ཟླ་འདིའི་ཚེས་ ༣ ཉིན་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་རྔ་པ་ཀིརྟི་དགོན་གྱི་གྲྭ་སྐལ་བཟང་དབང་ཕྱུག་ལགས་དེང་སྐབས་རྔ་པ་རྫོང་མི་མང་སྨན་ཁང་ཟེར་བའི་ཐོག་བརྩེགས་གཉིས་པའི་ནད་པའི་ཉལ་ཁང་ཞིག་ཏུ་ཡོད་འདུག་ལ། ཐོག་བརྩེགས་གཉིས་པར་ཡོད་པའི་ནད་པ་གཞན་ཚང་མ་ཕྱིར་ཕུད་བྱས་ཏེ་ཁོང་གཅིག་པུར་ཉེན་རྟོག་པའི་སྲུང་བྱ་དམ་པོའོག་བཞག་ཡོད་འདུག
གོ་ཐོས་སུ་ཁོང་གི་གྲོགས་པོ་ཞིག་ནད་གཡོགས་ལ་བཏང་ཡོད་པ་དང་། དེ་མིན་གྱི་མི་ཁག་ཅིག་ཀྱང་ཐུག་ཏུ་བཅུག་ཡོད་ཚུལ་འདུག ཁོང་ལ་མེས་ཚིག་པའི་རྨས་སྐྱོན་ཚབས་ཆེན་མིན་ནའང་། རང་ལུས་མེར་བསྲེགས་བཏང་བའི་ཉིན་དེར་ཉེན་རྟོག་པ་དང་དམག་མི་སོགས་ཀྱིས་ལག་ཆ་འདྲ་མིན་གྱིས་རུབ་རྡུང་དྲག་པོ་བྱས་ཏེ་མགོ་ལ་རྨས་སྐྱོན་ཚབས་ཆེ་ཙམ་ཕོག་ཡོད་འདུག
གཞན། ཕྱི་ཟླ་ ༩ ཚེས་ ༢༦ ཉིན་རང་ལུས་མེར་སྲེག་གཏོང་མཁན་གྲྭ་བློ་བཟང་དཀོན་མཆོག་ཉིན་ཤས་སྔོན་འབར་ཁམས་གྱི་རྔ་ཁུལ་སྨན་ཁང་ཞིག་ཏུ་རྨས་སྐྱོན་ཚབས་ཆེན་ཡིན་ཞིང་། འབྲེལ་ཡོད་ཚོ་ཐུག་འཕྲད་བྱེད་འཇུག་གི་མེད་པ་དང་། ཡང་ཁོང་གི་འཐབ་གྲོགས་གྲྭ་བློ་བཟང་སྐལ་བཟང་ལགས་དེང་སྐབས་སི་ཁྲན་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་ཡོད་ཚུལ་དང་། ཁོང་ཉིན་ཤས་སྔོན་རྔ་པའི་གསར་འགྱུར་ཞེས་པའི་བརྙན་འཕྲིན་དུ་བསྟན་འདུག
དེང་སྐབས་རྔ་པ་ཀིརྟི་དགོན་པ་དམག་མིས་སྐོར་མེད་པ་དང་། ཅུང་གུ་ཡངས་ཀྱི་རྣམ་པ་ཐོན་ཡོད་ཀྱང་། མི་མང་གིས་དེ་ནི་གཡོ་ཐབས་ཤིག་ཡིན་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་འདུག དགོན་པའི་ནང་རྒྱ་གཞུང་གི་ལས་བྱེད་བརྒྱ་ཕྲག་ཁ་ཤས་མུ་མཐུད་ཡོད་མུས་དང་། དགོན་པའི་ལྕགས་རིའི་ནང་ལོགས་ཀྱི་ཕྱོགས་བཞིར་ཉེན་རྟོག་པ་རྒྱུན་སྡོད་མངགས་གཏོང་ཁང་ ༤ གསར་རྒྱག་བྱེད་བཞིན་ཡོད་འདུག
རྔ་པ་རྫོང་མཁར་ལ་ད་དུང་མུ་མཐུད་དམག་མི་དང་ཉེན་རྟོག་པ་དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དམ་དྲགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། གཞུང་ལམ་གཡས་གཡོན་གྱི་ཁང་པ་དང་གློག་ཤིང་སོགས་ཀྱི་ངོས་སུ་བརྙན་ཕབ་འཕྲུལ་ཆས་མང་པོ་བཞག་སྟེ་དམ་བརྟན་སྲུང་བྱས་ཤིང་། རྫོང་ཐོག་གི་གཞུང་ལམ་ཁག་ཏུ་ཞིབ་བཤེར་ས་ཚིགས་རེ་རེ་བཙུགས་ཏེ། ཐོབ་ཐང་ལག་ཁྱེར་ལ་ཞིབ་བཞེར་བྱེད་བཞིན་ཡོད་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
རང་རིགས་ཞེན་པ་དཀར་པའི་དགེ་འདུན་པ་ཁྱེད་རྣམས་ལ་རྗེས་སུ་ཡི་རང་དང་གུས་བཀུར་ཚད་མེད་ཞུ།།
དཔའ་བོ་དེ་དག་མ་ཤི་གསོན་པོར་གནས་པ་ཧ་ཅང་དགའ་པོ་བྱུང་
མི་རིང་བར་སྐུ་གཟིགས་སྔར་བཞིན་བདེ་ཐང་ཡོང་བའི་སྨོན་འདུན་ཞུ