མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་སྲོག་མེ་ལ་སྒྲོན་པ་འཚེ་བར་བཤད་མཁན་ཚོར་ཟློ་བ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

འོད་དཀར། 

ཉེ་བའི་ཆར་མདོ་སྨད་རྔ་བ་ཕྱོགས་ནས་སེར་སྐྱ་དགུ་དང་ཁམས་རྟའུ་ཕྱོགས་ནས་གྲྭ་བ་གཅིག་གིས་སྐུ་ལུས་མེ་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་མགོ་ནག་བོད་པ་ཞིག་ཡིན་ཕྱིན་མི་ཤེས་མཁན་མེད།   དེར་བརྟེན་སྐྱེ་བོ་རེ་གཉིས་ཤིག་གིས་དེ་ནི་འཚེ་བ་དང་ནང་ཆོས་ཀྱི་ལྟ་གྲུབ་དང་མི་མཐུན་ཚུལ་གྱི་སྐད་ངན་ཞིག་སྒྲོག་བཞིན་པ་འདིས་དེང་སྐབས་ཀྱི་བོད་པ་ཀླད་སྟོང་སྐོར་ཞིག་ལ་གླེང་གཞི་གསར་བར་གྱུར་ཏེ་དགོས་དོན་མེད་པའི་ནང་ཁུལ་གྱི་རྩོད་གཞིར་འགྱུར་བཞིན འདུག་ལ།   དེར་མཐུད་མགོ་སེར་མང་པོ་ཞིག་གིས་ཀྱང་གང་ཡིན་ཅི་ཡིན་མ་ངེས་པར་གནས་འདུག

གཞན་ད་དུང་རླུང་འཕྲིན་ཁང་ཁ་ཅིག་གིས་ཀྱང་ནང་ཆོས་ལ་སྦྱང་པ་བྱས་པའི་གྲྭ་བའི་སྤྱི་ཚོགས་ཀྱི་འཁོར་ཡུག་བརྒལ་ནས་བོད་ཡིག་གི་རྨང་གཞི་ཙམ་ཡང་དཀོན་པའི་ཆབ་སྲིད་པ་རེ་གཉིས་ཞིག་ལ་འདི་འཚེ་བ་ཡིན་མིན་གྱི་སྐད་ཆ་དྲི་བཞིན་པ་ནི་བསམ་སྦྱོར་གང་འདྲ་ཞིག་གིས་བྱུང་པ་དོགས་དགོས་པ་ཞིག་མ་རེད་དམ། ཆབ་སྲིད་པ་དེ་དག་གིས་ཀྱང་དེ་དང་འགལ་ཀྱང་འདི་དང་མི་འགལ་ཞེས་མདོར་དྲིལ་ན་ནང་ཆོས་དང་འགལ་འདུག་པ་དོན་གྱི་ཁེས་ལེན་དུ་སོང་འདུག

སྤྱིར་ན་ནང་ཆོས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བའི་ནང་དུ་འདི་ཉིད་འཚེ་བ་མ་ཡིན་པའི་སྒྲུབ་བྱེད་ཀྱི་ལུང་གང་མང་ཞིག་ཡོད་ཀྱང་རེ་རེ་བཞིན་བྲིས་ན་མགོ་ཉོག་འགྲོ་བ་དང་ཚིག་མང་བ་སོགས་ཀྱི་སྐྱོན་འབྱུང་སྲིད་པའི་དབང་གིས་གོ་བདེ་ལ་ཚིག་ཉུང་པའི་ལམ་ནས་གནས་ལུགས་ཀྱི་སྐད་ཆ་འགའ་ཁོ་བོས་བཤད་འདོད་བྱུང་།  མགོ་ནག་བོད་པ་ཞིག་ཡིན་ཕྱིན་སྟོན་པ་བཅོམ་ལྡན་འདས་ཀྱི་མ་དག་པའི་སྐྱེ་བ་ལྔ་བརྒྱ་དང་དག་པའི་སྐྱེ་བ་ལྔ་བརྒྱ་བསྟན་པའི་མདོ་མཛངས་བློན་དང་སྟོན་པའི་རྣམ་ཐར་ཆེན་མོ་སོགས་ཀྱིས་ཁ་ཅིག་གིས་སྟག་མོ་ལུས་སྦྱིན་གྱི་སྙིང་སྟོབས་གླེང་བཞིན་པ་འདི་མི་ཤེས་པ་ཧ་ཅང་དཀོན་པར་སྙམ། 

སྟག་མོ་ལུས་སྦྱིན་ནི་སྟག་མོ་ཞིག་དང་དེའི་ཕྲུ་གུ་རྣམས་ཉམ་ཐག་ནས་ཤི་ལ་ཉེ་བའི་སྐབས་དེར་སྐྱེ་བོ་བྱམས་སེམས་ཅན་ཞིག་གིས་རང་ཉིད་ཀྱི་སྐུ་ཤ་རེ་རེ་བཞིན་བཅད་དེ་སྟག་མོར་སྦྱིན་ནས་སྟག་མོའི་གཟུགས་པོ་གསོས་པའི་རྟོགས་བརྗོད་ཅིག་རེད།   འདི་ལས་གང་སྟོན་གྱི་ཡོད་དམ་ཟེར་ན།  སྐྱེ་བོ་དེས་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས་སྟག་མོ་དེ་སྐྱབས་པ་ནི་སྐྱེས་བུ་ཆེན་པོའི་སྙིང་སྟོབས་སུ་འདོད་བཞིན་པ་དེ་རེད།   དེས་ན་དེང་སྐབས་སྐུ་སྲོག་མེ་རུ་སྒྲོན་བཞིན་པའི་གཞིས་ལུས་སྤུན་ཟླ་འདི་དག་གིས་རྒྱུ་མཚན་གང་ཞིག་གི་ཆེད་སྐུ་སྲོག་མེ་ལ་སྒྲོན་བཞིན་པ་རེད་དམ།    སྡུགས་བསྔལ་གྱིས་མནར་བཞིན་པའི་བཙོན་པ་སྟོང་ཕྲག་མང་པོ་དང་ཡུལ་གྱར་བའི་ཕུ་ནུ་ཁྲི་ཕྲག་མང་པོའི་རང་དབང་གི་ཆེད་དུ་མ་རེད་དམ།   ད་དུང་ནང་པ་སངས་རྒྱས་པའི་བསྟན་པ་དང་བོད་ཀྱི་ཐུན་མོང་རིག་གཞུང་གི་ཆེད་མ་རེད་དམ།   གལ་ཏེ་དེ་ཡིན་པར་ཁེས་ལེན་ན་བོད་ཀྱི་ནང་ཆོས་ལས་བཤད་པའི་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་ལས་སྐྱེས་བུ་ཆེན་པོ་སྟེ་བྱང་ཆུབ་སེམས་དཔའི་སྙིང་སྟོབས་བཤད་པའི་སྐབས་ཀྱང་སྡུག་བསྔལ་གྱིས་མནར་པའི་སྐྱེ་བོ་རྣམས་སྐྱོབས་ཕྱིར་རང་ཉིད་ཀྱི་ལུས་སྲོག་སྦྱིན་པར་གཏོང་ཕོད་མིན་གཙོ་བོར་བཤད་བཞིན་པ་དེ་གཉིས་ལ་ཁྱད་པར་གང་ཞིག་འདུག་གམ།

ཡང་ཁ་ཅིག་གིས་སྐྱེ་བོ་འདི་དག་གིས་རང་སྲོག་བཅད་པས་དབང་གིས་འཚེ་བ་རེད་ཟེར་ན་སྟག་མོ་ལུས་སྦྱིན་ཡང་འཚེ་བ་རེད་དམ།    སྐྱེ་བོ་དེ་ཉིད་དེ་མ་ཐག་ཚེ་འཕོས་ནས་ཞེས་བརྗོད་འདུག་པས་དེ་ལ་ལེགས་པར་ལྟོས་ཤིག   འདི་གཉིས་ལས་ད་དུང་ཁྱབ་ཆེ་ཤོས་ནི་དེང་སྐབས་འབྱུང་བཞིན་པའི་རང་ལུས་མེ་རུ་སྒྲོན་པ་འདི་དག་རེད།   སྟག་མོ་ལུས་སྦྱིན་ནི་སྟག་མོ་ཞིག་དང་དེའི་ཕྲུ་གུ་སྐྱོབ་ཕྱིར་རེད་ལ།    རང་ལུས་མེ་རུ་སྒྲོན་མཁན་འདི་དག་གིས་རང་ཉིད་ཀྱི་རྩ་བའི་བླ་མ་བོད་དུ་གདན་འདྲེན་ཕྱིར་དང་བོད་པ་ཁྲི་སྟོང་མང་པོ་སྡུག་བསྔལ་ལས་སྐྱོབས་ཕྱིར་ཡིན་པས་སྙིང་སྟོབས་དང་སེམས་བསྐྱེད་ཀྱི་ཁྱབ་འདི་ཆེ་པས་ཕྱིར། 

ཡང་ཁ་ཅིག་གིས་འདི་ཚོས་སྐུ་སྲོག་མེ་ལ་སྒྲོན་པའི་སྐབས་ཀུན་སློང་ཁོང་ཁྲོའི་དབང་གིས་རེད་ལ་སྟག་མོ་ལུས་སྦྱིན་གྱི་ཀུན་སློང་སྙིང་རྗེ་དབང་གིས་རེད་ཟེར་ན། སྐྱེས་བུ་ཆེན་པོ་འདི་དག་གིས་སྙིང་རྗེའི་ཀུན་ནས་བསླངས་ཏེ་སྐུ་སྲོག་མེ་རུ་སྒྲོན་མེད་ཅེས་སུ་ཞིག་གིས་ཁ་ཚོན་བཅད་ནས་བཤད་ཐུབ་བམ།

མཐའ་དོན།  བླ་མ་ལྔ་བཅུ་པ་ལས།  རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །ཞེས་གསུངས། དེའི་འགྲེལ་བ་རྗེ་རིན་པོ་ཆེའི་བླ་མ་ལྔ་བཅུ་པའི་རྣམ་བཤད་ལས། སྦྱིན་པར་དཀའ་བའི་བུ་དང་ཆུང་མ་དང་རང་གི་སྲོག་ཡོན་དུ་ཕུལ་བས་ཀྱང་མཉེས་པར་བྱ་དགོས་ན་ཕྱིའི་ལོངས་སྤྱོད་གཡོ་བ་སྟེ་མི་རྟག་པའི་ཟང་ཟིང་གི་རྫས་ཀྱིས་མཉེས་པར་བྱ་བ་སྨོས་ཅི་ཞིག་དགོས། ཞེས་གསུང་འདུག་པ་སོགས་ལ་ལེགས་པར་ཡིད་ལ་བཟུང། 

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༡༣ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༡༤ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

མཆན། 39

  1. རང་དབང་རྒྱལ། says:
    ལོ་ 14 སྔོན།

    ཤར་ཁུག
    གཅིག མ་གཞི་ཁྱོད་རང་གིས་རང་རློམ་རང་ཆེའི་བསམ་སྤྱོད་ལ་འགྱུར་བ་ཞིག་བཏང་ན་ཡག་ས་རེད་ད། དེ་ནི་ཁྱོད་རང་གི་སྣང་བརྙན་ལ་འབྲེལ་བ་ཆེན་པོ་ཡོད་པས་སོ།།
    གཉིས། ཁྱོད་ཀྱིས་ཁྱོད་རང་གི་སྐད་ཆ་བཤད་ཐལ་བ་ངོས་འཛིན་མེད་མཁན་ཞིག་ཡིན་ན། ད་ནས་བཟུང་། ཁྱོད་རང་ལ་རྦད་དེ་ཉོབ་སོང་།
    གསུམ། འདྲེ་མགོ་རྡོ་ཟེར་བ་དེས་ཀྱང་སྤྱི་ཚོགས་ནང་གི་བཤད་ཡམས་མང་པོ་ཞིག་བཏུས་ནས་བསྒྲགས་ཀྱིན་པ་ལས་གཞན་གྱི་ཁྱད་ཆོས་ཤིག་མ་མཐོང་།
    བཞི། ངའི་མིག་དེ་སྐུ་ཞབས་ལུང་རིགས་རྒྱལ་ལགས་ཀྱིས་ཁ་ཕྱེས་པ་ཡིན་ཟེར་ན་མི་ཆོག་རྒྱུ་མེད། ང་སྐྱབས་བཅོལ་བ་ཆགས་ནས་བཟུང་ནས། ཁོང་གིས་བརྩམས་གནང་བའི་རྩོམ་ཆོས་མང་པོ་ཞིག་གིས་ངའི་མིག་ལ་རྒྱ་བསྐྱེད་པ་འདྲའོ།། དེའི་ཆ་ནས། ངས་ཁོང་ལ་གུས་བཀུར་ལོས་ཞུ། ད་རུང་། ཁོང་གིས་གང་ཞིག་བརྩམས་ན། རྒྱབ་མདུན་ཡོད་སའི་བསམ་གཞི་ཞིག་འཇོག་པ་ལས་ཞག་རྩི་མེད་ས་ཞིག་རྩ་ནས་མི་འདུག་ན། དེ་བས་ཀྱང་ཁོང་ལ་མིག་དཔེ་བལྟ་ན་འདོད་དོ།།
    ལྔ། ང་ལུང་རིགས་རྒྱལ་དང་ནོར་གི་ཡོད་ན། ཁྱོད་ཀྱི་བསམ་བློས་བློ་རིག་ཟིན་མི་འདུག དེ་མིན་འགྲེལ་བཤད་བྱེད་འདོད་མི་འདུག ཡུན་གྱིས་གསལ་བས་ནའོ།།

    Reply
  2. བློ་འཕེལ། says:
    ལོ་ 14 སྔོན།

    འོད་དཀར་གྱི་སྐད་ཆ་ཏོག་ཙམ་བཙན་སོང་འདུག། དངོས་གནས་བྱས་ན་ཁྱེད་རང་གི་སྐད་ཆ་ཕྱིར་རྟིང་རློག་ནས་ལྟོས་དང་། ཁྱེད་རང་གི་ཀླན་ཀ་ཆགས་འདུག།
    འཚེ་བ་ཡོད་མེད་དང་ཞི་བ་ཡིན་མིན་གང་ཟག་རང་ཉིད་ཀྱི་ཀུན་སློང་ལ་རག་ལུས་ཡོད་བསམ། རང་སེམས་ཞི་བའི་ངང་ནས་རང་ལུས་མེར་སྒྲོན་མཁན་ཧ་ཅང་དཀོན་པོ་རེད། སོང་ཙང་་་་གཞན་ལ་འཚེ་བའི་བསམ་པས་ཀུན་ནས་བསླངས་ནས་རང་སེམས་མ་ཞི་པར་རང་ལུས་མེ་ལ་བསྒྲོན་པ་ཟུར་བལྟས་ལེབ་མཐོང་རེད།
    འོན་ཀྱང་ཕུལ་བྱུང་གི་དཔའ་བོ་ཡིན་པ་ཡང་གསལ་པོ་རེད། གང་ལྟར་ཤི་བོ་སྙིང་རྗེ་དེ་བས་ཀྱང་ཤུལ་ལུས་རྣམས་ལ་སེམས་གསོ་བྱེད་རྒྱུ་ཁ་ཚ་དགོས་གཏུགས་རེད་བསམ།

    Reply
  3. རིན་འཕེལ། says:
    ལོ་ 14 སྔོན།

    བཀུར་འོས་དྲ་གྲོགས་རྣམ་པ་ལགས། སྤྱིར་ན་བསམ་ཚུལ་བརྗེ་རེས་དང་རིག་པའི་དཔྱད་པ་བཏང་ནས་རྣམ་དཔྱོད་ཀྱི་སྒོ་མོ་ཡངས་པོར་བྱས་ན་ཡར་རྒྱས་ལ་ཕན་ཐོག་ཆེན་པོ་རེད། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཟིགས་དང་དྲ་དངོས་འདི་ནས་ངའི་ཁ་དང་ཁྱོས་རྣ་ཟེར་ནས་ཕན་ཚུན་ལ་སྡུག་མོས་བྱེད་པའི་དུས་ཤིག་མིན། དེ་ལས་ཀྱང་གཞི་ལུས་རྒྱ་ཆེས་མི་མང་གི་སྤྱོར་དངོས་འཇིགས་གསུམ་ནས་རང་ཐག་གཙང་བཅད་ཀྱི་རང་སྲོག་གཙང་མ་བོད་མི་རིགས་ཀྱི་འཐབ་བརྩོད་ཆེད་དུ་བློས་བཏང་རླབས་ཆེན་གྱིས་ལས་འགུལ་འདི་ལ་ང་ཚོས་རྗེས་སུ་ཡི་རིང་བྱེད་པ་ལས་ཟློག་སྟེ་འཚེ་བ་ཡིན་རབས་བཤད་ནས་སྐྱོན་བརྗོད་ཀྱི་རྣམས་པའི་ཟུར་བཟའ་བྱས་ན་ཤིན་ཏུ་མི་འོས། རང་དབང་ལུང་བའི་ནང་ནས་ང་ཚོས་སྣང་བ་གང་དྲན་བྱས་ནས་ཁོང་ཚོས་སྙིང་སྟོབས་དང་ཕུགས་འདུན་གྱི་དགོས་དམིགས་ལ་ཁ་སྐམ་པོའི་ནང་ནས་སྐད་ཆ་སྐམ་པོ་བཤད་མི་ཉན་ལ་བཤད་དགོས་པའི་དངོས་ཡོད་ཀྱི་དབང་ཚད་ཀྱང་ཁྱོན་ནས་མེད་པ་གསལ་བོ་ཤེས་པར་བྱོས། ང་ཚོ་ལ་སྐབས་བབས་ཀྱི་ལས་འགན་ཡོད་པ་ནི། རང་རང་སོ་སོས་ཐད་ནས་ནུས་པ་གང་ཡོད་ཀྱིས་ལས་འགུལ་སྤེལ་རྒྱུ་སོགས་ཡིན།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རང་དབང་རྒྱལ་ལགས། ངས་ལུང་རིགས་སོགས་ཀྱིས་གནས་བབ་འདིར་སྐད་ཆ་དེ་འདྲ་བཤད་ན་རྫིག་གཏམ་རེད། ཏག་ཏག་སྡོད་ཀྱི་མི་འདུག་ཅེས་ལབ་ཡོད། ཁོང་རྣམ་པས་མཁྱེན་གྱི་ཡོད་པ་རེད། ཡིན་ནའང་། སྐད་ཆ་མ་འདྲ་བ་ཞིག་བཤད་དགོས་དུས། སྐད་ཆ་དེས་སྤྱི་ཚོགས་ནང་ཕན་གནོད་ག་ཚོད་ཅིག་འདྲེས་མིན་ལ་བསམ་བློ་མི་གཏོང་བ་འདི་ཡ་མཚན་རེད་ཅེས་ཞུས་ཡོད་པ་ལས། ང་སྒེར་ནས་ཁོང་ལ་འཁོན་དོགས་ཕྲ་མོ་ཙམ་ཡང་མེད།

    གཉིས་ནས། ཁྱེད་ནས་ང་འདྲེ་མགོ་རྡོ་རེད་ཅེས་ཤུགས་ཆེར་གླེང་གིན་འདུག དེ་འདྲའི་ཆེ་མཐོང་བཞག་པ་དང་ངོས་འཛིན་བྱས་པ་ཐུགས་རྗེ་ཆེ། ཡིན་ནའང་། ངས་འདྲེ་མགོའི་ཡི་གེ་དེ་འདྲ་ཞིག་འཁྱོང་མདོག་ཁ་བོ་མ་རེད། ད་དུང་འཁྱོང་གི་ཡོད་མེད་མ་ཤེས།
    ལར་ནས། སྐད་ཆ་བཤད་ན་ཅུང་ཙམ་ཁུངས་ལུང་ཅན་བཤད་དགོས་ཀྱི་རེད། ངས་ཀྱང་ཁྱེད་ལ་ལུང་རིགས་རྒྱལ་རེད་ཅེས་ཞུས་ན་འགྲིག་གི་རེད་དམ། མི་མང་པོས་ཁྱེད་རང་ལུང་རིགས་ལགས་ཀྱི་ཆོ་འཕྲུལ་ལ་གཟིགས་ཀྱི་མ་རེད་དམ། དེ་བས་འབྲེལ་མེད་དོན་གཞན་མ་གླེང་ན་ཡག་གི་རེད། ལོ།

    Reply
  5. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    རང་ལུས་མེར་བསྲེགས་བཏང་བྱ་བ་འདི་ནི་སྲིད་ཕྱོགས་ནས་བཤད་ན་རླབས་ཆེན་གྱི་དཔའ་བོ་ཞིག་དང་ལ་རྒྱ་ཆེན་པོ་ཅན་གྱི་མི་ཞིགས་རེད་ལ་ཆོས་ཕྱོགས་ནས་བཤད་ན་བླུན་པོ་ཕྱུགས་བས་ཀྱང་བླུན་པའི་བྱ་བ་ཞིག་ཡིན་ལ་མི་ལུས་ལན་གཅིག་ཐོབ་པའི་དལ་འབྱོར་འདི་ཆུད་ཟོས་སུ་བཏང་བ་མ་ཟད་གསང་སྔགས་ཀྱི་དབང་དུ་བྱས་ན་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་མེར་བསྲེགས་བཏང་བ་ཡིན་པས་སྡིག་པ་དེ་ལས་ལྕི་བ་བསགས་ཐབས་བྲལ་བ་ཡིན་ནོ།།

    Reply
  6. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    གཞུང་ལུགས་ཀྱི་ངོས་ནས་འགྲེལ་བཤད་རྒྱག་རྒྱུ་དང་། ནང་ཆོས་ཀྱི་ཉམས་ལེན་རྣམས་གནས་སྐབས་མིང་གླེང་བར་འཐབ་རྩོད་འཐབ་རྩོད་དུ་བཞག་སྟེ། བདེན་དོན་བདེན་དོན་བཀར་ན་ཧ་ཅང་འཚམ་པ་འདྲ། ང་ཚོས་དོན་དག་འདི་ད་དུང་གླེང་རན་རེད་མི་འདུག་ཡ། ཕྱིས་ཀྱི་་་་་་་་་་་་་

    Reply
  7. ཁྱུང་དཀར says:
    ལོ་ 14 སྔོན།

    ཨ་མགོ་སྟོང་ཚོ། ད་འཚེ་བ་ཡིན་མིན་རྩོད་པའི་དུས་ཚོད་མ་རེད་ཡ། བདེན་པའི་འགུལ་བསྐྱོད་ནང་དུ་གང་མང་མང་འཛུལ་ཞུགས་གནང་རོགས།

    Reply
  8. རང་དབང་རྒྱལ། says:
    ལོ་ 14 སྔོན།

    མ་གཞི་ནས་འོད་དཀར་ཟེར་བ་འདིས། གླེང་གཞི་འདི་འདྲ་ཞིག་བཀྲམས་དགོས་དོན་འདྲ་བོ་ཡག་རུང་། བཀྲམས་པའི་དུས་སུ་མ་བབ་པས་ན། གླེང་གཞི་འདིའི་སྐོར་ལྷིང་འཇགས་སྐབས་སུ་གཞུང་དང་རིག་པའི་རྩེ་ཁ་བརྡར་ནས་གླེང་ན། ད་གཟོད། འབབ་སྟེགས་ཤིག་གི་ཐོག་ཏུ་འབབ་ན་ཐང་།

    སྐུ་ཞབས་ལུང་རིགས་ལགས་ཀྱིས་ནམ་ཞིག་ཡིན་རུང་། གནད་ལ་ཟུག་ཅིང་དོན་ལ་འཁེལ་བ། དུས་སུ་བབས་ཤིང་སྤྱི་ཚོགས་ཁྱོན་ཡོངས་འགུལ་ཤུགས་སློང་བའི་དཔྱད་གཞི་ཆེས་མང་པོ་ཞིག་སྤེལ་བར་དགའ་ཡོད། མ་ཟད་རྒྱབ་ལྗོངས་ཤིག་དང་གནད་དོན་ཞིག་ཁོག་སྙིང་བསྔོགས་ནས་ངོས་འཛིན་དང་ཐབས་བྱུས་ཡོད་པའི་སྒོ་ནས་འགན་ལེན་བྱེད་སྟངས་དེ་ཡང་སྣང་བར་འགྲོ་སོང་།
    འདྲེ་མགོ་རྡོའམ་ཤར་ཁུག་ཟེར་བ་འདིས་ནམ་ཞིག་ཡིན་རུང་། རང་རློམ་རང་ཆེ་ཏག་ཏག་གིས་ཅིག་མང་པོ་ཞིག་ཁ་རེ་གྲག་གི་འདུག་མོད། མ་རྩ་ནི་རང་ཉིད་མ་དགའ་བའམ་དང་མི་འཐད་པའི་ཕྱོགས་སུ་མངོན་སུམ་གྱིས་བསྙོན་ནས་ཀུན་སྤྱོད་དམར་གསོད་བྱེད་སྟངས་འདི། རང་ཉམས་ཕྱི་རུ་བཏོན་པ་མ་ཡིན་ནམ།

    Reply
  9. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ཁྱེད་ཅག་གིས་འཆད་བཞིན་པ་འདི་དག་ལ་ངས་གོ་བ་ལེན་ཐུབ་ཀྱི་མི་འདུག རྒྱལ་གཅེས་པས་སྐུ་ལུས་མེ་ལ་སྒྲོན་པ་དེ། འཚེ་བའི་མེད་ཀྱི་ལས་དང་བརྒལ་ཡོད་མེད་ཀྱི་སྐད་ཆ་ནི། བོད་ཀྱི་ཤེས་ཡོན་པ་ཞིག་གིས་བཤད་འོས་པ་ཞིག་ཏུ་མཐོང་མ་སོང་ལ། རྒྱལ་གཅེས་པ་འདི་དག་གིས་ལས་འགུལ་སྤེལ་སྟངས་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་མིན་གྱི་སྐད་ཆ་དེའང་འབྲེལ་མེད་དོན་གཞན་ཞིག་རེད་འདོད། འཚེ་བ་མེད་པའི་ལས་འགུལ་ཞེས་པ་ནི། ནང་པ་སངས་རྒྱས་པའི་གཞུང་ནས་བྱུང་བ་ཞིག་མིན་ལ། ཤེས་ཡོན་པ་ཞིག་གིས་གང་དྲན་དུ་བཤད་ཆོག་པ་ཞིག་གཏན་ནས་མ་རེད། དེ་ནི་གན་དྷི་མཆོག་གིས་གསར་བཏོད་བྱས་པའི་འཐབ་རྩོད་ཀྱི་ལམ་བུ་ཞིག་རེད། དེ་དང་མ་འགལ་ན། འཛམ་གླིང་གིས་འཚེ་མེད་ཞི་བ་ཟེར་ལ། དེ་དང་འགལ་སོང་ན་འཚེ་བ་ཟེར་བཞིན་ཡོད་པ་ལས་སངས་རྒྱས་ཆོས་དོན་དང་འགལ་མི་འགལ་ལ་འབྲེལ་བ་ཁྱོན་ནས་མེད་དོ། གན་དྷི་མཆོག་གིས་”འུ་ཅག་ལ་རང་དབང་གི་རྒྱལ་ཁ་མ་ཐོབ་གོང་ཟུངས་ཁྲག་གི་གཙང་པོ་བཞུར་དུ་འཇུག་དགོས་ཀྱང་སྲིད། འོན་ཀྱང་ཟུངས་ཁྲག་དེ་ངེས་པར་དུ་འུ་ཅག་གི་ཟུངས་ཁྲག་ཡིན་དགོས་”གསུངས་པ་འདི་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དག་གིས་བྱེད་སྟངས་དང་ཡོངས་སུ་མཐུན་པ་རེད།
    རྒྱབ་སྐྱོར་འདི་ལ་ཡོད།

    Reply
  10. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    འདིས་སྟེང་ལ་གླེང་ལྷུང་བྱུང་དགོས་དོན་མེད། ཨ་འདུས་མིག་ཆུས་བཤད་པ་དེ་ཏག་ཏག་རེད། དེ་ལ་རྒྱབ་སྐྱོར་བརྒྱ་ཐམས་པ་ཡོད།

    Reply
  11. བློ་དགའ། says:
    ལོ་ 14 སྔོན།

    བཀའ་ཤག་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རང་ལུས་མེར་བསྲེགས་བཏང་བ་དེ་འཚེ་བའི་ལས་ཡིན་པར་ངོས་འཛིན་བྱས་ཡོད། དེ་ནི་སོ་སོའི་ལུས་ལ་འཚེ་བ་བྱས་པས་ན་འཚེ་བའི་ལས་ཡིན་པར་བསྒྲུབ་ཡོད། ངས་བསམ་ན་འདི་ལས་འདི་འཚེ་བ་ཡིན་དང་མ་ཡིན་གྱི་རྩོད་པ་འདི་གོ་རིམ་གྱི་ཐོག་ནས་ཡོང་གི་འདུག་དྲན་ཡོད། བྱེད་ལས་དེའི་ངོ་བོ་ཙམ་ལ་འགྲེལ་བཤད་བརྒྱབ་ན་འཚེ་བ་རེད། འོན་ཀྱང་། འཚེ་བའི་ཀུན་ནས་བསླངས་པའི་ལས་དོན་ཞིག་མིན་སྟབས། འཚེ་བའི་ལས་སུ་བགྲང་ཐབས་མེད་པ་ཞིག་རེད།

    བཤད་འདོད་པ་གཞན་ཞིག་ནི། ཨ་འདུས་མིག་ཆུ་ཁྱོད་ངུ་གི་མ་འདུག་ཟེར་འདོད་བྱུང་། མ་ཤེས་ཤེས་མདོག་དང་། མ་ཡིན་ཡིན་མདོག་སྟོན་གི་མ་འདུག་རོགས། ཁྱེད་ཀྱི་རྩོམ་ཡིག་དང་དཔྱད་མཆན་དག་ལ་ཉོབ་སོང་།

    Reply
  12. རང་དབང་རྒྱལ། says:
    ལོ་ 14 སྔོན།

    སྤྱིར་བཏང་ཟིན་བྲིས་འདིས་གནད་འགག་འདྲ་ཞིག་གླེང་རུང་གནད་འགག་འཇུས་ཐུབ་མི་འདུག་པ་དེ་གཅིག་ཡིན། དེའི་རྒྱབ་ལྗོངས་རིམ་གྱིས་འཆད་པར་བྱའོ།།

    འདྲེ་མགོ་རྡོའམ་ཤར་ཁུག་ཟེར་བ་འདིས། ད་ལྟའི་བར་དུ་སྐད་ཆ་བཤད་སྟངས་མང་ཆེ་བ་ནི། རང་ཆེ་རང་རློམ་གྱིས་བཟི་བསྡད་ཡོད་པ་མ་ཟད། ཕྲག་དོག་གིས་རྨ་ཁས་ཀྱང་སེམས་རྩ་ཡོངས་སུ་ཁྱབ་པའི་རྣམ་འགྱུར་ནི་ཁོའི་བྱ་སྤྱོད་ཀྱིས་ལྷུང་ལ་འབུད་ཀྱིན་པ་མ་ཡིན་ནམ།

    མ་གཞི་ནས། སྐུ་ཞབས་ལུང་རིགས་རྒྱལ་ལགས་ཀྱིས་ནམ་ཞིག་ཡིན་རུང་། རྒྱབ་ལྗོངས་ཡོད་པའི་གླེང་གཞི་ཞིག་དང་། འགུལ་ཤུགས་སློང་བའི་རྟིང་སྐུལ་ཞིག་གིས་ནམ་ཞིག་ཡིན་རུང་། བཙན་བྱོལ་ནང་གི་བསམ་བློ་དང་ངོས་འཛིན། ཐབས་བྱུས་དང་དབྱེ་ཞིབ་བྱེད་སྟངས་ཀྱིས་ཉམས་ཞིབ་ཀྱི་གྲུབ་འབྲས་འབུར་དུ་ཐོན་ཡོད།

    མ་གཞི། རྩོམ་པ་པོ་ཡིན་ཆོག་གི མཆན་འདེབས་པ་ཡིན་ན་ཆོག་གི དུས་སྐབས་འདི་འདྲ་ཞིག་ལ་གླེང་གཞི་འདི་ཤུགས་ཀྱིས་གླེང་དགོས་པ་ཞིག་མཐོང་མ་སོང་། དེ་ནི། ཐང་གི་རྡོ་ལེན་སེ་རུམ་གི་བྲོ་ལྷུང་འགྲོ་བའི་དཔེ་རུ་མི་འགྱུར་རམ། རྣམ་འགྱུར་འདིས་ཆོད་སེམས་མེད་པ་དང་ལག་ལེན་མེད་པའི་རྣམ་འགྱུར་རང་ལ་མི་འགྱུར་རམ།

    Reply
  13. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤེས་ཞེས་པ་དེས་༼ཡེ་ཤུ་སྟོན་པས་རང་ལུས་རྒྱངས་ཤིང་ཐོག་ལྕགས་གཟེར་བརྒྱབ་ཏེ་སྐུ་གྲོངས་པ་དེ་འཚེ་བའི་ལས་སུ་བརྩི་འམ། ༽དྲི་བ་འདི་ག་རེ་བྱས་ནས་བཏོན་པ་ཡིན། ཡེ་ཤུ་སྟོན་པས་ཞེས་བྱེད་སྒྲ་སྦྱར་དགོས་དོན་གང་ཡིན་ནམ། རང་ལུས་རྒྱངས་ཤིང་ཐོག་ལྕགས་གཟེར་རྒྱག་མཁན་དེ་སྟོན་པ་རང་ལས་གཞན་ཞིག་ཡིན་པ་མ་ཤེས་སམ། དེ་མ་ཤེས་ན་ཉིད་ཀྱི་དྲི་བ་འདི་ངོ་མ་ཡ་མཚན་ཞིག་བཏང་འདུག་སྙམ།

    Reply
  14. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    ཁྱེད་ཅག་གིས་འཆད་བཞིན་པ་འདི་དག་ལ་ངས་གོ་བ་ལེན་ཐུབ་ཀྱི་མི་འདུག རྒྱལ་གཅེས་པས་སྐུ་ལུས་མེ་ལ་སྒྲོན་པ་དེ། འཚེ་བའི་མེད་ཀྱི་ལས་དང་བརྒལ་ཡོད་མེད་ཀྱི་སྐད་ཆ་ནི། བོད་ཀྱི་ཤེས་ཡོན་པ་ཞིག་གིས་བཤད་འོས་པ་ཞིག་ཏུ་མཐོང་མ་སོང་ལ། རྒྱལ་གཅེས་པ་འདི་དག་གིས་ལས་འགུལ་སྤེལ་སྟངས་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་མིན་གྱི་སྐད་ཆ་དེའང་འབྲེལ་མེད་དོན་གཞན་ཞིག་རེད་འདོད། འཚེ་བ་མེད་པའི་ལས་འགུལ་ཞེས་པ་ནི། ནང་པ་སངས་རྒྱས་པའི་གཞུང་ནས་བྱུང་བ་ཞིག་མིན་ལ། ཤེས་ཡོན་པ་ཞིག་གིས་གང་དྲན་དུ་བཤད་ཆོག་པ་ཞིག་གཏན་ནས་མ་རེད། དེ་ནི་གན་དྷི་མཆོག་གིས་གསར་བཏོད་བྱས་པའི་འཐབ་རྩོད་ཀྱི་ལམ་བུ་ཞིག་རེད། དེ་དང་མ་འགལ་ན། འཛམ་གླིང་གིས་འཚེ་མེད་ཞི་བ་ཟེར་ལ། དེ་དང་འགལ་སོང་ན་འཚེ་བ་ཟེར་བཞིན་ཡོད་པ་ལས་སངས་རྒྱས་ཆོས་དོན་དང་འགལ་མི་འགལ་ལ་འབྲེལ་བ་ཁྱོན་ནས་མེད་དོ། གན་དྷི་མཆོག་གིས་”འུ་ཅག་ལ་རང་དབང་གི་རྒྱལ་ཁ་མ་ཐོབ་གོང་ཟུངས་ཁྲག་གི་གཙང་པོ་བཞུར་དུ་འཇུག་དགོས་ཀྱང་སྲིད། འོན་ཀྱང་ཟུངས་ཁྲག་དེ་ངེས་པར་དུ་འུ་ཅག་གི་ཟུངས་ཁྲག་ཡིན་དགོས་”གསུངས་པ་འདི་དང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དག་གིས་བྱེད་སྟངས་དང་ཡོངས་སུ་མཐུན་པ་རེད།

    Reply
  15. བསྟན་འཇམ། says:
    ལོ་ 14 སྔོན།

    འཚེ་བའི་གོ་དོན་མ་རྟོགས་པའི་མི་རིགས་སྐོར་ཅིག་དང་འཚེ་མེད་ཀྱི་གཞུང་ལུགས་མ་མྱོང་བའི་སེམས་ཅན་ཁྱུ་ཅིག་གིས་གཏམ་གྱི་སྒྱུ་ཉོག་གི་བཙོག་རོ་ཡར་འཐེན་མར་འདྲུད་བྱེད་ཀྱིན་འདུག སྤྱིར་ན་འདིའི་སྐོར་ལ་སྐད་ཆ་ཞིག་མ་འཕེན་འདོད་མ་བསམ་ཡང་གཏམ་ཆོ་ངེ་བ་ཞིག་ལ་རིན་ཅན་གཞལ་མཐར་བགྲང་ན་དོན་ཆེན་དོན་ཆུང་དུ་བརླག་ཉེན་སྲིད་པས་སུག་བྲིས་བྱས་པའི་གཏམ་འདི་ཐོལ་གྱི་གློད་པ་ཡིན།
    རང་ལུས་མེར་བསྲེག་གི་ལས་འགུལ་འདི་འཚེ་བ་མེད་པའི་སྒྲུབ་བྱེད་ལ་སྔོན་དགེ་སྦྱོང་གོ་ཏ་མ་དག་པའི་སྐྱེ་བ་དང་མ་དག་པའི་སྐྱེ་བ་ལྔ་གཉིས་བསྡོམ་ནས་སྐྱེ་བ་གཅིག་སྟོང་དང་སྟག་མོ་ལུས་སྤྱིན་གྱི་རྟོག་བརྗོད་དང་འབྲེལ་ནས་འཚེ་མེད་ཀྱི་སྒྲུབ་བྱེད་དུ་བཀོད་འདུག ཀླད་སྟོང་ཞིག་རྩོད་གཞི་བཟུང་ནས་ཆོས་སྲིད་ཀྱི་སྤུ་རིས་འབྱེད་མི་ཤེས་པའི་མགོ་མེད་ཅིག་ལ་ཡོད་ཚད་མཉམ་བསྲེས་དང་བདེན་རྫུན་ལྷན་དཀྲོག་བྱེད་ཆོག་པ་དེ་ལ་གཞིགགས་ན་སྒྲུབ་བྱེད་དེ་ལྟར་འགྲོ་སྲིད་ཀྱང་ཆོས་སྲིད་ལ་བློ་སྒོ་ཕྱིས་པའི་སྐྱེས་བུ་ཞིག་ལ་སྔར་གྱི་རྒྱུ་མཚན་དེ་ལྟར་རྟགས་སུ་བཀོད་ན་ཁོང་དགོད་ཤོར་ནས་འགལ་ལ་ཁད་བྱེད་ངེས་རེད །
    མི་ཡིན་ཟེར་མཁན་དང་ང་ཅིག་ཡིན་མདོག་མདོག་བྱེད་པ་པོ་ཤར་ཁུག་གིས་འཚེ་བ་ཡིན་མིན་དེ་མངོན་འདོད་ལ་རག་ལུས་ཚུལ་དང་གཞན་ཀུན་སློང་ཐུག་ཡོད་ཟེར་མཁན་ཚོས་ཆོས་ལུགས་ཀི་བཤད་ཚུལ་རེད་ཅེས་ཆོས་ལུགས་སམ་ཆོས་པ་ཚོར་ཟུར་ཟ་བྱེད་ཁུལ་གྱིས་སྡོམ་ཚིག་ཐེབས་ཆག་ཅིག་བཀོད་འདུག་མོད། མངོན་འདོད་དམ་རེ་འདུན་ངན་པ་བཅང་ནས་མེར་སྲེག་མཁན་ཚོའི་འཚེ་བའི་ལས་བྱས་པ་དང་རེ་འདུན་ནམ་མངོན་འདོད་བཟང་བ་བཅང་ནས་མེར་སྲེག་མཁན་ཚོའི་འཚེ་མེད་ཀྱི་ལས་བྱས་པ་ཡིན་པར་མདོར་བསྡུས་ན་འདི་བཤད་ཁུལ་བྱས་ཡོད་ཀྱང་དེ་ཙམ་གྱིས་འཚེ་བ་དང་འཚེ་མེད་ཀྱི་ཁྱད་པར་ཅི་ལྟར་འབྱེད་འདུག ཀུན་སློང་མེད་པའི་མངོན་འདོད་ཅན་གྱི་སྐྱེས་བུ་སུ་ཞིག་ཡོད །

    Reply
  16. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ངས་རྩོམ་ཡིག་འདིའི་ཁ་བྱང་མཐོང་མ་ཐག་ཏུ་བྲི་མཁན་དེ་ཤཀྱ་མུ་ནིའི་ཆོས་ལ་སྦྱང་མྱོང་མེད་པར་མ་ཟད་འཇིག་རྟེན་ཡོངས་གྲགས་ཀྱི་འགྲོ་བ་མིའི་འགྲོ་སྟངས་ཡང་གཞི་ནས་སྦྱང་རྒྱུ་ཡིན་མཁན་ཞིག་ཡིན་པ་ཤེས་སོང་བས་རྩོམ་ཡིག་དེ་གཏན་ནས་བཀླགས་མེད།

    Reply
  17. འཇམ་མགོན། says:
    ལོ་ 14 སྔོན།

    ང་ཚོ་གང་ཞིག་གི་རྐྱེན་ཡིན་ནམ། རང་ཕྱོགས་ལ་ཤ་ཚ་དེ་འདྲ་ཆེ་ཞིང་རང་ཉིད་ཀྱི་བསམ་ཚུལ་ཁོ་ན་གཙུག་ཆེན་འཛིན་དོན་འདི།
    སྐྱེ་ཆེན་ཚོས་ཀྱང་གོམས་ཕྱོགས་དང་ཁ་ཕྱོགས་ཙམ་མིན་པར་དོན་ལ་སྨིན་པའི་ལམ་སྟོན་དགོས་གལ་མཐོང་། གཡོ་གྲུ་བཞིན་བསྐྱོད་ཆོག་པ་ཚོས་ཀྱང་ལུང་འདྲེན་རྫིག་ཐག་ཞིག་འཁྱེར་ནས་རྩ་བ་བོར་ནས་ཉོག་བཤད་མི་བྱེད་པར་དོན་དམ་གྱི་འབྲེལ་ལམ་དང་། སྔ་རྗེས་གཉིས་ལ་བསམ་ཞིབ་མ་ནོར་བ་ཞིག་གཏོང་རྒྱུ་ཁ་ཚ་དགོས་གཏུགས་དང་སེམས་རྒྱ་ཆེར་བསྐྱེད་དགོས་པ་མཐོང་།

    Reply
  18. གཡུ་རྔོགས། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། ཐུགས་བསམ་གཏིང་ཟབ་ཞིག་བཞེས་ན་མི་ལེགས་སམ།
    ཕྲན་གྱིས་ཛ་དྲགས་ཀྱི་གནས་སྟངས་འདིའི་ནང་དྲ་སྒོ་ཡང་དང་བསྐྱར་དུ་ཕྱེ་ནས་མྱི་ནག་ཚང་གི་གྲགས་འགུལ་ལ་ཉན་པ་ཡིན་མོད། སྙན་གྲགས་ཀྱི་ཆེད་དུ་རྩོམ་པའི་ལས་ལ་ཞུགས་བའི་བློ་ཞིག་ཡེ་ནས་སྐྱེས་མ་སོང་། གཅིག་བྱས་ན། མྱི་ནག་ཚང་གི་གླེང་ཕྱོགས་དེས་བདག་ཡིད་འཕྲོག་སོང་ནའང་ཐང་སྟེ། མེ་དཔུང་འདིའི་ཁྲོད་དུ་བོད་བྱེས་བའི་དྲ་རྒྱ་རྣམས་ལྷང་འཇགས་སེ་ཁུ་སུམ་མེར་ཡོད་སྒང་རང་ལ། མྱི་ནག་ཚང་གིས་ཨ་རབ་དཔྱིད་དོན་དང་འབྲེལ་བའི་༿བོད་ཀྱི་དཔྱིད་ཀ་ནམ་ཤར་རྒྱུ་ཡིན་ནམ༾ཞེས་བའི་དྲི་བ་འདི་བརྒྱུད། གངས་ཅན་བོད་ཀྱི་འབོག་གདན་སྟེང་གི་ཚོགས་པ་དག་འཐབ་རྩོད་ཀྱི་ལྷས་ར་འབོད་སྐུལ་བྱེད་སྟངས་འདིས། རེ་ཞིག་འཇམ་ཅག་གེ་ཡོད་པའི་དྲ་རྒྱའི་སྟེང་གི་ལྷིང་འཇགས་དེ་དཀྲོགས་སོང་། ཉིན་འགའི་རྗེས་སུ་སླར་ཡང་༿བོད་ནང་རྒྱུན་ལྡན་རེད་དམ༾ཞེས་བའི་དྲི་ཚིག་འདི་བཏོན་པ་བརྒྱུད། སྔོན་ཆད་བོད་ནང་གི་ཛ་དྲགས་ཀྱི་གནས་སྟངས་དེ་ཕྱི་རོལ་ཡུལ་ནས་རྒྱུན་ལྡན་དུ་བཏང་བ་ལྟར་ན། བོད་སྤྱི་བའི་འཐབ་རྩོད་རིམ་པ་འདི་རྗེས་ལ་སྐྱུར་སོང་བའམ་ལྷག་སོང་བའི་འགག་རྐྱེན་ལ་དམིགས་ནས། དཔྱད་མཆན་པ་རེ་རེ་བཞིན་དྲ་སྟེང་ལ་འབོད་འགུག་བྱས་སོང་། དགའ་ཡང་རུང་སྡུག་ཀྱང་ཆོག བོད་གངས་ཅན་པའི་འཐབ་རྩོད་ཀྱི་འགག་རྐྱེན་དག་རེ་ཞིག་བཙལ་ནས་མ་རྙེད་ཚེ། མེ་དཔུང་འདིའི་རྒྱབ་ན། ཁ་སང་དེ་རིང་བོད་བྱེས་བའི་གཞུང་འབངས་ཡོངས་ཀྱིས་འུར་འུར་ཟིང་ཟིང་གི་འཐབ་རྩོད་ཞིག་བྱེད་ཀྱིན་པ་རེད་མོད། ཡུན་དང་རིམ་ཀྱིས་རྒྱུན་ལྡན་དུ་གྱུར་འགྲོ་བའམ། ག་ལེར་ཀློད་མི་ཡོང་ངམ་བསམ་པའི་དོགས་པ་ཞིག་ཚོད་ཚོད་ལ་སྐྱེས་སོང་། དེའི་ཕྱིར་ཤི་ན་མཉམ་ཤུ་བྱེད་རྒྱུ་ལས་མི་བུ་རེ་ཟུང་མདུན་ལ་ཕུད་རྒྱག་མ་གཏོང་ཞེས་བ་འདི། མྱི་ནག་ཚང་གི་བསམ་བློའི་མཐར་ཐུག་གི་འབབ་ས་རེད་བསམ་སོང་། དེ་བཞིན་བོད་སྤྱི་བའི་རྩ་དོན་ཐད་རང་སྲོག་བློས་གཏོང་མཁན་དཔའ་བོ་དཔའ་མོ་དག་གི་དམིགས་བྱ་འདི་ཡང་བོད་སྤྱི་དོན་ཡིན་པར་བརྟེན། ཡིད་གཟབ་མ་བྱས་ན་ཀིརྟི་དཀོན་པ་ཁོ་ནའི་གྱོང་གུད་དུ་འགྲོ་ཉེན་ཆེ་ཚུལ་གསུང་གནང་བ་འདི། མྱི་ནག་ཚང་གི་ལྷག་བསམ་རྨ་མེད་དེ་མཚོན་འདུག
    སྐབས་དོན་་་མྱི་ནག་ཚང་གི་བཀའ་མོལ་༿སྐད་ཆ་འདིའི་རིགས་བཤད་མཁན་གང་ཟག་གི་ངོས་ནས་ཐལ་ཆ་ཤོར་ཡོད་ན་མི་ཤེས། ང་མ་ཡིན་པར་སྐྱེ་ཆེན་དམ་པ་ཞིག་གིས་གསུངས་ཡོད་དུས་དེའི་ཐལ་ཆ་མི་མཐོང་ཡང་སྲིད། ༾འདིའི་ཟུར་ན་གནས་ལུགས་ཤིག་ཏན་ཏན་ཡོད་བ་རེད། དཔྱད་མཆན་པ་རྣམ་པ་ལྷན་རྒྱས་ལགས། ཐུགས་དཀྱེལ་ཡང་ཅུང་ཙམ་བྱས་ན་མི་ཡག་གམ།
    ལྷག་ཏུ་ཤར་ཕྱོགས་ཁུག་རྟ་ལགས། གོ་སྐབས་དང་བསྟུན་ནས་ཀླན་ཀ་འཚོལ་སྟངས་ཤིག་ཡིན་ལ་ལས་གནས་ལུགས་བཤད་སྟངས་ཞིག་ལ་ཁྱོན་ནས་མཐོང་མ་སོང་།
    དགོངས་འགལ་མེད་པ་ཞུ།

    Reply
  19. ཕྱུགས་རྫི says:
    ལོ་ 14 སྔོན།

    དཔེ་ཡག་པོ་བྲིས་འདུག

    Reply
  20. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    འདི་འཚེ་བ་ཡིན་མིན་ནི་ཀུན་སློང་ལ་རག་ལུས་ངེས་ཅན་རེད། འོན་ཀྱང་རང་འདོད་ཁོ་ན་དོན་དུ་གཉེན་མཁན་ཞིག་གིས་རང་ལུས་མེ་རུ་སྦར་དགོས་ན་ཧ་ཅང་དཀའ་བའི་རང་བཞིན་རེད། དེས་ན་འདིའི་འཐད་ལབ་གླེང་ཉུང་ན་དགའ་རྒྱུ་རེད། གཞིས་བྱེས་གཉིས་ཆིག་སྒྲིལ་གྱི་ནུས་པ་འབྱུང་བ་ལ་བར་ཆད་ཞིག་ཡོད་ངེས་ཅན་ཡིན་པ་འུ་ཚོ་ཚང་མའི་སེམས་ལ་གསལ་པོར་ངེས་དགོས།

    Reply
  21. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཆོས་ཉམས་ལེན་གྱི་སྐབས་སུ། མིག་རྒྱང་སྲིངས། ཁོག་གསང་ལྷོད། ཅེས་གསུངས་འདུག

    Reply
  22. ནད་པ says:
    ལོ་ 14 སྔོན།

    བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དང་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས། འཛམ་གླིང་རིས་མེད་ཆོས་ལུགས་ཀྱི་སྐྱེས་མཆོག་དམ་པ་བོད་ཀྱི་གོང་ས་སྐྱབས་མགོན་ཏྰ་ལའི་བླ་མའི་ཐུགས་བཞེད་དགོངས་དོན་གྱི་སྙིང་པོ་དེ་འཚེ་བ་མེད་པའི་ཞི་བདེའི་ཐབས་ལམ་དང་། གཉིས་ཕན་དབུ་མའི་ལམ་གྱི་འཐབ་རྩོད་ཅིག་ཡིན།

    འཚེ་མེད་ཞི་བའི་ཐབས་ལམ་དང་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་གཞི་རྩའི་ལྟ་གྲུབ་དེ་སྟོན་པ་བླ་ན་མེད་པ་སངས་རྒྱས་ཀྱི་ལྟ་གྲུབ་གཅིག་དང་བོད་བརྒྱུད་ཆེས་རྩ་ཆེ་བའི་ནང་བསྟན་ཆོས་ལུགས་ཀྱི་སྲོག་རྩར་ཐུག་ཡོད་སྟབས། ང་ཚོས་༸ གོང་ས་མཆོག་གི་བཀའ་དགོངས་མཐུན་པར་ལས་འགུལ་སྤེལ་དགོས།

    བོད་གངས་ཅན་གྱི་ལྗོངས་སུ་མཁས་པའི་ཡང་རྩེར་སོན་པའི་རྗེ་ཙོང་ཁ་བས་ཀྱང་སྟོན་པ་སངས་རྒྱས་ལ་བསྟོད་པའི་ཚིག་འདི་འདྲ་ཕུལ་འདུག མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱིས་ལས། །ཁྱེད་ལས་གཞན་པ་སུ་ཞིག་མཆིས། །ཞེས་འཚེ་མེད་བའི་བྱམས་བརྩེའི་མཐུ་དང་དཔུང་གིས་བདུད་དཔུང་བྱེ་བ་ཕམ་པར་མཛད་པའི་ཚུལ་མཛད་པ་དེར་བསྔགས་པའི་མེ་ཏོག་བཏོར་ཡོད།

    ༸ གོང་ས་སྐྱབས་མགོན་ཆེན་པོས་ཀྱང་སྟོན་པའི་སྐུ་ཚབ་མཛད་དེ་བོད་ཀྱི་རྩ་དོན་དེ་འཚེ་མེད་ཞི་བའི་ལྟ་གྲུབ་ཁོ་ནར་གཞི་བཅོལ་ཏེ་མི་ལོ་ཧྲིལ་པོ་ལྔ་བཅུའི་ནང་དུ་བོད་དང་། བོད་མི། བོད་ཀྱི་རྩ་དོན། རིག་གཞུང་། སྐད་ཡིག ཆོས་ལུགས། སོགས་ད་བར་རྒྱ་ནག་གིས་རྩ་མེད་དུ་བཏང་མ་ཐུབ་པར་བོད་ཀྱི་རྩ་དོན་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད།

    དེ་ཡང་མགོན་པོ་ཐུགས་རྗེ་ཆེན་པོ་གང་ཉིད་ཀྱི་འཚེ་མེད་ཞི་བའི་ཐབས་ཇུས་ཀྱིས་མདའ་མཚོན་གྱི་གོ་ཆ་ཅི་ཡང་མ་བཟུང་བར་རང་ཉིད་གཅིག་པུས་ད་བར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་མཛད་པའི་བཀའ་དྲིན་གྱི་ཕུང་པོ་ལས་དམག་ཤུགས་དང་། དྲགས་ཤུགས། མི་ཤུགས། རྒྱུ་ཤུགས། མཚོན་ཤུགས་སོགས་འཛོམས་པའི་སྟོབས་ཆེན་རྒྱ་ནག་གི་གཞུང་འདི་ཡང་མདའ་མཚོན་གྱི་གོ་ཆ་ཁབ་རྩེ་ཙམ་མ་བཟུང་བའི་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸ གོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་གྱི་གྲིབ་བསིལ་འོག་ཞི་བྱེས་བོད་མིའི་སྙིང་སྟོབས་དང་སྟོབས་ཤུགས་ཕྱོགས་ཡོངས་ནས་ལོ་རེར་ཡོངས་སུ་རྒྱས་བཞིན་ཡོད།

    ༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག །

    Reply
  23. གླང་དར་མ། says:
    ལོ་ 14 སྔོན།

    ནད་པ་ལགས་ཀྱི་གསུང་པ་དེ་བདེན་པར་མཐོང་སོང།

    Reply
  24. མི་ཆུང་། says:
    ལོ་ 14 སྔོན།

    མདོར་ཧྲིལ་གྱིས་དྲིལ་ན། དེ་རིང་བར་ང་ཚོའི་ལས་འགུལ་རྣམས་འཇིག་རྟེན་ཡོངས་གྲགས་སུ་འཚེ་མེད་ཞི་བ་ཁོ་ནའི་ཕྱོགས་ནས་བསྐྱོད་པ་རེད། ད་དུང་འདི་ལྟར་སྐྱོད་ངེས་རེད། ཆོས་ཕྱོགས་ནས་འཚེ་མེད་ཡིན་མིན་དེ་སྐབས་དོན་ཡང་མིན། དེ་ལས་འཐབ་རྩོད་ཀྱི་མདུན་ལམ་གསར་པ་རེ་ཡོད་ན་འདོན་རོགས།

    Reply
  25. ནད་པ says:
    ལོ་ 14 སྔོན།

    སྤྱིར་འཚེ་བའི་ལས་ཟེར་བ་དེ་ལ་ནང་ཆོས་ཕྱོགས་ནས་འགྲེལ་བཤད་ཞིག་བརྒྱབ་ན་གཙོ་བོ་སྐྱེ་བོ་གང་ཟག་དེ་ཉིད་ཀྱི་སེམས་ཀྱི་ཀུན་སློང་ལ་རག་ལུས་པ་དང་ཀུན་སློང་དེས་བྱ་བ་དང་ལས་རྩོམ་བཞིན་ཡོད་སྟབས། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཅས་ཡོངས་སུ་རྫོགས་ན་འཚེ་བའི་ལས་སུ་འགྲོ་བ་རེད།

    དཔེར་ན་གཞི་རྒྱ་ནག་དམར་ཤོག་དེ་ང་ཚོའི་དགྲ་བོ་ཞིག་ཡིན་བསམས་པ་དང་། བསམ་པ་དེ་དམར་ཤོག་དེར་ཁོང་ཁྲོའི་མེ་ལྕེ་དྲག་པོ་འབར་བས་རྒྱ་དམར་མཐར་སྐྲོད་བཏང་བསམ་པ། སྦྱོར་བ་དེ་རིང་ངས་རང་ལུས་མེ་རུ་བསྒྲོན་རྒྱུར་ཐག་བཅད་པ། མཐར་ཐུག་རང་ལུས་མེ་རུ་བསྒྲོན་ཏེ་ངས་བཙན་རྒྱལ་རྒྱ་དམར་བོད་ནས་མཐར་བསྐྲོད་གཏོང་རྒྱུའི་ཆེད་དུ་དེ་རིང་ད་ང་ཤི་སོང་བསམས་པའི་མཐར་གཞི་བསམ་པ་སྦྱོར་མཐར་ཐུག་བཅས་རྫོགས་ན་དེ་ནི་འཚེ་བའི་བྱ་བ་ཞིག་ཡིན་པ་བཤད་མི་དགོས།

    ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་བོད་མི་རིགས། ཡང་སྒོས་རྒྱ་མི་རིགས་བཅས་སྐྱེ་བོ་དུང་ཕྱུར་མང་པོའི་ཆེད་དུ་ངས་ཕན་པའི་བྱ་བ་རླབས་ཆེན་ཞིག་བསྒྲུབ་བསམ་པ་དེ་གཞི་དང་། བསམ་པ་དེ་རྒྱ་ནག་གཞུང་གིས་སྲིད་ཇུས་དེ་ཇི་ལྟར་བྱས་ཀྱང་ཡག་པོ་མེད་སྟབས། ངས་དེ་ལ་ངོ་རྒོལ་ཐ་གཅིག་ཏུ་བྱ་བསམས་པ། སྦྱོར་བ་དེ་ངས་གཞན་བྱ་བ་ཅི་ཡང་བསྒྲུབ་པའི་སྟོབས་ཤུགས་མེད་ཀྱང་རང་གི་གཅེས་པའི་ཚེ་སྲོག་དེ་གཞན་དོན་ཆེད་དུ་མེ་རུ་བསྒྲོན་པ། མཐར་ཐུག་སྐུ་ལུས་མེ་ལ་བསྒྲོན་ནས་ད་ངས་བསྟན་དང་འགྲོ་བའི་དོན་དུ་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་བཏང་ཚར་བསམས་པའི་མཐར་འཇུག་གི་ཀུན་སློང་བཅས་ཡོངས་སུ་རྫོགས་ན་འཚེ་མེད་ཞི་བའི་གཞན་ཕན་གྱི་བྱ་གཞག་ཆེས་བླ་ན་མེད་པ་ཞིག་བསྒྲུབས་པ་དེ་རེད།

    དེ་ནི་ངས་གང་ཟག་དམ་པ་གང་དེའི་ཀུན་སློང་ལ་གཞི་བཅོལ་ཏེ་འཚེ་བ་དང་འཚེ་མེད་ཀྱི་ལས་ཟེར་བ་དེར་འགྲེལ་བཤད་བྱས་ཁུལ་ཙམ་ཞིག་ཡིན།

    ཡིན་ནའང་འོད་དཀར་ལགས་ཀྱིས་རྩོམ་ནང་ནང་ཆོས་ཐོག་ནས་བཤད་ན་ཐ་གཅིག་ཏུ་དེ་ནི་འཚེ་མེད་ཞི་བའི་བྱ་བ་ཞིག་ཡིན་པར་བཤད་ན་མི་འགྲིག གང་ཡིན་ཟེར་ན་ནང་ཆོས་ཐོག་ནས་བཤད་ན་རང་ཉིད་རང་གི་བསད་ན་དེས་ལས་ཀྱི་འབྲས་བུར་ཚེ་རབས་ཕྱི་མ་སྐྱེ་བ་ལྔ་བརྒྱའི་བར་དུ་རང་ཤི་བརྒྱབ་དགོས་པའི་ལས་བསགས་ཡོད། ད་དུང་གསང་བསྔགས་རྡོ་རྗེ་ཐེག་པའི་ལུགས་ནས་བཤད་ན་རང་ལུས་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་གུས་པ་དང་། མ་དད་པའི་ལས་ངན་བསགས་པ་མ་ཟད་གསང་བསྔགས་ཀྱི་རྩ་བལྟུང་ཡང་ཕོག་པ་ཡིན། ད་དུང་རང་ལུས་དམར་པོའི་མེ་རུ་བསྒྲོན་པ་དེས་ནི་འཚེ་བ་དྲག་པོའི་ལས་སྦྱོར་གྱི་ངོ་བོ་ཞིག་ཏུ་གྱུར་པ་རེད།

    ཡིན་ནའང་འཇིག་རྟེན་སྲིད་ཕྱོགས་ཀྱི་ངོ་བོའི་ཐོག་ནས་བལྟས་ན་དེ་ནི་མོའི་ཡིས་བཤད་པ་ལྟར་སྐྱེ་བ་བོད་མི་རིགས་གཅིག་ཏུ་སྐྱེས་པ་དེ་རླབས་ཆེན་ཞིག་དང་། ཤི་བ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འཆི་བ་དེ་ནི་གཟི་བརྗིད་གཅིག་རེད།

    ད་དུང་རང་གིས་གཅེས་པའི་ཚེ་སྲོག་དེ་རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས། འབྱུང་འགྱུར་ཕུགས་བསམ་བཅས་ཀྱི་ཕྱིར་བློས་བཏང་བྱས་པ་དེ་ནི་ཆེས྄ཕུལ་བྱུང་གི་སྙིང་སྟོབས་དང་། ཆེས་ལོ་རྒྱུས་ཐོག་འཁོད་ངེས་པའི་རྒྱལ་གཅེས་ཀྱི་དཔའ་མོའམ་དཔའ་མོ་ཞིག་ཡིན། དེ་ནི་ཆེས་རླབས་ཆེན་གྱི་བྱ་བ་ཞིག་དང་མི་རིགས་ཀྱི་གཟི་བརྗིད་གཅིག་ཆགས་ཡོད།

    Reply
  26. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཁ་སང་༼ སེམས་དང་སྲོག་གི་བགྲོ་གླེང་༽ ཐོག་༧གོས་མཆོག་གིས་ཞོར་འཕྲོས་སུ་བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་པ་དེ་དག་འཚེ་བ་ཡིན་མིན་གྱི་བཀའ་ཞིག་གནང་ཡོད་རབ་འདུག ཞིབ་ཚགས་ཀྱིས་ག་རེ་གསུངས་ཡོད་མེད་མ་ཤེས། མདོར་སྒྲིལ་ན། ” ཞི་དྲག་གི་ལས་གང་འདྲ་ཞིག་བརྩམས་ཀྱང་། འཚེ་བ་ཡིན་དང་མ་ཡིན་བྱེད་པ་པོ་གང་ཟག་དེའི་ཀུན་སློང་ལ་རག་ལས་ཡོད་པ་རེད” ཅེས་གསུངས་ཡོད་རབ་འདུག
    འདི་དང་མཉམ་དུ་དྲི་བ་ཞིག་ཡོད། ཡེ་ཤུ་སྟོན་པས་རང་ལུས་རྒྱངས་ཤིང་ཐོག་ལྕགས་གཟེར་བརྒྱབ་ཏེ་སྐུ་གྲོངས་པ་དེ་འཚེ་བའི་ལས་སུ་བརྩི་འམ།

    Reply
  27. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གོང་ནས་ཅང་ཟློ་རྒྱུ་ཞིག་རྙེད་མི་འདུག་སྟེ། ཞབས་མཆན་ནང་ཅིག་ཟློ་ཁུལ་བྱེད་ཀྱི་འདུག་མོད། རབ་ཏུ་བྱུང་ན། ཁྱེད་ཚོས་སྐབས་འདིར་འཚེ་བ་ཡིན་མིན་གྱི་སྐོར་ལ་རྩོད་པ་ཚིག་གཅིག་མ་རྒྱབ་ན་ཡག་གི་རེད།

    Reply
  28. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།” ཞེས་པའི་ཡིད་བཞིན་ནོར་བུའི་གསུང་གི་ནོར་བུ་འདི་དག་མཐོང་ཐོས་ཡོད་དམ།
    དེང་སང་འཛམ་གླིང་གི་ཞི་བདེ་ཟེར་བ་འདི་དམག་འཁྲུག་གི་ལྡོག་ཕྱོགས་ཙམ་ཡིན་ལ། དེ་བཞིན་འཚེ་བ་མེད་པ་ཟེར་བ་ཡང་གཞན་ལ་ལྟོས་ནས་གནོད་པ་བྱེད་པ་དང་དེ་ཡང་མེ་རྒྱག མི་གསོད། འཕྲོག་བཅོམ་རིགས་ཀྱི་འཚེ་བ་རགས་པ་དག་ལ་སྤངས་ནས་ཕན་ཚུན་བྱམས་བརྩེའི་ངང་འཆམ་མཐུན་མཉམ་འགྲོག་གི་མི་ཚེ་སྐྱེལ་སྟངས་ཤིག་ལ་གོ་བས་ཆོག

    དེ་མིན་ལུས་སྲོག་ལོངས་སྤྱོད་བློས་གཏོང་གི་སྦྱིན་པ་དེ་ཐེག་ཆེན་སྐྱེས་བུའི་མཛད་པ་ཞིག་ཡིན་པས་གང་ལ་ཡང་དཔེར་འགོད་ཆོག་ཆོག་ཏུ་མི་མཐོང་ལ། སུ་ཞིག་ཐེག་ཆེན་ཡིན་མིན་ཡང་སོ་སྐྱེ་བདག་ཅག་གིས་ག་ལ་ཤེས། མ་གཞི་ནས་ཆོས་ཕྱོགས་ཀྱི་བཤད་པ་དེ་དག་སྐབས་དོན་ཞིག་མིན་པས། ཉ་ནོག་མི་བསྲེ་བ་འཚལ།

    Reply
  29. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    འཚེ་བ་མེད་པའི་ལས་འགུལ་ཡིན་མིན་ནི། ལས་འགུལ་སྤེལ་བ་པོ་དེའི་མངོན་འདོད་བདེན་པ་ཡིན་མིན་ལ་ཐུག་ཡོད། ལྷག་ཏུ་རྒྱ་བོད་ཀྱི་བར་ནས་བཤད་ན། ༣་ཚེས ༡༦ ནས་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱིས་གང་ལ་གཟས་པ་དང་། གང་རྩོད་ཀྱི་ཡོད་པ་དེ་བོད་མིའི་མངོན་འདོད་དང་ཡོངས་སུ་མཐུན་ལ། བོད་མིའི་བདེན་དོན་འཐབ་རྩོད་ཀྱི་སྣེ་ཁྲིད་ལྟ་བུར་ཆགས་ཡོད་པས། བོད་ཀྱི་རང་དབང་འཐབ་རྩོད་ནང་འཚེ་བ་མེད་པའི་སྣེ་ཁྲིད་རང་བཞིན་གྱི་ལས་འགུལ་ལོ་རྒྱུས་ལྡན་པ་ཞིག་ཆགས་ཡོད། འཚེ་བ་ཡིན་མིན་ལ། ཀུན་སློང་གིས་འགྲེལ་བཤད་རྒྱག་མཁན་དག་ནི་ཆོས་ལུགས་པ་དག་རེད། སྐྱེ་བ་ཕྱི་མ་སྨྲ་མཁན་རྣམས་ཀྱི་བཞེད་ཕྱོགས་རེད། ཡིན་ནའང་། འཐབ་རྩོད་པ་འདི་ཚོས་རྒྱ་ནག་གཞུང་གི་བ་སྤུ་ཙམ་ལ་མ་རེག་པར་བོད་མི་རིགས་ཀྱི་སྡུག་བསྔལ་ར་སྤྲོད་ཀྱི་མེ་ལྕེ་སྦར་ཡོད། རང་གི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གི་མེ་ལྕེ་སྦར་ཡོད་པས། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ནང་བོད་ཀྱི་གནས་བབ་བདེན་པར་བརྗོད་པའི་མེ་ལྕེ་ལྷབ་ལྷབ་དག་ཡིན། བོད་མི་རིགས་ཀྱི་མངོན་འདོད་བདེན་པར་བརྗོད་པའི་མེ་ལྕེ་ཡང་ཡིན་ལ། བོད་ལ་བདེན་པ་ཡོད་པས་རྫུན་གོག་རྨེག་མེད་དུ་བསྲེགས་པའི་མེ་ལྕེའང་ཡིན་པ་ཟད། འཛམ་གླིང་གི་གྲུ་ཟུར་གང་དུའང་བདེན་པར་རྡོག་རྫུས་གཏོང་མཁན་གཞོམ་བསྲེགས་བྱེད་མཁན་གྱི་མེ་ལྕེ་ཡིན་པས། བོད་མི་རིགས་ཀྱིས་འདི་ལ་འཚེ་བ་མེད་པའི་བདེན་པའི་ལས་འགུལ་ཟེར་ལ། མྱིའི་འཇིག་རྟེན་འདིར་འདི་ལ་༼ མྱི་དོན་སྨྲ་བའི་མེ་ལྕེ ་༽ཞེས་གདགས་ཆོག་པ་ཡིན།

    ལར་ནས། ཆེ་ཆུང་གཞུང་སྒེར་སུས་ཀྱང་། འདི་ལ་བོད་མི་རིགས་ཀྱི་བདེན་དོན་གྱི་ངོས་ནས་གཟིགས་པ་ལས། ཆོས་ལུགས་ཀྱི་མིག་དང་ལྟ་གྲུབ་བྱེ་བྲག་པའི་མིག་ནས་གཟིགས་ཚེ། དེ་ཚད་ལྡན་དུ་མི་འགྲོ་བ་ཐག་གཅོད་ཡིན།

    Reply
  30. མགར་སྲས says:
    ལོ་ 14 སྔོན།

    བཀྲ་ཤིས་ལགས། ༧གོང་ས་མཆོག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་བའི་ཆེད་དུ་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་ལུས་སྲོག་མེར་བསྒྲོན་པ་དེ་འཚེ་བ་ཡིན་པ་གང་དུ་གསུངས་ཡོད་དམ།

    Reply
  31. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྤྱིར་བཏང་སྐད་ཆ་འདི་རིགས་བཀྲམས་མཁན་མང་པས་ང་འདིར་སླེབས་པ་ལས། འོད་དཀར་གྱི་རྩོམ་ཡིང་གཏི་ཐུག་འདིས་དྲངས་ནས་ང་འདིར་ཡོང་བ་མིན།

    Reply
  32. མི་ཆུང་། says:
    ལོ་ 14 སྔོན།

    “ང་ཚོའི་རིག་གནས་ཀྱི་ངོས་ནས་བཤད་ན། ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་རེད། ཡིན་ཡང་། རང་ལ་འཚེ་བ་ལས་གཞན་ལ་འཚེ་བའི་གོམ་པ་དེ་ད་དུང་སྤོས་མི་འདུག”

    གོང་གི་སྐད་འདི་མི་ནག་ཚང་ལུང་རིགས་རྒྱལ་ལགས་ཀྱི་རེད། ཁོང་གིས་ཡིན་ན་ཡང་ཞེས་པའི་གཤམ་གྱི་བརྗོད་དོན་ཐུང་ངུ་དེ་ཡོངས་སུ་དག་པ་རེད། མེར་སྲེག་པ་དེ་རང་ཉིད་ཀྱིས་རང་ཉིད་ལ་འཚེ་བ་རེད། འོན་ཀྱང་གོང་གི་བརྗོད་ཚིག ཁ་སང་དེ་རིང་བོད་ནང་གི་ལས་འགུལ་དག་ནི་འཚེ་བ་མེད་པའི་ལས་འགུལ་གྱི་རྒྱ་ལས་བརྒལ་ཚར་བ་རེད། ཅེས་སྤྱི་བབ་ཙམ་བཤད་པ་འདིས་ནོར་འཛོལ་ཆེན་པོ་བཟོ་ཉེན་ཡོད།

    ཁོང་ཅག་གིས་སྐུ་ལུས་མེར་སྒྲོན་པ་འདི། སྲིད་ཕྱོགས་ནས་འཚེ་མེད་ཞི་བ་འབའ་ཞིག་ཡིན་ལ། ཆོས་ཕྱོགས་ནས་ཀྱང་གཞན་ལ་འཚེ་བ་དགེ་སྦྱོར་མ་ཡིན་ནོ། ཞེས་པའི་ལྡོག་ཟླར་ལངས་ནས་ཡོད།

    དེས་ན་ད་ལྟ་ང་ཚོས་གང་དྲན་གྱི་ཚིག་སྦྱོར་སྤེལ་བར་གཟབ་དགོས། རྒྱ་གཞུང་གིས་ང་ཚོའི་གཡས་གཡོན་ཀུན་ཏུ་ཐ་ན་རྐང་པའི་དོག་སྒྲ་ཆེ་ཆུང་ཙམ་ལ་ཡང་ངན་ཁག་དཀྲི་བསམ་ནས་སྒུག་ཡོད།

    Reply
  33. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རྒན་རབས་པ་མྱི་ནག་ཚང་ལགས། སྐབས་འདི་འདྲ་ལ། བགྲོ་གླེང་ཟེར་བས་སྐོར་བ་རྒྱག་གི་འདུག་རྒྱུ་ལས། དོན་ངོ་མ་བསྟན་བཞག་ན་དེའང་མཆཽག་གྱུར་ཞིག་རེད།

    ངས་གང་བཤད་འདོད་པ་ནི། ཁྱེད་ཀྱིས་གནས་བབ་འདི་ཤེས་བཞིན་དུ། དེ་རིང་སང་ཉིན་སྐད་ཆ་རྫིག་པོ་བཤད་ཀྱིན་འདུག བོད་ཀྱི་རིག་གནས་དང་ཅི་ལྟར་མ་མཐུན་ཚུལ་བཀོད་རྒྱུ་ཡོད་ན། ངས་དེར་དཔྱད་གསུམ་དག་པའི་ལན་མ་རྙེད་ན། ངས་གོང་དུ་ཁྱེད་ལ་སྡོམ་རྒྱབ་པ་དེ་ཕྱིར་རང་གི་མགོ་ལ་བླངས་ནས་ཁྱེད་ཀྱི་དགོངས་ཚུལ་ལ་ཕྱག་འཚལ་ཐུབ། དེ་མིན་སྐད་ཆ་རྫིག་པོ་མ་བཤད་ན་དགའ་ས་རེད། སྐུ་ཞབས་ལུ་རིགས་ལགས།

    Reply
  34. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    སྐུ་ཞབས་འོད་དཀར་ལགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་ནི་ནད་ཐོག་སྨན་གྱི་དཔེ་ལྟར་གྱུརད། དེས་ན་ཁོང་གི་གསུང་འདི་སྐད་ཡིག་འདྲ་མིན་ནང་བསྒྱུར་ཐུབ་ན་དེ་བས་ཀྱང་ཕན་རླབས་ཤིན་ཏུ་ཆེ་སྙམ། ད་ལྟའི་ཆར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རབ་དང་རིམ་པར་འབྱུང་བཞིན་ཡོད་ལ། འདི་ནི་ཆེ་རྒྱ་ཆེ་ས་ནས་འཛམ་གླིང་ཞི་བདེ་དང་། བོད་མི་ས་ཡ་དྲུག ད་དུང་རྒྱ་རིགས་དུང་ཕྱུར་མང་པོའི་བདེ་སྡུག་གི་ཆེད་ཡིན་པས། འདི་ལ་དབྱིན་ཡིག་ནང་དུ་martyrdomསྟེ་བདེན་དོན་ཆེད་རང་སྲོག་བློས་གཏོང་ཞེས་པའི་ཐ་སྙད་དུ་འཇུག་པ་ལས། suicide སྟེ་རང་ཤི་བརྒྱབ་པའི་ཐ་སྙད་འདི་མི་འཐོབ་པ་ཀུན་གྱིས་ངེས་པར་ཤེས་དགོས།

    Reply
  35. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། མི་ལེགས་མི་རྒྱན་ཚུལ་གྱི་གནས་ལུགས་དེ་ཚོ་རྡོ་སྒྲིག་སྒྲིག་དང་ཆུ་བཞུར་བཞུར་བྱས་ན་མི་ལེགས་སམ།

    Reply
  36. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ལུང་རིགས་རྒྱལ་སོགས་རང་གི་ལྟོ་བ་གཙིག་ཏུ་འཛིན་མཁན་ཁག་ཅིག་གིས་བསམ་གཟས་ནས་སྐད་གྲགས་འཇོག་ཕྱིར། དེ་རིང་སང་ཉིན་འདི་འདྲའི་གླེང་གཞི་མ་འོས་པ་ཤེས་བཞིན་དུ་གླེང་བ་དེས། མི་དེ་དག་གི་མིག་རྒྱངས་ལ་ཚོད་དཔག་ཐུབ་པ་ཞིག་ཅི་ལ་མིན། བུ་ཁྱོ་ག་ཡིན་ན། རྗེས་ཕྱོགས་འདི་འདྲ་མ་བཤད་ན་དགའ་ཡི་རེད།

    Reply
  37. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ད་དགོད་ཀྱི་ཡོང་གི འཚེ་བ་རེད་མ་རེད་ཟེར་ནས་རྩོད་མཁན་དེ་དག་ལ་ཡ་བྱེད་དགོས་ཀྱི་མ་རེད། དེ་རྣམས་དེའི་ས་རུ་བཞག་བཞག་ན་ཡག་ཤོས་རེད། སྐད་ཆ་འདི་འདི་ལྟར་ཡལ་འགྲོ་ཡི་མ་རེད་ལ། སྐད་ཆ་འདི་སླེབས་པས་གནད་དོན་གྱི་ངོ་བོ་ཁ་གཞན་ཞིག་ཏུའང་བསྒྱུར་ཐུབ་ཀྱི་མ་རེད། དེ་ནི་རང་ཉིད་ནས་འགོ་བཙུགས་ཏེ་བདེན་པའི་ངོ་བོ་བདེན་པར་བསྒྱུར་ཐུབ་ལ་འབད་ན་ལས། འཚེ་མེད་ཞི་བ་ཡིན་མིན་རྩོད་རྒྱུ་བྱས་དུས། ད་གླེན་རྟགས་བསྟན་ཚར་བ་རེད། འཚེ་བ་ཡིན་མིན་དེའང་ནང་ཆོས་ལ་གཏུག་དགོས་མིན་དང་། ཡང་ན་ཅིག་གི་ཐག་ཆོད་ལ་གཏུག་དགོས་དོན་ཡོད་ཀྱི་མ་རེད། དེ་ཚེ་སྲོག་མེ་སྦར་མཁན་དེས་མངོན་འདོད་བདེན་པ་ཡིན་མིན་ལ་རག་ལས་འདུག་སྟབས། ཁོང་རྣམས་ཀྱི་བློས་གཏོང་ལ་ལྟ་གྲུབ་ཡན་གར་བས་ལོག་འགྲེལ་བྱ་དགོས་དོན་མེད། མདོ་དོན་བོད་མི་རིགས་ཀྱི་དཀའ་ངལ་གྱི་ཚབ་མཚོན་བྱེད་ཐུབ་ཡོད་མེད་དེས་ཡོངས་སུ་ཐག་གཅོད་བྱས་ན་འགྲིག་པ་ལས་གཞན་སུ་གང་གིས་ཀྱང་མིན། དེ་བས་ཁོང་རྣམས་ཀྱིས་མེ་རུ་སྦར་དགོས་པའི་དམྱལ་བ་མི་ཡུལ་དུ་མྱངས་པའི་གནས་སྟངས་རྣམས་བདེན་པ་ཡིན། གནས་སྟངས་དེ་ལས་གྲོལ་ཆེད། གནས་སྟངས་དེར་བསྐྱལ་མཁན་གྱི་བ་སྤུ་ཚུན་ཆད་ལ་མི་གནོད་པའི་ཐོག་ནས། རང་གི་ཚེ་སྲོག་གིས་རང་གི་སྡུག་བསྔལ་གསལ་བཤད་བྱས་ན། བསྐལ་བ་སྟོང་ལའང་འཚེ་བ་ཡིན་ས་ཁྱོན་ནས་མི་འགྲོ།། རྗེས་ནས། ང་ཚོས་གླེན་རྟགས་བཏོད་ནས། རྒྱ་ནག་ཚང་གི་གླེང་ཕྱོགས་དང་མཐུན་པའི་འཚེ་བ་ཡིན་མིན་འདི་རྩོད་རྒྱུ་ཅམ་འཇོག་བྱས་ན་དགའ་ལ། དྲ་རྒྱ་རླུང་འཕྲིན་དག་གི་མདོ་འཛིན་པ་ཚོས་ཀྱང་བོད་མི་རིགས་ཀྱི་རང་དོན་འདི་ཐལ་དྲགས་པའི་མང་གཙོའི་ནང་བསྲེས་ནས་འཕྲོ་བརླག་ལ་མ་བཏང་ན་དགའ་ནི་རེད་དོ།།

    Reply
  38. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༼འུར་ལྕ་གཡོན་ལ་གཡུག་ན། འུར་རྡོ་རང་མགོར་ཕོག་གི་རེད།༽ ཐུགས་འགྱོད་མེད་ན་དེ་ག་རང་ཡིན། ཡང་མིན་ན། ཐུགས་དཀྱེལ་ཡངས་ཙམ་གནང་རོགས།

    Reply
  39. བཀྲ་ཤིས། says:
    ལོ་ 14 སྔོན།

    སུ་ལ་ཟློ་བ་ཡིན་ན་༸གོང་ས་མཆོག་ལ་ཡིན་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese