མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོང་བུའི་དམ་ཚིག་གི་ནུས་པ་དང་། དེ་དང་བྲལ་བའི་སྐྱོན་གནད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

གཉིས་པ།

                                                                                                                                    རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།

༄། རྩོམ་བྲིས་སྔོན་མའི་ནང་སྔར་ཆོལ་གསུམ་ཁྱོན་ན་གནས་པའི་བོད་རིགས་སུ་གཏོགས་སོ་ཅོག་གོང་བུའི་ནུས་པ་གཅིག་ཏུ་འདྲིལ་མ་ཐུབ་པའི་རྐྱེན་གྱིས་བོད་སྤྱི་ཡོངས་ལ་ཉམ་ཉེས་གྱོང་རྒུད་ཇི་བྱུང་སྐོར་བློ་གསར་རྣམས་ཀྱི་མཁྱེན་རྟོགས་སླད་ངོ་སྤྲོད་རོབ་ཙམ་བཀོད་པའི་ཁུལ་ཡིན།  སྐབས་འདིར་ཡང་མཐུན་སྒྲིལ་ལམ།  ཆིག་སྒྲིལ་གྱི་ཡོན་ཏན་དང་།  ཡོན་ཏན་དེ་དང་བྲལ་ན་སྐྱོན་གནད་སྐོར་དགོངས་པའི་དཔྱད་གཞིར་ཕྲན་བུའི་བརྗོད་འདོད་བྱུང་། 

            ཆིག་སྒྲིལ་ཟེར་བ་གོང་བུའི་ནུས་པར་གོ།  ང་ཚོ་བོད་པས་བོད་ཟེར་དུས་ཆོལ་གསུམ་ཡོངས་རྫོགས་ལ་ངོས་འཛིན་བྱེད་ཀྱི་ཡོད།  ཆོལ་ཁ་གསུམ་གཅིག་གྱུར་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་རྩ་དོན་ལངས་ཕྱོགས་ཡིན་ལ།  དམིགས་ཡུལ་ཡང་ཡིན།  ཆོལ་ཁ་གསུམ་ཁ་བྲལ་དུ་སོང་ན།  ལུས་གཅིག་གི་ཡན་ལག་ཁ་བྲལ་དུ་བཏང་བ་དང་གཅིག་མཚུངས་རེད།  ཁ་བྲལ་དུ་སོང་ཚེ་གསོན་གནས་བྲལ་བ་རེད།  ཆོལ་གསུམ་བོད་མི་ཡོངས་རྫོགས་སྐྱིད་ན་སྐྱིད་མཉམ་དང་།  སྡུག་ན་སྡུག་མཉམ་བསམ་པ་གྲུ་ནང་གི་མི་བཞིན་བདེ་སྡུག་མཉམ་མྱོང་གི་དམིགས་ཡུལ་བཟུང་སྟེ།  བོད་མི་ཞེས་པའི་མིང་ཚིག་འོག་བཟང་པོས་ལས་བྱེད་སར།  ངན་པས་ལྟད་མོ་བལྟས་ཏེ་མ་བསྡད་པར་རང་རང་གི་ཤེས་འཇོན་ལ་གཞིགས་པའི་འགན་ཁུར་མཉམ་ལེན་དགོས་པ་འདི་ཆིག་སྒྲིལ་གྱི་ལས་འགན་ཡིན།

            ཐོག་མར་ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བརྟན་བཞུགས་ཕུལ་བའི་སྐབས་ཆོལ་གསུམ་ཆོས་ལུགས་དང་བཅས་པ་མཉམ་གནས་ཀྱི་གནའ་གན་མཐུ་མོ་ཆེ་བཞག་པ་དུས་དེ་ནས་བཟུང་གཞུང་དམངས་ཁུངས་སོ་སོ་ནས་གཏན་ཚིགས་ཆེན་མོ་དང་།  བརྟན་བཞུགས་ནམ་ཕུལ་སྐབས་དེ་དང་ཕྱོགས་མཚུངས་ང་ཚོ་ནང་ཁུལ་ཕྱོགས་རིས་ཕྱོགས་ལྷུང་འཐེན་འཁྱེར་མི་བྱེད་པའི་དམ་འབུལ་རིམ་པ་ཕུལ་ཡོད་པ་དེ་དག་དྲན་གསོ་དང་སྦྲགས་ལག་ལེན་དུ་འཁེལ་ཐབས་དགོས་པའི་བསྐུལ་མ་ཞུ་རྒྱུ་ཡིན། གལ་ཏེ་ལག་ལེན་དུ་མ་བསྟར་ན།  བརྟན་བཞུགས་ཕྱི་ཚུལ་འདྲ་ཆགས་པོ་ཙམ་ལས།  དོན་དུ་བླ་མར་དབུ་སྐོར་ཞུས་པ་རེད།  དེ་དབང་དུ་སོང་ཚེ་བླ་སློབ་ཀྱི་དམ་ཚིག་ལ་ཐུག་ཡོད།  དམ་ཚིག་དང་འགལ་ན་ས་བོན་མེ་ཡིས་ཚིག་པ་ལ་འབྲས་བུ་མྱུ་གུ་ལྗང་ཁུ་བྱུང་མི་སྲིད་པ་ལྟར་ཡིན།

ཆིག་སྒྲིལ་ནི་ང་ཚོའི་སྟོབས་ཤུགས་ཡིན།  སྟོབས་ཤུགས་དེའི་ནུས་པ་ཁ་བྲལ་དུ་སོང་ན། ང་ཚོའི་ཕམ་ཉེས་ཡིན།  དཔེར་ན།  རྒྱ་ཕྱོགས་ནས་དུམ་བུར་བཟོས་ཏེ་དབང་བསྒྱུར་བདེ་བའི་ངན་ཇུས་འོག།  བོད་གཅིག་ལ།  ཕྱི་མ་དང་ནང་མའམ།  རྒྱ་སྡེ་དང་བོད་སྡེ་གཉིས་སུ་དབྱེ།  རྒྱ་ནག་དབུས་ཡིན་པར་རྩིས་ཏེ་འབྲི་ཆུ་ཚུན་བོད་ནང་མའམ་རྒྱ་སྡེ་དང་།  འབྲི་ཆུ་ཡན་ལ་བོད་ཕྱི་མའམ་བོད་སྡེ་ཞེས་བཏགས།  དོན་དུ་དབུས་གཙང་ཁུལ་ལ་བོད་སྡེ་དང་།  མདོ་སྟོད་སྨད་གཉིས་རྒྱ་སྡེ་ཞེས་མིང་བཏགས་མཁན་རྒྱ་གཞུང་རེད། ང་ཚོ་དུམ་བུར་བཏང་རྗེས་རིམ་གྱིས་བོད་ཆོལ་ཁ་གསུམ་གྱི་ལུང་ཚན་ལེ་ལག་དང་བཅས་པ་ཚང་མ་བཙན་བཟོས་བྱས་ཡོད་པ་དེ་མ་བརྗེད་པར་བསླབ་བྱ་ལེན་ཐུབ་ན།  ཆིག་སྒྲིལ་ཡོད་མེད་ཀྱི་ཁེ་གྱོང་དང་ཕན་གནོད་རྟགས་ཐུབ།    

            ཆོལ་གསུམ་ཆོས་ལུགས་ལུང་ཚན་དང་བཅས་པའི་མཐུན་སྒྲིལ་དེ་ང་ཚོའི་མ་རྩ་ཡིན།  མ་རྩ་དེ་གཞན་ལག་ཏུ་སོང་ན།  ཚོང་ཧ་ལོག་པ་རེད།  གཞན་ལ་རེ་འདུན་བཏོན་རྒྱུ་ལས་རྩོད་པའི་ཐོབ་ཐང་གཞན་ལག་ཏུ་ཤོར་བ་རེད།  རྒྱ་ཕྱོགས་ནས་ཐོག་མར་ནང་ཁུལ་གས་ཆག་སེར་ཀ་ཡོད་སའི་ནང་ཚང་འཛུལ་གྱིས་ཉེ་རིང་གི་འགལ་ཟླ་བཟོས། བར་དུ་ཕྱོགས་ལྷུང་གི་འགལ་བ་དེ་བེད་ལོག་ཏུ་བཏང་།  མཐའ་མ་འགལ་བའི་ཁྲོད་ནས་ཁོ་རང་ཚོར་དགོས་མཁོའི་ཁེ་བཟང་ལེན་ཐབས་བྱེད་རྒྱུར་ངེས་པས།  རང་དོན་རང་གཅེས་ཀྱིས་མ་རྩ་དེ་ལ་སྲུང་སྐྱོབ་ཐུབ་པ་དགོས།  སྲུང་སྐྱོབ་དེ་ཡང་ནང་བསམ་བློའི་ནང་ནས་ཀོ་ཐག་མ་གློད་པ་ཞིག་དགོས། ཕ་མ་གཅིག་ཀྱང་ཕོ་བ་མི་གཅིག་པ་དང་།  སྔས་གཅིག་ལ་རྨི་ལམ་མི་གཅིག་པ་ཡོང་བ་ཇི་བཞིན་སྐད་ཆ་བཤད་ཕྱོགས་རིང་ཐུང་མི་གཅིག་ནའང་མཐའ་མ་བབ་ས་གཅིག་ཐོག་འབུངས་དགོས་རྒྱུ་ནི་གནད་འགག་ཡིན།

            མཐུན་སྒྲིལ་ནི་མི་རིགས་སམ།  སྤྱི་ཚོགས་ཆགས་འཇིག་གི་སྲོག་རྩ་ཡིན།  སྲོག་རྩ་དེ་གནས་དང་མི་གནས་མི་རིགས་ཀྱི་ལ་རྒྱར་ཐུག་ཡོད། མི་རིགས་ཀྱི་ལ་རྒྱ་མེད་ན། དུད་འགྲོ་དང་ཁྱད་པར་མེད། འོན་ཀྱང་མི་རིགས་ཀྱི་ལ་རྒྱ་ཟེར་དུས་འཐེན་འཁྱེར་ལ་མི་གོ། མི་རིགས་ཀྱི་ལ་རྒྱ་ཟེར་དུས་ཤོག་ལངས་དཔུང་སྒྲིལ་ལའང་མི་ཟེར། ཞེན་གོག་བྱེད་སྟང་མ་ཤེས་ན་འགལ་ཟླའི་ལག་ཆར་འགྱུར་ཉེན་ཡོད། དཔེར་ན། དབུས་གཙང་ལྟ་བུས་དབུས་ཞེན་བྱེད་པའི་དབང་དུ་བཏང་ན། ། མདོ་སྟོད་སྨད་ཀྱིས་ཀྱང་དེ་ལྟར་བྱེད་སྲིད་པ་རེད། ཁག་ཅི་ལ་ཡོད། གལ་ཏེ་དེ་དབང་དུ་སོང་ཚེ་ཆིག་སྒྲིལ་ལ་ཆ་གོ་ལང་པ་རེད། དེ་བས་ན། ལུས་ཀྱི་བྱ་སྤྱོད་དང་། ངག་གི་སྨྲ་བརྗོད། ཡིད་ཀྱི་འཁྱེར་སོ་བཅས་པ་མ་ཆུག་པ་དགོས། མཐུན་སྒྲིལ་ནི་མི་རིགས་འཚོ་གནས་ཀྱི་འགག་རྩ་ཡིན། གྱོང་ཉོན་མོངས་ལ་བསྐུར་ནས་བཟོད་བསྲན་དང་། ཕམ་ཁ་འཁུར་རེས་བྱས་ན་ཕྱོགས་ཚང་མར་ཕན་ཐོགས་ཡོང་།

            བློ་མཐུན་པ་བྱེད་རྒྱུ་དེ་གལ་ཆེའི་ནང་གི་གལ་ཆེ་ཡིན། དེ་ལྟར་བྱུང་ན་གནས་དུས་འགྱུར་འགྲོས་དང་། ལྷག་པ་བརྒྱབ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་མ་རེད། རང་ཚུགས་རང་གིས་ཟིན་ཐུབ་པ་ཞིག་ཡོང་གི་རེད། འོན་ཀྱང་བློ་མཐུན་པ་དེ་བདེ་ལོག་ཏུ་མ་སོང་བ་དགོས། བེད་ལོག་ཏུ་སོང་ན་ངན་པ་ཁ་མཐུན་པ་དང་ཁྱད་པར་མེད། ནང་ཁུལ་དགྲ་གཤེད་ཡིན་ཡང་། ཕྱིའི་དགྲ་ལ་ཐུག་དུས་གྲོགས་སུ་གྱུར་ན་རླབས་ཆེན་ཡིན།

            རང་ཅག་བོད་རིགས་རྣམས་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟར་ཡིན། བོད་མི་ནང་ཁུལ་དབྱེ་འབྱེད་མེད་པ་འཆམ་མཐུན་ཡོང་བ་བྱེད་རྒྱུ་དེ་ང་ཚོས་སྲོག་ལྟར་གཅེས་སྤྲས་བྱེད་དགོས། སྲོག་དེ་དང་བྲལ་ན་རོ་རེད། དེ་འདྲ་སོང་ཙང་བོད་རིགས་ནང་ཁུལ་འཆམ་མཐུན་དུ་གནས་རྒྱུ་དེ་ང་ཚོའི་ནུས་པ་ཡིན། ནུས་པ་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཐབས་བྱེད་རྒྱུ་དེ་ང་ཚོའི་ལས་འགན་ཡིན། ལས་འགན་དེ་འཁྱོག་དང་མི་འཁྱོག་ང་ཚོའི་ལྷག་བསམ་དང་སྤྱི་སེམས་ལ་རག་ལས་ཡོད། བོད་རིགས་ཆིག་སྒྲིལ་དུ་གྱུར་ན། རྒྱ་ཕྱོགས་ལ་གནོད་ཀྱི་ཡོད་པར་བརྟེན། བོད་གཅིག་ལ་བོད་རང་སྐྱོང་ལྗོངས་དང་། རྔ་པ་བོད་རིགས་རང་སྐྱོང་ས་ཁུལ། དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ། བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ། ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་བཅས་ཁ་ཕྲལ་ནས་དུམ་བུ་ལྔར་བགོས་ཡོད། དུམ་བུ་བཟོས་པ་དེ་རྒྱ་ཕྱོགས་ལ་ལས་བདེ་གྱུར་ཡོད། ང་ཚོར་ག་རེ་ཕན་ཡོད། དགོངས་པ་བཞེས་དང་།

            ཕྱི་གཙང་ནང་གཙང་མཐུན་པའི་ཕྱོགས་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན། མཐུན་པའི་རྒྱུ་ཡིས་རང་སྐྱིད། གཞན་སྐྱིད། ལུས་སྐྱིད། སེམས་སྐྱིད། སྤྱི་ཚོགས་དང་བཅས་པ་གནས་སྐབས་སྐྱིད་ལ། ཕུགས་སུ་བདེ་བ་ཡོང་རྒྱུ་ཡིན། ཉོན་མོངས་ལ་གོ་སྐབས་སྤྲད། ཆགས་སྡང་ལ་བདེན་ཁ་སྦྱིན་ན། རང་གཞན་ཚང་མར་མི་སྐྱིད་པ་ཡོང་། མཐུན་སྒྲིལ་ནི་ཐོུང་གི་ལས་འགན་ཡིན། གཡས་ཁག་གཡོན་དཀྲི་དང་། ང་མིན་ཁོ་ཡིན། ཕར་གཡོགས་ཚུར་གཡོགས་དབང་དུ་མ་སོང་བར། ནུས་ཤུགས་གཅིག་ཏུ་སྡུད་པའི་མཉམ་འདྲིལ་གྱི་བྱ་ལས་ལ་མཐུན་སྒྲིལ་ཟེར། དེ་ལྟར་བྱུང་ན་མཐར་ཐུག་གི་བདེ་སྐྱིད་མིན་ན་ཡང་། འཇིག་རྟེན་འདིའི་བདེ་སྐྱིད་ཀྱི་མཆོག་ཡིན།

            ཁས་མཐུན་སྒྲིལ་ཟེར་བ་དང་ཆབས་ཅིག་ལག་ལེན་དུའང་མཐུན་སྒྲིལ་ཡོང་ཐབས་སུ་འབད་འབུངས་ཐུབ་ན། དོན་གྱི་མཐུན་སྒྲིལ་ཡོང་ངེས་ཡིན། ཁས་སྙན་པོ་དང་། འདྲ་ཆགས་བཤད་པ་གང་ཞིག། ལག་ལེན་དེ་ལས་ལྡོག་ཕྱོགས་བསྟར་ན་སྟོང་བཤད་རེད། སྟོང་བཤད་མང་ན་ཡིད་ཆེས་བརླག་གི་རེད། ཆིད་ཆེས་བརླག་ན་གཏམ་ལ་རྣོ་ངར་མེད་པ་ནུས་མེད་སྙིགས་རོ་སྦང་མ་ལྟ་བུར་འགྱུར་ངེས་ཡིན། རང་ཕྱོགས་ཀྱི་འདོད་པ་ལྟར། ཕར་ཕྱོགས་ནས་དང་ལེན་མ་བྱས་ཚེ། དེ་ལ་དགག་རྒོལ་བྱེད་པ་ཐལ་ཆ་རེད། རལ་གྲི་གནམ་གཡུགས་བྱེད་ཚེ། བསམ་དོན་འགྲུབ་རྒྱུ་ཁག་པོ་རེད། དེ་བས་ན། གོ་བསྡུར་གྱི་ཐོག་ནས་གཉིས་མོས་ཀྱི་ཐབས་ལམ་འཚོལ་དགོས།

            མཐུན་སྒྲིལ་ནི་ལུས་ཀྱི་རྩ་ལག་ལྟ་བུ་ཡིན། རྩ་ལག་རེ་རེར་ཡང་བྱེད་སྒོའི་ལས་འགན་རེ་ཡོད། སྐྲ་རྐང་གཅིག་ནས་འཐེན་ན། ན་ཟུག་ལུས་པོ་ཡོངས་ལ་ཡོང་བ་ལྟར་རྩ་ལག་གཅིག་ལ་སྐྱོན་ཤོར་ན། ལུས་པོར་ཟུག་གཟེར་ཕོག་རྒྱུ་ཡིན། ཞན་ཆ་ཡོད་སར་ཕ་རོལ་པོའི་ལས་འགན་ཡོང་མཁན་གྱིས་གཡོ་ཅན་དྲང་པོར་བརྫུས་ཏེ་ཤ་ཚ་མདོག་དང་། སྙིང་ཉེ་མདོག། འཛུམ་དམུལ་དམུལ། སོ་དཀར་དཀར་བསྟན་ཏེ་མདུན་ལ་མི་སྐད་བརྒྱབ། རྒྱབ་ལ་འདྲེ་སྐད་བརྒྱབ་སྟེ་དྲིལ་བུ་གཅིག་ལ་སྐད་གཉིས་གྲགས་མཁན་དེ་རིགས་ལ་མ་གཟབ་ན། རྩམ་ཁ་རང་གིས་ཟོས་ནས། རྩམ་ཁུག་གཞན་མགོར་གཡོགས་ཉེན་ཡོད། དུས་དེ་འདྲར་ཕ་རོལ་པོའི་དམིགས་དོན་སྒྲུབ་མཁན་ངོས་ཟིན་ཐུབ་ན་གྱོང་པོ་ཡིན། སྐབས་དེ་འདྲར་རིག་པ་སྒྲིམ་ཐུབ་ན་ཕོ་རབ་ཡིན། གལ་ཏེ་མགོ་སྐོར་འོག་ཚུད་ན། ལྟོ་འབྲང་དོན་གཉེར་ཕག་པ་དང་ཁྱད་ཅི།

            ཆིག་སྒྲིལ་ཡོང་བར་མཉམ་ལས་དང་མཉམ་རུབ་དགོས། ཁྱེད་ཀྱི་ཁ་དང་ངའི་སྣ་ཞེས་བཤད་རེས་བྱེད་ན། འགལ་བའི་ས་བོན་བཏབ་པ་རེད། རྒྱ་ཕྱོགས་ནས་སྔར་བྱུང་གི་ལོ་རྒྱུས་ནག་བསུབ་བཏང་བ་དང་ཆབས་ཅིག། ཕྱིས་འབྱུང་གི་བསམ་བློར་རྒྱུན་འཇགས་ཡོང་སླད། མ་རུངས་ཁོག་བཅུག་གིས་ཐ་སྙད་མི་འདྲ་བ་བཏགས་ཏེ། བགྲོད་ལམ་ལ་མཚོན་ན། ཁམས་བོད་རླང་འཁོར་འགྲོ་ལམ་དང་། མཚོ་བོད་རླང་འཁོར་འགྲོ་ལམ་ཞེས་ཐ་དད་ཀྱི་མིང་འདོགས་བྱས་པ་དེ་ཚོ་དགོས་དབང་འཆར་གཞི་དང་ལྡན་པའི་བྱ་ཐབས་ཤིག་རེད། དེ་ལ་ཆོལ་གསུམ་ཆོས་ལུགས་དང་བཅས་པས་མཛུབ་མོ་ལྔ་ཡི་ཁུ་ཚུར་གྱི་དཔེ་བཞིན་ཆིག་སྒྲིལ་སྟོབས་ཤུགས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ཐུབ་ན། སྐུད་པ་ཕྲ་ཡང་། བསྒྲིམ་ན་རྐུན་པོ་བཅིངས་སླ་བའི་རྒྱུ་རུ་འགྲོ་རྒྱུ་ངེས། ཕྱི་ལུས་གཟུགས་ཉེ་བར་གནས་ཀྱང་མཐུན་སྒྲིལ་ལ་མི་ཕན། ནང་སེམས་ཐག་ཉེ་ན་མཐུན་སྒྲིལ་ཤུགས་ཀྱིས་ཡོང་།

            མཐུན་སྒྲིལ་ཟེར་བ་ནི་ཐབས་ས་བོན་དང་། དམིགས་ཡུལ་ཤིང་སྡོང་ལྟ་བུ་ཡིན། ཤིང་སྡོང་གི་རྩ་བ་བརྟན་པོ་ཡོད་ན། ཡལ་ག་དང་ལོ་འདབ་རྒྱས་པའི་ཐོག་འབྲས་བུ་ཡང་ལོངས་སུ་སྤྱོད་རྒྱུ་ཡོང་། རྩ་བ་རུལ་ན། ཡལ་འདབ་རྒྱས་ཀྱང་སྐམ་རྒྱུར་དུས་ཐུང་ཡིན།

མཐུན་སྒྲིལ་ནི་བཀྲ་ཤིས་པའི་རང་བཞིན་རེད། བཀྲ་ཤིས་པ་ཞིག་ཡོང་དང་མི་ཡོང་ཀུན་སློང་དང་རང་རྒྱུད་ལ་དཔྱད་དགོས། གནས་ཚུལ་ཕྱོགས་ཡོངས་ནས་མ་བལྟས་པར། རང་ཕྱོགས་ཁོ་ན་ནས་བལྟས་ཏེ་དྭོགས་པ་རྣམ་རྟོག་གི་རྗེས་སུ་རྒྱུག་སྟེ་ལོང་བས་ལོང་བ་འཁྲིད་པའི་དབང་དུ་སོང་ན། མཐུན་པ་འབྱེད་པ་བྱེད་པ་ཡིན། དྭོགས་པ་རྣམ་རྟོག་བྱེད་རྒྱུ་མང་ན། ཁང་སྟོང་རྐུ་མས་སྡང་ཟེར་བ་ལྟར་སྣང་སྲིད་ཐམས་ཅད་དགྲ་རུ་ལངས་ཉེན་ཡོད།

            བོད་རིགས་སུ་གཏོགས་པ་ཐམས་ཅད་དམ་ཚིག་གཅིག་ཏུ་བསྒྲིལ་ཐུབ་ན། དེའི་ཚོད་ཀྱི་ནུས་པ་མི་འདྲ་བ་ཐོན་གྱི་རེད། འོན་ཀྱང་མི་ཚང་མ་བསམ་བློ་གཅིག་ལྟ་བུ་ཡོང་མི་ཤེས། ཚང་མར་ཆགས་སྡང་གི་སྐྱོན་ཡོད། སོ་སོར་དགའ་མི་དགའི་གདོང་ལ་བལྟས་ནས་རྒྱབ་སྐྱོར་དང་རྒོལ་ལན་བྱེད་རེས་བྱས་ན་གྱབ་ཆུང་རེད། རང་དང་མི་མཐུན་པ་དེ་ཡིད་ལ་བཟུང་ནས་སྤྱིའི་ལས་དོན་ཐོག་རྒྱུ་མཚན་གཞན་ཞིག་འོག་རང་དང་མི་མཐུན་པ་དེ་ལ་འཁོན་ཏེ་སྐྱོན་བརྗོད་ཀྱི་གོ་སྐབས་ལེན་པ་དེ་སྐབས་འཚོལ་བའི་བྱ་སྤྱོད་ཐབས་རྡུག་ཅིག་རེད། ནང་ཁུལ་དམ་གཙང་ཡོང་སླད་དགེ་བཤད་སྡིག་བཀྲོལ་བྱེད་དགོས། གླ་བརྔན་སུས་སྤྲད་ཀྱི་བྲན་གཡོག་ཏུ་ཚུད་དེ་བོད་བསྟན་པ་ཆབ་སྲིད་དང་དངུལ་དངོས་ཀྱི་ཁེ་ཕན་གོ་བརྗེས་རྒྱག་མཁན་དེ་སྨད་ཚོང་བ་ལས་སྐྱོ་བ་རྒྱུ་དག་མེད་པའི་ཞབས་འདྲེན་གྱི་བྱ་ལས་ཤིག་རེད། དེ་བས་ན། སྤྱི་དོན་སྙིང་ལ་བཟུང་ནས་ནུས་པ་བཏོན་དགོས། གཅིག་སྒྲིལ་ཞེས་པ་ལྕགས་ཀྱི་གོང་བུ་ལྟ་བུ་ཞིག་དགོས་པ་ལས། འཁྱགས་པའི་གོང་བུ་ལྟ་བུ་ཞིག་བྱུང་ན་མི་འགྲིགས།

            མཐུན་སྒྲིལ་གྱི་འགོག་རྐྱེན་ནི། ལས་ཀྱི་སྣེར་བཞུགས་པ་རྣམས་ནས་དུས་བསྟུན་སྤྱི་དོན་ཐོག་དགོངས་པ་གུ་ཡང་བཞེས་ཏེ་མཐུན་སྒྲིལ་གྱི་ཕྱོགས་སུ་གོམ་གང་བདུན་སྤོས་ཐུབ་པ་ཡིན་ཚེ། དམངས་ཁྲོད་ནས་རྟ་ལམ་བོང་བཀག་བྱེད་པའི་ཐུགས་ཁྲེལ་དགོས་དོན་མ་མངོན། སྒང་ནས་གཏམ་དོན་དང་སྒེར་གྱི་ཁེ་ཕན་མཉམ་བསྲེས་ཀྱིས་བློ་རྒྱ་ཆུང་བའི་གུ་དྭོགས་ཀྱི་དགོངས་པ་བཞེས་སྟངས་འཁྱུག་པ་ཡིན་ཚེ། གཤམ་ནས་ཐོགས་པར་ཡ་མཚན་རྒྱུ་ཨེ་འདུག། རྒྱུ་མཚན་གཞན་ནི། རང་གི་ལྟོ་གོས་ཀྱི་ཁེ་ཕན་ཆེད་གཞན་གྱི་བེད་སྤྱོད་འོག་ཕ་རོལ་པོའི་མགྲིན་ཚབ་བྱས་ཏེ་རང་སྣང་གང་དྲན་གྱི་གཏམ་བཤད་གང་བྱུང་བྱས། དེ་ལ་དམངས་ནས་བདེན་མི་བདེན་བརྟག་ཞིབ་མེད་པར་རྣ་བ་སྲབ་པོ་བྱས་ཏེ་བདེན་པར་འཛིན་ཏེ་ཅ་ཅོ་བསྒྲགས། དེའི་ཁར་འགྲན་སེམས་ཅན་གྱིས་གོ་སྐབས་བཟུང་ནས་ཤོག་བུར་སྣུམ་ཐིགས་བརྒྱབ་པ་ལྟར་ཆུང་ཆུང་ཆེན་པོར་བཟོས་ཏེ་ཁྱབ་སྤེལ་བྱེད་ཉེན་ཡོད། དེ་ལྟར་ན། དེའི་རིགས་ལ་གོ་སྐབས་སྤྲད་དང་མི་སྤྲོད་མི་མང་གི་ཕྱག་ཏུ་ཡོད།

            ཆིག་སྒྲིལ་ནི་དམངས་གཙོ་དང་ཐ་དད་པའི་བརྗོད་ཚིག་ཅིག་ཡིན་ཡང་། དམིགས་ས་གཅིག་པ་ཡིན། དཔེར་ན། སྔར་ཆོས་རྒྱལ་སྐུ་དུས་ཀྱི་གོང་བུའི་ནུས་པ། བར་སྐབས་འཐོར་ཞིག་ཏུ་སོང་ཡོད་ནའང་། གཞན་ཡུལ་བཙན་བྱོལ་དུ་འབྱོར་རྗེས་སླར་ཡང་ཆིག་སྒྲིལ་གྱི་གོ་སྐབས་གསར་དུ་བྱུང་བ་དེ་རྐྱེན་ངན་གྲོགས་ཤར་ཡིན། མཐར་ཐུག་ན་གངས་ལྗོངས་སྐྱེ་བོ་ཀུན་གྱིས་སྤྱི་བོར་བཀུར་བའི་ྋརྒྱལ་བའི་མཁས་མཛངས་ཀྱི་གཟི་བྱིན་ཁོ་ནའི་མཐུ་ཡིན། དམངས་གཙོའི་ལམ་ལུགས་ཀྱི་འོག་སྤྱི་འཐུས་ལ་མཚོན་ན། བཙན་བྱོལ་བའི་ཆོལ་ཁ་ལུང་ཚན་གྱི་མི་འབོར་ཁ་གྲངས་དང་། ཆོས་ལུགས་རྗེས་འཇུག་པ་མང་ཉུང་ལ་གཞིགས་པའི་མི་གྲངས་མང་ཉུང་ཐོག་དགོངས་པ་བཞེས་པ་གནང་མེད། བོད་རིགས་སུ་གཏོགས་ཚད་ཆིག་སྒྲིལ་མཉམ་གནས་འོག་གཅིག་གྱུར་གྱི་ནུས་པ་འདྲིལ་ཏེ་བོད་རང་དབང་སླར་གསོའི་ཐོག་འབོད་སྒྲ་གཅིག་གྱུར་ཡོང་བར་འཕྲལ་ཕུགས་རྒྱང་གསུམ་གྱི་རླབས་ཆེན་གྱི་དགོངས་རྒྱ་ཆེ་བཞེས་གནང་ཡོད།

            ཆིག་སྒྲིལ་དང་དམངས་གཙོ་ནི་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་བ་ཡིན། འདི་གཉིས་ཀས་རང་དབང་དང་། ཐོབ་ཐང་། འདྲ་མཉམ་ཡོང་ཐབས་ཐོག་དགོངས་པ་བབ་ས་གཅིག་པ་ཡིན། འདི་གཉིས་ཀས་གྲངས་ཉུང་བའི་དགོས་འདུན་ལ་དམིགས་བསལ་གུས་བརྩི་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། དཔེར་ན། རྒྱ་གར་ལ་མཚོན་ན། ཕོ་མོ་འདྲ་མཉམ་གྱི་ངོ་བོའི་ཐོག་ནས་བེུད་སྲིད་འཛིན་དུ་བསྐོ་གཞག་དང་། རིགས་དམན་པའི་རང་དབང་ལ་བརྩི་བཀུར་གྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་རིགས་དམན་ནས་འདེམས་བསྐོ་དང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གནད་འགག་ཏུ་དགོངས་ནས་སྲིད་བློན་གྲངས་ཉུང་མི་རིགས་ནས་བསྐོ་འདེམས་བྱས་པ་བཅས་ནི་དམངས་གཙོའི་གཟི་བརྗིད་དང་། ཆིག་བསྒྲིལ་གྱི་ནུས་པ་བརྟན་དུ་བཏང་བ་རེད། འོན་ཀྱང་གྲངས་ཉུང་བའི་ཕྱོགས་ནས། ཞབས་བྲོ་མཉམ་དུ་བརྒྱབ་ནས། སྐེད་གཟེར་མི་འདྲ་བྱས་ན། གྲོས་བསྡུར་མཉམ་དུ་བྱས་ནས། རྣམ་འགྱུར་མི་འདྲ་བ་བསྟན་པ་དང་མཚུངས་པས། ཅ་མ་ཟིང་བསམ་པའི་བསུན་སྣང་ཡོང་རྒྱུའང་ཆོས་ཉིད་རེད།

            ཆིག་སྒྲིལ་དང་དམངས་གཙོ་ཡུན་གནས་དར་ཁྱབ་གཅིག་ཡིད་གཅིག་ལ་ཆེས་པ་ཡོང་དང་མི་ཡོང་ཟེར་བ་དྲང་པོ་དང་བདེན་པར་ཐུག་ཡོད། དྲང་བདེན་ཟེར་བ་མིའི་སྤྱི་ཚོགས་ལ་མེད་ཐབས་མེད་པ་དང་། མ་བྱུང་ཐབས་མེད་ཡིན། འོན་ཀྱང་དྲང་བདེན་གྱི་ལམ་དུ་འགྲོ་མཁན་རིགས་སྲིད་དོན་པ་དང་། སྐབས་འཚལ་བའི་བེད་སྤྱོད་འོག་ཏུ་ཚུད་རྒྱུར་འགོག་རྐྱེན་དུ་སོང་སྐབས། དགོས་མཁོ་མེད་པ་གད་སྙིགས་ལྟར་བདག་མེད་དུ་སོང་ན། སྤྱི་ཚོགས་དེར་ཕམ་ཉེས་བྱུང་བ་རེད། མ་རབས་ལ་རྒྱལ་ཁ་ཐོབ་པ་རེད། སྒེར་གྱོང་མ་རེད། སྤྱི་གྱོང་རེད། དེ་བས་ན། ཕྱི་རྫིག་པ་ལས་སྣང་སྣུམ་ཐབས་ཐོག་བསམ་གཞིགས་དགོས་རྒྱུ་གལ་ཆེར་སྣང་།

            མདོར་ན། སྤྱི་ཚོགས་ཀྱི་ཞན་ཆ་ངོས་འཛིན་ཐུབ་པ་དགོས། འབུ་གྲོག་མའི་རྐང་ལག་ཡོད་ཚད་ལ་ཤུབ་རེ་རེ་བཟོ་དཀའ་མོ་ཡིན་པ་ལྟར་མི་ཡོད་ཚད་ཀྱི་འདོད་པ་ཁེངས་པ་ཟེར་བ་ཡོང་རྒྱུ་མེད་པའི་སྐད་ཆ་རེད། འོན་ཀྱང་མང་བའི་འདོད་པར་བསྟུན་རྒྱུ་སྤྱི་སྲོལ་ཡིན།། །།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 5

  1. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ཆིག་སྒྲིལ་ཟེར་པ་གལ་ཆེན་ཡིན་པ་དང་ཆིག་སྒྲིལ་དགོས་པ་ཧ་གོ་ཡོད་པ་རེད་འོན་ཀྱང་ཆིག་སྒྲིལ་ལག་ལེན་ལ་ཡོད་དགོས་པ་དེ་བས་ཀྱང་གལ་ཆེན་རེད།  ད་སྐབས་བོད་ནང་ནས་ཚེ་སྲོག་དོར་ནས་བོད་མིའི་རང་དབང་དང་བདེ་སྡུག་གི་ཆེད་དུ་སྐད་འབོད་གནང་གི་ཡོད་པ་རེད་ང་ཚོས་ཁ་རྒྱག་པ་རེད་བཤད་ནས་ལྟ་འདུག་ཡོད་པ་ལས་གཞན་གང་འདྲ་གནང་གི་འདུག་གཟིགས་དང་།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དགོངས་དག ཤར་རྒྱག་ཅིག་བྲིས་ནས་ཤར་སེ་བཏང་བཞག་པས་་མཉའ་གན དང་གསར་འགྱུར་་སོགས་ཡིག་ནོར་འགའ་ཐལ་འདུག
    འདྲེ་མགོ་རྡོ། བཀའ་ཁྲིར་སློབ་སྟོན་པ་དགོས་ངེས། ལྷག་པར་གསར་གཏོད་ཀྱི་ཐད་ནས་དགོས་ངེས།

    Reply
  3. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    འདི་ཡག་པོ་བྲིས་འདུག སངས་རྒྱས་འཁྲིས་ཀྱི་དོན་ལྡན་ཆགས་འདུག

    ཆིག་སྒྲིལ་གྱི་རིགས་པའི་གཞུང་ལུགས་འདི་ལ་ངོ་བཤུས་ཤིག་རྒྱབ་སྟེ། འུ་ཚང་གི་བཀའ་ཁྲི་ལ་ཕུལ་རོགས། ཁོང་གི་ཆིག་སྒྲིལ་ལ་དོན་དག་ཅིག་སྩོལ་གྱི་རེད། འདི་ཚིག་ཙམ་དང་ཁ་ཙམ་གྱི་ཆིག་སྒྲིལ་ཞིག་མ་རེད་ལ། མི་ལ་ཆིག་སྒྲིལ་ཟེར་ན་ག་རེ་ཡིན་མིན་སྟོན་པའི་གཞུང་ཞིག་རེད་འདུག་པས། བློ་སེང་གིས་འདི་སྦྱངས་ནས་སྐྱོར་ན་དགའ་ས་རེད།

    Reply
  4. གྲགས་བསོད་ says:
    ལོ་ 14 སྔོན།

    ཁྱོད་ཚོས་ཁ་སྐམ་ཚིག་སྐམ་གྱི་མཐུན་སྒྲིལ་དང་ཆིག་སྒྲིལ་བཤད་ཡ་མང་དྲག་པོའི་ད་ནི་སྐྱུག་འབེ་ལོང་གི་འདུག།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྐུ་ངོ་ལགས་ཀྱིས་ཆིག་སྒྲིལ་གྱི་གལ་ཆེའི་རང་བཞིན་དཔེ་སྣ་དུ་མའི་སྒོ་ནས་བསྟན་འདུག་ཀྱང་ང་ཚོར་དོན་དངོས་ཀྱི་ཆིག་སྒྲིལ་ཡོད་མེད་དང་དེའི་ཚསད་གཞི་གང་འདྲ་ཞིག་ཡིན་མིན། དོན་དངོས་ཀྱི་དཔེ་མཚོན་བཀོད་ནས་གསལ་བཤད་གནང་མི་འདུག སྤྱིར་བཏང་ཞིག་གསུངས་འདུག འདི་ཡང་མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག་གི་དཔེ་ལྟར་ལོས་ཡིན་མོད། གཞོན་སྐྱེས་མང་པོ་ཞིག་ལ་གོ་བ་ཟབ་མོ་ཞིག་སྟེར་མི་ཐུབ།
    བདག་གི་བསམ་ཚོད་ལ་ཆོས་ལུགས་བར་གྱི་ཆིག་སྒྲིལ་ཐད་ནས་བརྒྱ་ཆ་ཚད་མཐོ་ཤོས་དང། ཆོལ་ཁའི་བར་ནས་བརྒྱ་ཆའི་ཚད་འབྲིང་ཙམ། ཆབ་སྲིད་ཀྱི་ལྟ་བའི་ཆ་ནས་ཆིག་སྒྲིལ་གྱི་ཚད་གཞི་ལོངས་ཙམ། ད་དུང་གསར་འགྱུར་དང་གཞིས་ཆགས་བར་ན་་་བོད་གཞིས་བྱེས་གཉིས་བར་ན་་་རྒན་གཞིན་གཉིས་ཀྱི་བར་ན་་་འདི་ལྟར་ལྟ་བ་མི་མཐུན་ས་དང་མཉམ་རུབ་མི་ཡོང་ས་་་འགོག་རྐྱེན་ཆེ་ས་དག་་གང་དང་གང་ཡིན་་་་སྐུ་ངོ་ལགས་ལ་ཉམས་མྱོང་ཐོག་ནས་རྒྱུས་མངའ་ཆེ་བས་ངེས་པར་གསུང་པར་རིགས་སྙམ་ཡང་་་འདི་ལྟར་སྤྱི་ཡོངས་ནས་རགས་བརྗོད་ཙམ་ལས་མཛུབ་མོ་འཛུགས་མ་ཐུབ་པ་འདི་ཡང་གཅིག་བྱས་ན་་་ཆིག་སྒྲིལ་ལ་གནོད་པར་དོགས་ནས་ཐབས་མཁས་པོ་གནང་བ་ཡིན་སྲིད་་་གང་ལྟར་བདག་གི་འདོད་པ་ཁེངས་མ་སོང་བས། བདག་གིས་༡༩༦༠་ལོར་མཉའ་གན་མཐུ་བོ་ཆེ་བཞག་པ་དེས་ཕན་ཐོགས་ཆེ་ཙམ་བྱུང་ཡོད་བསམས། འོན་ཀྱང་ད་ལྟ་་གཞིས་བྱེས་གཉིས་ཀྱི་བར་ལ། ཆོལ་གསུམ་བར་ལ་་ཆོས་བརྒྱུད་བར་ལ་་་ལྟ་གྲུབ་མི་འདྲ་བའི་བར་ལ་་ཕོ་མོ་དང་རྒན་གཞོན་བར་་སོགས་ལ་ཆུང་ས་བློས་གཏོང་གིས་ཆེ་ས་སྤྱི་དོན་ཐད་དང་ལྷག་པར་ཡིད་བཞིན་ནོར་བུའི་ཐུགས་དགོངས་ཇི་བཞིན་དམ་ཚིག་གཙང་མ་ཞིག་ཡོང་བར་་སླར་ཡང་མཉའ་གན་མཐུ་བོ་ཆེ་ཞིག་འཇོག་དགོས་ངེས་སུ་མཐོང་ནས་གཞུང་དམངས་ཡོངས་ལ་གཞེན་སྐུལ་ཞིག་ཞུས་ཡོད་པས་་རྒྱབ་སྐྱོར་དོན་སྨིན་ཡོང་བར་རེ་སྐུལ་ཞུ་འདོད་བྱུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese