོ་ཇིང་གེ་སེ་ཁཱང་གི་ཧོར་དམག་འོག་བོད་ཁམས་ཚུད་པ་དེ་ནི་བར་སྐབས་ཕྱིའི་དབང་ཤུགས་བོད་སར་བསླེབས་པ་ཐོག་མ་དེ་ཡིན། དེ་ནི་གཅིག་ནས་བོད་མིའི་ནུས་པ་རྔ་ལ་སྲན་མ་གཏོར་བ་ལྟར་ཁ་བྲལ་དུམ་བུར་གནས་པ་དང་།  གཉིས་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པའི་རྐྱེན་གྱིས་ཡིན།

            ཕྱི་ལོ་ ༡༢༦༥ ལོར་སོག་རིགས་ཀྱི་གོང་མ་དང་པོ་ཀུབ་ལའི་ཁཱང་ (སེ་ཆེན་) གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་བ་ནས་བཟུང་དཔལ་ས་སྐྱ་པས་ཆོལ་གསུམ་ཡོངས་ལ་ཁྱབ་པའི་སྲིད་དབང་སླར་གསོ་མཛད་དེ་བོད་སོག་མི་རིགས་བར་མཐུན་སྒྲིལ་དང་།  བོད་རིགས་ཁྱབ་ཁོངས་ཡོངས་ལའང་བདེ་འཇགས་བྱུང་།  འོན་ཀྱང་རིང་པོར་མ་སོང་བར་གདུང་རྒྱུད་རྣམས་བླ་བྲང་ཁག་བཞིར་གྱེས་ནས་དབང་ཆའི་འཐབ་རྩོད་ཐོག  ཁྱབ་ཁོངས་ཁྲི་སྐོར་ཁག་གི་ཁྲི་དཔོན་ཕན་ཚུན་ས་སྡེ་འཕྲོག་རེས་ཁར།  འབྲི་གུང་དང་།  ཚལ་པ།  ཕག་གྲུ་བཅས་ནི་ས་སྐྱའི་ཁྱབ་ཁོངས་ཞབས་གྲས་ནང་མ་ལྟ་བུ་ཡིན། ཡང་།  ས་སྐྱ་དང་འབྲི་གུང་གཉིས་ཆོས་བརྒྱུད་ཐ་དད་ཡིན་པའི་ཁར།  ས་སྐྱ་བའི་རྟེན་སའི་སྦྱིན་བདག་སོག་པོ་ཧུ་པི་ལི་སེ་ཆེན་ཧན་དང་།  འབྲི་གུང་པའི་རྟེན་སའི་སྦྱིན་བདག་ནི་སོག་པོ་གོ་དན་གྱི་བུ་ཧུ་ལའི་ཧུ་ཡིན་པ་དེ་ཚོ་ནང་འགལ་ཡོད་ཐོག  འཕྲལ་གྱི་རྐྱེན་ནི་ས་སྐྱས་ཕག་གྲུ་ཁྲི་དཔོན་ལ་ཁྲིམས་འཁྱོག་བྱས་པར་བསྙད་དེ་ཕག་གྲུས་གྱེན་ལོག་གིས་ས་སྐྱའི་ཁྲི་རབས་བདུན་གྱིས་ལོ་ ༩༦ བོད་ཁམས་བསྐྱངས་རྗེས་སྲིད་དབང་ཕག་གྲུའི་ལག་ཏུ་ཤོར།

                        ཕག་གྲུའི་ཁྲི་རབས་བཅུས་མི་ལོ་ ༢༡༦ སྲིད་དབང་བཟུང་རིང་ནང་ཁུལ་མི་མཐུན་པའི་འཁྲུག་རྩོད་ཀྱིས་རྐྱེན་པས་ཕྱི་ཚུལ་ཙམ་ལས་དོན་དུ་ཕག་གྲུའི་སྲིད་དབང་རིན་སྤུངས་པའི་ལག་ཏུ་ཤོར།  དེ་ཡང་སྣེ་གདོང་གོང་མ་སྐུ་ན་ཕྲ་བའི་སྐབས་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་རམ་འདེགས་དཔོན་ཚབ་ཞུས་པར་སྡེ་དཔོན་གཞན་གྱིས་འགྲན་སེམས་ཕྲག་དོག་གིས་གྱེན་ལངས་ཀྱིས་རྐྱེན་པས་ཕག་གྲུའི་ནུས་པ་ཟད་དེ་རིན་སྤུངས་པའི་མངའ་ཐང་ཇེ་རྒྱས་སུ་སོང་སྟེ།  ཕག་གྲུ་གོང་མ་རིམ་བྱོན་ལས་ལོགས་སུ་རིན་སྤུངས་སྡེ་པ་རིམ་བྱོན་ཞེས་པ་བྱུང་། འོན་ཀྱང་རིན་སྤུངས་པ་རང་གི་མིང་ཐོག་ནས་སྲིད་དབང་མ་བཟུང་བར།  ཕག་གྲུའི་མིང་ཐོག་ནས་དོན་ལ་སྡེ་པ་མཚོ་སྐྱེས་རྡོ་རྗེས་དབང་བསྒྱུར་བྱས།

            རིན་སྤུངས་པའི་གདན་རབས་ལྔས་ལོ་ ༦༦ རིང་སྲིད་དབང་བཟུང་ཏེ་མཐར་གཙང་ཕྱོགས་ཀྱི་ལས་འཛིན་གནད་ཡོད་མི་སྣ་མནའ་འབྲེལ་བྱས་ཏེ་རིན་སྤུངས་པའི་སྲིད་དབང་མགོ་རྟིང་བསློགས་ནས་གཙང་པའི་སྲིད་དབང་བཙུགས་རྗེས་སྡེ་པ་གཙང་པའི་གདན་རབས་གསུམ་གྱིས་ལོ་ ༧༧ རིང་དབུས་ཀྱི་སྡེ་པ་སྐྱིད་ཤོད་པའི་རྫོང་གཞིས་ཐམས་ཅད་བླངས་ཏེ་སེ་འབྲས་གཉིས་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཕེབས་བཅར་མི་ཆོག་པ་སོགས་ཆོས་ལུགས་གྲུབ་མཐའི་ཕྱོགས་འཛིན་གྱི་དོ་ཕོག་བྱུང་།  དེས་རྐྱེན་པས་རྒྱལ་མཆོག་ལྔ་པ་ཆེན་པོའི་ཕྱག་མཛོད་བསོད་ནམས་རབ་བརྟན་དང་།  སྐྱིད་ཤོད་སྡེ་པ་གཉིས་ཀྱིས་སོག་པོ་གོ་ཤྲི་ཁཱང་ལ་འབྲེལ་བ་བྱས་ཏེ་སྡེ་པ་གཙང་པའི་སྲིད་དབང་འཕྲོག

            ཕྱི་ལོ་ ༡༦༤༢ ལོར་གོ་ཤྲི་ཁཱང་གིས་བོད་ཀྱི་ས་སྡེ་མི་གསུམ་གྱི་བདག་དབང་ྋགོང་ས་ལྔ་པ་ཆེན་པོར་ཕུལ་ཏེ།  བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་དབུ་བརྙེས་པ་ནས་བཟུང་ཕྱི་ལོ་ ༡༩༥༠ བར་ལོ་ ༣༠༨ རིང་སྲིད་དབང་བསྐྱངས་རིང་།  ཕྱིའི་དམག་འཁྲུག་དང་།  ནང་ཁུལ་གཅིག་རྒྱབ་གཅིག་ལངས་དབང་ཆའི་འཐབ་རྩོད་སོགས་རྒྱལ་ཕམ་གྱི་རྙོག་འཛིང་བྱུང་བ་དང་།

            དེ་ལྟར་འདི་ཡན་སྔར་གྱི་ལོ་རྒྱུས་བྱུང་རིམ་ལ་ཕྱིར་མིག་བལྟས་ཚེ་ནང་ཁུལ་དབང་ཆའི་འཐབ་རྩོད་ཀྱི་འདམ་རྫབ་ནང་ལྷུང་སྟེ་ཕྱོགས་ཁག་ཕན་ཚུན་མ་མཐུན་པར་ནང་འཁྲུག་དང་།  སྡེ་དཔོན་ནང་ཁུལ་ས་སྡེ་འཕྲོག་རེས།  ཆོས་ལུགས་གྲུབ་མཐའི་ཕྱོགས་འཛིན་སྡང་ཟུག་བྱས་པའི་འབྲས་བུར།  ས་སྐྱའི་སྲིད་དབང་ཕག་གྲུས་འཕྲོག་པ་དང་།  ཕག་གྲུའི་སྲིད་དབང་རིན་སྤུངས་པས་བླངས་པ།  རིན་སྤུངས་པའི་དབང་ཆ་སྡེ་པ་གཙང་པའི་ལག་པར་ཤོར་བ།  སྡེ་པ་གཙང་པའི་སྲིད་དབང་དགའ་ལྡན་ཕོ་བྲང་པས་མགོ་རྟིང་སློག་པ་སོགས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ལ་འགྱུར་བ་ཡང་ཡང་བྱུང་སྟེ་དུས་སྐབས་སོ་སོའི་རྒྱལ་སའི་ཉེ་འདབས་དབུས་གཙང་ཁུལ་ཙམ་ལས་རྒྱལ་མཚམས་སྨད་ཕྱོགས་ཀྱི་ས་ཁུལ་ལ་བལྟ་སྐྱོང་ཚགས་ཚུད་ཚུལ་བཞིན་མ་བྱུང་བའི་རྐྱེན་གྱིས་རྒྱ་སོག་ནས་བཙན་འཛུལ་གྱིས་མང་ཚོགས་ལ་བརྡབ་གསིག་སུན་གཙེར་རིམ་པ་ཐེངས་མང་བྱུང་ཡོད་ཀྱང་།  དབུས་གཞུང་ནས་རོགས་སྐྱོར་སྲུང་སྐྱོབ་མ་ཐུབ་པ།  ཁྱད་པར་དུའང་འཛམ་གླིང་སྤྱི་དང་ཉེ་འཁྲིས་སུ་ཡོད་པའི་ཁྱིམ་མཚེས་ཡུལ་གྲུ་ཆུང་ཁག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁོངས་མཉམ་ཞུགས་ཀྱི་འགྱུར་བ་འགྲོ་སྟངས་ལ་གཞིགས་ཏེ་གོམ་པ་མདུན་སྤོས་མ་ཐུབ་ཀྱང་མཉམ་དུ་གོམ་བགྲོད་མ་ཐུབ་པའི་འཐུས་ཤོར་ཚབས་ཆེན་བྱུང་ཡོད།  ལྷག་དོན་དུ་དབང་འཛིན་པ་སོ་སོའི་སྟོབས་ཤུགས་རྒྱས་ཐབས་དང་།  དབང་ཆ་མུ་མཐུད་གནས་ཐབས་སུ་གཅིག་མགོ་གཅིག་གནོན་གྱི་དྲག་པོའི་དཔུང་སྟོབས་དགོས་ཀྱང་།  དཔུང་ཤུགས་རང་རྐྱ་འཕེར་བའི་གདེང་ཚོད་མེད་པར་བརྟེན།  རང་གི་དབང་ཆར་ཉེན་ཁ་ཡོང་སྐབས་བོད་སྤྱི་ལ་བསམ་བློ་མ་བཏང་བར་ཕྱི་ཕྱོགས་ལ་རྒྱབ་བརྟེན་བཅོལ་ཏེ། རྒྱ་སོག་གི་ཕྱིའི་སྟོབས་ཤུགས་ནང་འདྲེན་བྱས་པ་དང་།  དེ་དག་ལ་བླ་ན་མེད་པའི་ཆེ་མཐོང་བཀུར་བསྟོད་ཆེ་དྲགས་པ་བྱུང་ཡོད།

            ལས་དོན་གང་ཞིག་སྒྲུབ་པའི་སྐབས་ཆོས་ཕྱོགས་ཁོ་ནའི་ངོ་བོ་ནས་བལྟས་ན་ཡང་དག་པ་ཞིག་ཡིན་རུང་།  ཆབ་སྲིད་ཀྱི་ངོས་ནས་བལྟས་ན་སྐྱོན་ཆ་དང་།  དེ་བཞིན་ཆོས་ལུགས་གྲུབ་མཐའ་སོ་སོའི་ངོས་ཕྱོགས་ནས་བལྟས་ན།  དེའི་དུས།  དེའི་ཚེའི་གནས་སྟངས་ལ་གཞིགས་པའི་ཕན་འབྲས་ཆུང་ཚགས་བྱུང་ཡོད་ཤག་ཀྱང་།  ཆབ་སྲིད་འཛིན་སྐྱོང་གི་ཕྱོགས་ནས་ཕུགས་འཕེར་གྲ་སྒྲིག་མ་ཐུབ་པའི་འཐུས་ཤོར་བྱུང་བ།  ཆབ་སྲིད་འཛིན་སྐྱོང་གི་གནས་སྟངས་ནས་དགེ་མཚན་གནད་འགག་ཆེན་པོར་གཟིགས་ཀྱང་།  ཆོས་ཕྱོགས་ནས་དགག་བྱའི་ཤུགས་རྐྱེན་བྱུང་བ་སོགས་མདོར་ན།  སྤྱི་ཡོངས་ཀྱི་ཆ་ནས་མཐོང་རྒྱ་ཆུང་སྐྱོན་ལྟ་བུས་ཆོས་སྲིད་གཉིས་ཕྱོགས་ནས་ཆ་སྙོམས་ཀྱི་འཛིན་སྐྱོང་ཐད་གཙོ་གནད་ཆེ་ཆུང་བརྩི་བ་དང་།  རྒྱལ་སྲུང་བདེ་འཇགས་ཀྱི་དམག་གྲབས་མེད་པ།  དཔལ་འབྱོར་འཛུགས་སྐྲུན་ཐོག་རྗེས་ལུས།  གནའ་དེང་གི་ཤེས་ཡོན་ཐོག་འཁུར་འགན་ཆུང་བ།  སྤྱི་ཚོགས་ཀྱི་ཐོན་སྐྱེད་ཡར་རྒྱས་གཏོང་མ་ཐུབ་པ།  གནས་དུས་དང་བསྟུན་པའི་ཆབ་སྲིད་འགྱུར་འགྲོས་ཐོག་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་བཏང་སྟེ་ལས་ཀ་བྱེད་མ་ཐུབ་པ་སོགས་ཀྱིས་རྐྱེན་པས་ད་ལྟའི་གནས་སྟངས་འདི་བྱུང་བ་རེད།

            འདིར་བོད་སྤྱིའི་གོང་བུའི་མཐུན་ལམ་གྱི་ནུས་པ་གཅིག་ཏུ་བསྒྲིལ་མ་ཐུབ་པར་ཁ་འཐོར་དུ་གནས་པའི་སྐྱོན་ཆ་ཇི་བྱུང་དང་།  སྐྱོན་གནད་དེ་དག་ཡོང་རྐྱེན་གར་ཐུག་ཆེད་མངགས་ཟུར་འདོན་བྱས་པ་འདི་སླད་སླར་ཡང་འཐོམ་ཞྭ་མི་གྱོན་པའི་སྔོན་འགོག་ཆེད་དུ་ཡིན་པ་ལས།  གོང་གི་སྲིད་སྐྱོང་དེ་དག་གི་རིང་བོད་སྤྱི་ལ་ཕན་ཐོགས་རྩ་བ་ནས་མ་བྱུང་བ་གཏན་ནས་བརྗོད་ཀྱི་མེད།  བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་འཆད་ཉན་སྒོམ་སྒྲུབ་རྒྱུན་འཛིན་མི་ཉམས་གོང་འཕེལ་གྱི་སྲུང་སྐྱོབ་གནང་བའི་འབྲས་བུར་དེང་རང་ཅག་སའི་གོ་ལ་འདིའི་ཐོག་གང་དུ་བསྐྱོད་ཀྱང་ངོམས་སུ་ཆོག་པ་ཞིག་ཡོད་པ་འདི་དང་།  རྒྱ་སོག་ཡུལ་གྲུར་ཕན་བདེའི་ཐར་པའི་ས་བོན་བསྐྲུན་པ།  རྩ་བ་ྋརྒྱལ་བསྟན་དར་སྤེལ་གྱིས་ད་ལྟ་བོད་རིགས་ཞེས་པ་ངོ་བོ་མ་བརླག་པར་གནས་ཐུབ་པ་འདི་ཡང་དམ་པ་གོང་མ་རྣམས་ཀྱི་མཛད་རྗེས་དང་སྐུ་དྲིན་ལས་བྱུང་བ་ཞིག་ཡིན་པ་ཡང་ངེས་པར་ཤེས་དགོས།

            གང་ལྟར་འདས་པའི་ལོ་རྒྱུས་དེ་དག་ནི།  རྟ་རྒྱུགས་ཟིན་ཞིང་རྡུལ་ཡལ་ཚར་བའི་དཔེ་ལས་མ་འདས་ཀྱང་། ད་ལྟ་རང་ཅག་གིས་འདས་པའི་ལོ་རྒྱུས་ནས་བསླབ་བྱ་བླངས་ཏེ། ཕྱིས་འབྱུང་དེ་ལྟར་མི་ཡོང་བའི་ལམ་ནོར་ལྡོག་ཤེས་ཐུབ་པ་དང་།  འདས་པའི་བྱུང་རིམ་ནང་ཕན་པའི་ལེགས་ཆ་རྣམས་ལག་ལེན་དུ་བཀལ་ཏེ།  སྐྱོན་ཆ་རྣམས་ང་ཚོས་ངོས་འཛིན་ཐུབ་པ་དང་སྦྲགས།  ཞན་ཆ་སེལ་ཐབས་དང་།  དེ་རིགས་སླར་མི་ཡོང་བའི་སྔོན་འགོག་ཐུབ་པ་དགོས་རྒྱུ་འདི་ངོས་ཀྱི་བརྗོད་དོན་གཙོ་བོ་དེ་ཡིན།

            རང་ཅག་བྱེས་འབྱོར་བ་རྣམས་ལ་མཚོན་ན།  ལས་དོན་གང་ཞིག་ཡིན་ཡང་ཐོག་མར་མ་བརྩམས་གོང་།  རང་དབང་རང་ལག་ཏུ་ཡོད་འདྲར་མ་དགོངས་པར། བཙན་བྱོལ་བའི་གནས་སྟངས་ཆ་ཚང་ངོས་ཟིན་པའི་ཐོག་ནས་དེར་བསྟུན་གང་དགའ་ཅི་ལེགས་དགོངས་པ་བཞེས་རྒྱུ་དེ་གནད་འགག་ཡིན།  དེའི་ཁར།  མི་རྣམས་ཐམས་ཅད་ཕྱུག་པོའི་རྗེས་སུ་འགྲོ། གཏམ་རྣམས་ཐམས་ཅད་འདོད་པའི་ཕྱོགས་སུ་འགྲོ།  ཞེས་པ་ལྟར་དེ་འདྲའི་མགོ་སླ་པོའི་དབང་དུ་སོང་ཚེ།  རང་མཐོང་རང་གིས་བཅགས་པ་ཡིན།  བོད་དོན་ལ་སྟོང་སྐད་ཙམ་མ་ཡིན་པར།  དོན་དམ་པའི་རིན་ཐང་སླེབས་ཐུབ་པ་བྱུང་ན།  སྤྱི་སྒེར་གཉིས་ཀར་ཕུགས་དྲིན་ཆེ་བ་ཡིན་པས།  བྱ་ལ་འཕུར་རྩལ་ཡོད་ན།  ནམ་མཁའ་ལ་མུ་མཐའ་མེད་པ་བཞིན་ཕ་བཟང་གི་བུ་ཚོས་རིག་པ་སྒྲིམ་ཤོག་ཨང།། །།

                                                                                                                                    (འཕྲོས་རྗེས་མར་གཟིགས།)

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 9

  1. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    བཀུར་འོས་སྐུ་སྒེར་དྲུང་ཟུར་ཆེན་མོ་བློ་བཟང་སྦྱིན་པ་ལགས་སུ། བོད་བཙན་པོའི་སྐབས་དང་། ཆགས་འཇིག་གི་གནས་སྟངས་སོགས་ཀྱི་ངོ་སྤྲོད་རོབ་ཙམ་གནང་བར་སྙིང་ནས་པད་མོ་ཟུམ། ཤེས་འདོད་པ་ཞིག་ལ་སྡེ་པ་གཙང་པ་དང་། རི་བོ་དགའ་ལྡན་པ་གཉིས་པ་གཉིས་དབར་མི་མཐུན་པ་བྱུང་བའི་གནས་ཚུལ་ལོ་རྒྱུས་ཀུན་ལས་གསལ་ཡང་། རྒྱུ་མཚན་གང་གི་ཐོག་ནས་མ་འགྲིག་པ་ཡིན་པའི་སུའི་ཀྱང་བྲིས་པ་མཐོང་ཐོས་མ་བྱུང་བས། སྐུ་ཉིད་ནས་དེའི་སྐོར་མཁྱེན་རྟོགས་ཡོད་ན་ཞིབ་ཕྲ་ཞིག་འགོད་གནང་ཡོང་བ་ཐུགས་རྗེ་མ་ཆུང་ཞུ། གུས་འདུད་བཅས།

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ངག་གི་དབང་ཕྱུག་བཀུར་འོས་ལོ་རྒྱུས་སྨྲ་བའི་དབང་པོ་ལྷ་མོ་སྐྱབས་མཆོག་གི་མདུན་སར།
    ཆེད་ཞུ།
    གུས་ཉིད་ནས་རྣམ་སྤེལ་ཚང་གི་གཏམ་གླེང་རིང་མོ་དེ་ལ་ཞུ་དག་གནང་བ་ནི་འོས་པ་ཞིག་དང་ལོ་རྒྱུས་སྨྲ་བ་རྣམས་ཀྱི་འོས་འགན་དེ་བས་ཡིན་མོད།
    གུས་ཉིད་ལ་ཞུ་རྒྱུར་དེབ་ཐེར་མང་པོའི་ནང་ཁ་གསལ་བའི་ལོ་རྒྱུས་རྣམས་ཤེས་དགོས་པ་དང་གླེང་དགོས་པ་རེད་དེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཟིན་ཚེ་བསུ་
    ཐབས་མེད་པ་ལྟ་བུ་སོང༌བསྐྱར་བཤད་ཡང་བཤད་བྱས་ནས་དགོས་པ་དེ་ཙམ་མ་མཐོང་།
    ཁ་ཚ་དགོས་གཏུགས་ཀྱི་ལོ་རྒྱུས་གལ་ཆེ་བ་བོད་ཀྱི་ལོ་རྒྱུས་ནང་མི་གསལ་བའི་རིགས་མི་ཉག་གི་ལོ་རྒྱུས་ལྟ་བུ་ལ་དཔྱད་པ་དང་བགྲོ་གླེང་རེ་གནང་གནང་ཐུབ་ན་དགེ་མཚན་ཆེ་བ་དང་བོད་ཀྱི་རྩ་དོན་དང་རང་དབང་སྒྲུབ་ཕྱོགས་ཐད་གནད་འགག་ཡོད་པ་མཐོང་།
    བོད་རྒྱ་གཉིས་ཀྱི་ས་མཚམས་སུ་ཆགས་པའི་བོད་ཡུལ་འཁྲུལ་མེད་ཡིན་པ་མི་ཉག་ཁོངས་གཏོགས་ཀྱི་ས་ཆའི་ཆགས་ཚུལ་དང་རྒྱ་ཁྱོན།
    བོད་མི་འཁྲུལ་མེད་ཡིན་པ་མི་ཉག་གི་མི་རབས་བྱུང་ཚུལ་དང་མི་འབོར།
    མི་ཉག་དང་རྒྱའི་ས་མཚུམས་སུ་བྱུང་བའི་དཀའ་རྙོག་གི་ལོ་རྒྱུས།
    བོད་ཡུལ་ཡོངས་རྫོགས་དང་བོད་མི་ཡོངས་རྫོགས་ལ་རང་བཙན་དང་རང་དབང་སྒྲུབ་དགོས་ན་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་གནས་ཆགས་མི་རིགས་དང་རིག་
    གཞུང་གོམས་གཤིས་སྐད་ཡིག་ཆོས་ལུགས་སོགས་ལ་གཞི་བཅོལ་ནས་ལོ་རྒྱུས་ཀྱི་བདེན་དཔང་འཚོལ་དགོས་པ་རེད།
    རྒྱུ་མཚན་དེས་ན་གུས་ཉིད་ནས་སྐྱབས་འཇུག་ཡོང་བར་མཁྱེན།

    Reply
  3. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ངག་གི་དབང་ཕྱུག་བཀུར་འོས་ལོ་རྒྱུས་སྨྲ་བའི་དབང་པོ་ལྷ་མོ་སྐྱབས་མཆོག་གི་མདུན་སར།
    ཆེད་ཞུ།
    གུས་ཉིད་ནས་རྣམ་སྤེལ་ཚང་གི་གཏམ་གླེང་རིང་མོ་དེ་ལ་ཞུ་དག་གནང་བ་ནི་འོས་པ་ཞིག་དང་ལོ་རྒྱུས་སྨྲ་བ་རྣམས་ཀྱི་འོས་འགན་དེ་བས་ཡིན་མོད།
    གུས་ཉིད་ལ་རྒྱུར་དེབ་ཐེར་མང་པོའི་ནང་ཁ་གསལ་བའི་ལོ་རྒྱུས་རྣམས་ཤེས་དགོས་པ་དང་གླེང་དགོས་པ་རེད་དེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཟིན་ཚེ་བསུ་
    ཐབས་མེད་པ་ལྟ་བུ་སོང༌བསྐྱར་བཤད་ཡང་བཤད་བྱས་ནས་དགོས་པ་དེ་ཙམ་མ་མཐོང་།
    ཁ་ཚ་དགོས་གཏུགས་ཀྱི་ལོ་རྒྱུས་གལ་ཆེ་བ་བོད་ཀྱི་ལོ་རྒྱུས་ནང་མི་གསལ་བའི་རིགས་མི་ཉག་གི་ལོ་རྒྱུས་ལྟ་བུ་ལ་དཔྱད་པ་དང་བགྲོ་གླེང་རེ་གནང་གནང་ཐུབ་ན་དགེ་མཚན་ཆེ་བ་དང་བོད་ཀྱི་རྩ་དོན་དང་རང་དབང་སྒྲུབ་ཕྱོགས་ཐད་གནད་འགག་ཡོད་པ་མཐོང་།
    བོད་རྒྱ་གཉིས་ཀྱི་ས་མཚམས་སུ་ཆགས་པའི་བོད་ཡུལ་འཁྲུལ་མེད་ཡིན་པ་མི་ཉག་ཁོངས་གཏོགས་ཀྱི་ས་ཆའི་ཆགས་ཚུལ་དང་རྒྱ་ཁྱོན།
    བོད་མི་འཁྲུལ་མེད་ཡིན་པ་མི་ཉག་གི་མི་རབས་བྱུང་ཚུལ་དང་མི་འབོར།
    མི་ཉག་དང་རྒྱའི་ས་མཚུམས་སུ་བྱུང་བའི་དཀའ་རྙོག་གི་ལོ་རྒྱུས།
    བོད་ཡུལ་ཡོངས་རྫོགས་དང་བོད་མི་ཡོངས་རྫོགས་ལ་རང་བཙན་དང་རང་དབང་སྒྲུབ་དགོས་ན་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་གནས་ཆགས་མི་རིགས་དང་རིག་
    གཞུང་གོམས་གཤིས་སྐད་ཡིག་ཆོས་ལུགས་སོགས་ལ་གཞི་བཅོལ་ནས་ལོ་རྒྱུས་ཀྱི་བདེན་དཔང་འཚོལ་དགོས་པ་རེད།རྒྱུ་མཚན་དེས་ན་གུས་ཉིད་ནས་སྐྱབས་འཇུག་ཡོང་བར་མཁྱེན།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཞུ་དག་ཕྲན་བུ།
    ༡༢༦༥ ལོ་ནི་འགྲོ་མགོན་ཕྱིར་བོད་དུ་ཕེབས་ལོ་ཡིན། ཆོལ་གསུམ་དབང་ཡོན་དུ་བཞེས་ལོ་༡༢༥༣ལོ་རེད།
    “་་་དེ་ནས་ལོ་བཞི་བརྒྱ་བཅུ་གཅིག་རིང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་། དེའི་རྒྱུ་རྐྱེན་ནི། གླང་དར་གྱི་བཙུན་མོ་རྒན་གཞོན་གཉིས་ཀྱི་སྲས་སུས་བཙན་པོའི་རྒྱུན་འཛིན་བྱེད་ཕྱོགས་སྐོར་དབང་ཆ་འཐབ་རྩོད་ཀྱི་འགལ་ཟླས་མ་འཆམ་པར་ཕན་ཚུན་དགྲ་ཟླར་ལངས་ཏེ་རྒྱལ་ཕྲན་སིལ་མའམ། སིལ་བུར་འཐོར་”ཟེར། བོད་སིལ་བུར་འཐོར་རྐྱེན་དེ་དར་མའི་སྲས་གཉིས་ཀྱི་དབང་ཆ་འཕྲོག་རྩོད་ཙམ་ཞིག་གཏན་ནས་མིན། རྒྱུ་མཚན་ནི་སྲས་གཉིས་ཀྱིས་དབང་ཆ་བརྩད་ནས་ཡབ་བཀྲོངས་པ་མིན་པས་སོ། དེའི་སྐབས་ཀྱི་རྒྱལ་སྲིད་ཀྱི་རྒྱབ་ལྗོངས་ནག་པོ་དེ་ང་ཚོས་ད་དུང་མཐོང་ཐུབ་ཀྱིན་མེད་པ་འདྲ།
    “ཆབ་སྲིད་ཀྱི་གནས་སྟངས་ཚགས་ཚུད་མེད་པའི་གོ་སྐབས་དང་བསྟུན་ཏེ་སོག་པོ་ཇིང་གེ་སེ་ཁཱང་གི་ཧོར་དམག་འོག་བོད་ཁམས་ཚུད་པ་དེ་”དངོས་ཡོད་གནས་སྟངས་དེ་འདྲ་ཞིག་ཀྱང་མིན། སྐབས་དེར་སོག་དམག་གིས་འཛམ་གླིང་གང་སར་བཙན་འཛུལ་བྱེད་ཀྱིན་ཡོད་བོད་ཀྱི་སྲིད་དབང་ཉམས་ཆག་གི་གོ་སྐབས་ཤིག་ལ་སྒུག་ནས་བཙལ་ནས་ཡོང་བ་འདྲ་བོ་མ་རེད། འོན་ཀྱང་སྐབས་དེ་འདྲ་ཞིག་ཁེལ་བ་རེད།

    མཐར་སྐུ་ངོ་མཆོག་གིས་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་བོད་རིགས་ཆིག་སྒྲིལ་གྱི་གལ་ཆེའི་རང་བཞིན་བསྟན་པ་བཟང། ད་དུང་ཉེ་རབས་དང་ད་ལྟའི་ཞན་ཆ་དང་འཐུས་ཤོག་དག་ཀྱང་གསལ་སྟོན་གྱིས་བསླབ་བྱ་གནང་ན་དེ་བས་ཀྱང་དགེ་མཚན་ཆེ་བར་མཐོང་ཞེས་ཞུ་འདོད་བྱུང།

    Reply
  5. གུང་རུ་འབྱོར་མཆོག says:
    ལོ་ 14 སྔོན།

    ཉངས་མྱོང་རབ་ཏུ་ཕྱུག་པའི་སྐུ་ངོ་ལགས།བདེན་གཏམ་རྣ་བའི་བདུད་རྩི་དྲྭ་ལམ་དུ་
    སྤེལ་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།།

    Reply
  6. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ༑རྣམ་སྤེལ་ཚངབཟང་ལགས་ནས་ལོ་རྒྱུས་དང་འབྲེལ་བའི་གཏམ་རིང་མོ་ཞིག་སྤེལ་བ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།
    ལོ་རྒྱུས་སྨྲ་བའི་དབང་པོ་ཁྱོད་ལ་ཞུ་རྒྱུར།ཆོས་དང་རིག་གཞུང་སྐད་ཡིག་སོགས་གང་གི་ཆ་ནས་བལྟས་ཀྱང་བོད་མི་འཁྲུལ་མེད་ཡིན་པ།རྒྱ་བོད་གཉིས་ཀྱི་ས་མཚམས་སུ་གནས་པའི་བོད་མི་རིགས་ཤིགའཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ།བོད་མི་རིགས་ཀྱི་ཡ་གྱལ་མི་ཉག་གི་ལོ་རྒྱུས་ཞིབ་ཕྲ་ཞིག་སྐྱབས་འཇུག་སྩོལ་གནང་ཡོང་བར་མཁྱེན།
    ཕྲན་གྱི་ལྟ་ཚུལ་ལ་གཞིགས་ན་མི་ཉག་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་བོད་ཀྱི་ལོ་རྒྱུས་ནང་གི་གལ་ཆེ་ཤོས་སུ་མཐོང་། རྒྱ་བོད་གཉིས་ཀྱི་ས་མཚམས་སུ་གཞིས་ཆགས་པའི་མི་ཉག་གི་ལོ་རྒྱུས་ཀྱི་བྱུངས་
    རབས་ཐོག་རྒྱ་བོད་གཉིས་ཐ་དད་དང་རང་བཙན་སོ་སོ་ཡོད་པའི་བདེན་དཔང་
    འཚོལ་དགོས་པ་དེ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་འོས་འགན་རེད་སྙམ།

    Reply
  7. ངག་དབང་རབ་རྒྱས། says:
    ལོ་ 14 སྔོན།

    མཁྱེན་དཔྱོད་མཚུངས་མེད་སྐུ་ངོ་བློ་བཟང་སྦྱིན་པ་ལགས་ཀྱིས་སྔ་ཕྱིར་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་སྐོར་ལ་དཔྱད་རྩོམ་གྱི་དེབ་ཆུང་དཔར་བསྐྲུན་དང་དེ་བཞིན་འབྲེལ་ཡོད་ཚགས་པ་སོགས་ནང་བཀོད་ཐོན་བྱུང་བ་དགའ་འོས་པ་རང་བཞིན་དང་ད་དུང་མུ་མཐུད་ནས་ཡང་ཡང་འབྲི་རྩོམ་གནང་བའི་རེ་བསྐུལ་ཞུ་ཡི་ཡོད།་དེ་ནི་ཐུགས་སྣང་ཅན་ལ་ཕན་ཐོགས་གང་ལེགས་ཡོང་གི་འདུག་

    Reply
  8. དགེ་འདུན། says:
    ལོ་ 14 སྔོན།

    རྒན་བློ་བཟང་སྦྱིན་པ་ལགས་ཀྱི་རྩོམ་ཡིག་གཉིས་བཀླགས་མྱོང་ལ། དེས་ང་ལ་དྭངས་གཙང་གི་སེམས་པ་བརླན་པ་ལྟ་བུའི་ཚོར་ཤེས་ཤིག་སྤྲད་སོང་། ཁོང་གི་རྩོམ་ཡིག་གི་རིན་ཐང་གཙོ་བོ་ནི་བདེན་པ་གཞི་བཅོལ་ནས་རང་གཞན་གཉིས་དང་འཕྲད་ཕུགས་ཀུན་ཕན་པའི་ཟོལ་བྲལ་གྱི་སེམས་གཏམ་དྲོན་མོ་ཞིག་ཏུ་མཐོང་སོང་།
    ཐུགས་རྗེ། རྗེས་སུ་འདི་ལྟ་བུའི་རྩོམ་ཡིག་གང་མང་གནང་རོགས་ཞུ།

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    དམན་བུ་ངོས་ནས་སྔ་སོར་སྐུ་ཞབས་བློ་སྦྱིན་མཆོག་གི་རྗེས་གདམ་གྱི་ཕྱག་རྩོམ་ལ་ཤིན་ཏུ་སྙན་བརྗིད་གླིང་བས། དབང་མེད་དུ་ཡིད་འཕྲོག་པ་བྱུང་།
    ད་ཡང་གདམ་ངག་འདི་དག་གངས་ཅན་གནམ་བསྟན་ཡོངས་ཀྱི་ཡིད་ལ་འཇོག་དགོས་པ་མ་ཚད། ངེས་པར་དུ་ཡིད་འཇོག་བྱེད་དགོས་པའི་རེ་བ་ཡོད། སྐུ་ཞབས་མཆོག་གི་མུ་འཐུད་ནས་ཕྱག་རྩོམ་ཆུ་བོའི་རྒྱུན་བཞིན་མ་འོང་དགོས་བསྐུལ་གནང་བའི་བཀའ་མོལ་གང་མང་གཏོན་གནང་ཐུབ་པའི་རེ་བསྐུལ་ཞུ་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese