མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྲིད་མགོ་རྟིང་ལོག་པའི་བྱ་བར་བསྙད་པའི་རྫུན་གྱིས་སྒེར་དབང་སྲ་བརྟན་དུ་གཏོང་འདོད་པ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་བློ་བཟང་དཔལ་ལྡན།

སྔར་རྒྱུན་ལྟར། ཐེངས་འདིར་ཡང་རྒྱ་ནག་དམར་གཞུང་གིས་ངོ་ཚ་བྲལ་ཅིང་བྱེད་ཐབས་ཧ་ཅང་རྡུགས་པའི་གསལ་བསྒྲགས་ཤིག་སྤེལ་འདུག་སྟེ།

ཟླ་འདིའི་ཚེས་ ༡༡ ཉིན་རྒྱ་ནག་དམར་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཝེ་མིན་གྱིས་ “ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་ཚོས་བོད་ནང་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱས་པའི་གནས་ཚུལ་དེ་དག་ལ་སྐྱོན་བརྗོད་མ་བྱས་པ་མ་ཟད། ད་དུང་དེ་རིགས་ཀྱི་གནས་ཚུལ་མང་དུ་ཡོང་ཆེད་འཛམ་གླིང་གང་སར་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད་”ཅེས་དང་།

 “ཏཱ་ལའི་རུ་ཚོགས་ཀྱིས་གནས་ཚུལ་དེ་ཚོར་སྒྲོ་གཏགས་པ་དང་ དཀྲོགས་གཏམ་བཟོས་ཏེ་སྤེལ་བ་མ་ཟད། ད་དུང་བོད་མི་གཞན་རྣམས་ལ་སྐུ་ལུས་མེར་བསྲེག་གཏོང་དགོས་པའི་སྐུལ་འདེད་བྱེད་ ཀྱི་ཡོད་པ་རེད་”ཅེས་དང་། འདི་ནི་”ནང་པའི་ལྟ་གྲུབ་དང་འགལ་བ་ཞིག་རེད་”ཅེས་ཀྱང་ཟེར།

གོང་གི་གསལ་བསྒྲགས་དུམ་བུ་དེའི་ནང་བརྗོད་པ་ནི།  ཏཱ་ལའི་བླ་མས་རྒྱ་ནག་དམར་གཞུང་སྟེ་ཁོ་ཚོས་བོད་མི་རིགས་རིག་གཞུང་དང་བཅས་པ་མེད་བརླགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཅེས་པ་རེད་འདུག་ལ།  དེའི་ཟུར་ནས་གཞན་ཞིག་གོ་ཐུབ་པ་ནི་ཁྱེད་ཚོས་བོད་མི་རིགས་ཀྱི་ལོ་རྒྱུས་རྒྱུན་གཅོད་པའི་ང་ཚོའི་སྲིད་ཇུས་དང་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་རོགས་གྱིས་ཞེས་པའི་གོ་དོན་ཡང་ཚང་འདུག  

འདས་པའི་ལོ་ངོ་དྲུག་ཅུ་ལྷག་ལ་རྒྱ་ནག་དམར་གཞུང་གིས་ཞི་བདེ་ལ་དགའ་ཞིང་། རང་ཡུལ་དང་རང་གི་རིག་གཞུང་ལ་སྙིང་ནས་གཅེས་པའི་བོད་མི་རིགས་ལ་ཐོག་མཐའ་བར་གསུམ་དུ་ཐུབ་ཚོད་དང་བརྙས་བཅོས། གསོད་རྡུང་ཕྲོགས་བཅོམ་གྲངས་ལས་འདས་པ་བྱས་ཤིང་། རྒྱུན་མཐུད་དེ་གཏིང་ནག་པའི་ཆབ་སྲིད་གཡོ་ཇུས་ཀྱིས་རྒྱ་ནག་མི་རིགས་དུང་ཕྱུར་མང་པོར་བསླུ་བྲིད་ཅི་ཐུབ་ཀྱིས་ཁྱིམ་ཚང་གཅིག་དང་། ཀྲུང་ཧ་མི་རིགས། སྤུན་ཟླ་མི་རིགས། ཁ་བྲལ་རིང་ལུགས། ཀྲུང་གོར་རྒོལ་བའི་ཕྱི་ཕྱོགས་སྟོབས་ཤུགས་སོགས་མིང་ཚིག་སྤྱད་དེ། དམར་ཕྱོགས་སྲིད་དབང་སྒེར་འཛིན་པས་མུ་མཐུད་རྒྱ་ནག་གི་ས་གཞི་ཆེན་པོ་དང་། བོད་དང་སོག་པོ། ཏུར་ཀི་སི་ཐན་དང་བཅས་པ་རྨེག་མེད་དུ་གཏོང་བའི་རྒྱབ་རྩར་འགུག་བཞིན་ཡོད། འོན་ཀྱང་བསམ་བློའི་མིག་རྒྱང་རིང་ཞིང་། འགྲོ་བ་མིའི་རིགས་ཀྱི་མ་འོངས་པ་བསམ་ཞིང་། ཞི་བདེ་ལ་དགའ་བ། རང་བྱུང་ལ་གཅེས་པའི་རྒྱ་ནག་གི་དཔྱོད་ལྡན་པ་ཚོས་ནི་རྣམ་པ་ཐམས་ཅད་དུ་དེ་ལྟའི་གཡོ་ཇུས་ལ་རྒོལ་བཞིན་འདུག 

སྤྱིར་བཏང་རྒྱ་ནག་མི་དམངས་ལ་མཚོན་ན་གུང་ཁྲན་ཏང་གིས་བསམ་བཞིན་དུ་སྤེལ་བའི་སྔ་ཕྱིའི་ལས་འགུལ་སྣ་ཚོགས་ལ་བརྟེན་ལོ་ངོ་སྟོང་ཕྲག་མང་པོར་བརྒྱུད་པའི་རིག་གནས་སྲོལ་རྒྱུན་དང་། ཡང་དག་པའི་མི་གཤིས། ཞི་བདེའི་འཚོ་བ་དང་བཅས་རྨེག་མེད་དུ་བཏང་ཞིང་། ད་ལྟ་འཛམ་གླིང་ཁྲོད་རྒྱ་མི་རིགས་ཀྱིས་མངོན་ཐུབ་པ་ནི་ཤོག་སྒོར་ཉག་གཅིག་ཏུ་གྱུར་ཡོད། ཕམ་ཉེས་འདི་ནི་འཛམ་གླིང་གི་མི་རིགས་ཀྱི་ཕམ་ཉེས་དང་ལྷག་པར་དུ་རྒྱ་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་སྲོལ་རྒྱུན་གྱི་ཕམ་ཉེས་ཤིག་ཡིན་པ་དང་། ཕམ་ཉེས་འདི་ལས་སྐྱོབ་པའི་གོ་སྐབས་ནི་ཧ་ཅང་དཀའ་ཚོད་དུ་ཡོད། བོད་ལ་མཚོན་ན་གསོད་རྡུང་བཅོམ་གསུམ་གྱི་འཇིགས་པ་སྟོང་ཕྲག་བརྒྱུད་ནས་རང་གི་མི་རིགས་ཀྱི་རིག་གནས་སྲོལ་རྒྱུན་དང་། ཡུལ་གྱི་ཉམས་སྣང་སྲུང་སྐྱོབ་ཅུང་ཙམ་བྱ་ཐུབ་ཡོད་མོད། ད་ལྟ་ནི་རྒྱ་ནག་དམར་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་གྱི་བྱེད་ཐབས་ཡོད་རྒུ་རྩལ་དུ་བཏོན་ནས་བོད་ཀྱི་ཁོར་ཡུག་དང་། རིག་གནས། སྲོལ་རྒྱུན་དང་བཅས་པ་རྨེག་མེད་དུ་གཏོང་བའི་སྦྱོར་བ་རྔམ་གནག་པ་དག་གཅིག་ལས་གཅིག་འཇིགས་པ་ཤ་སྟག་སྤྱོད་ཀྱི་ཡོད།

དཔེར་ན། ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་བོད་ཀྱི་ས་ཆ་བཙན་འཕྲོག་དང་བོད་མི་དབུལ་བོར་བསྒྱུར་བའི་ཚད་གཞི་ལོ་རེ་ནས་ལོ་རེར་ཚབས་ཇེ་ཆེ་ཡིན་པ།  དེ་དང་མཉམ་དུ་རང་བྱུང་གི་གཏེར་ཁ་སྔོག་འདོན་དང་རྩྭ་ཐང་གྲོང་བརྡལ་དུ་བསྒྱུར་བའི་གོམ་སྟབས་ཧ་ཅང་མགྱོགས་ལ་སྟོབས་ཆེ་བ། གཞུང་གི་ཇུས་འགོད་ལྟར་བོད་ཡུལ་དུ་འཛུགས་སྐྲུན་པའི་མིང་ཐོག་ནས་རྒྱ་མི་ས་ཡ་མང་པོ་གནས་སྤོས་ཀྱི་མྱུར་ཚད་དམ་པོར་བཟུང་བ། རྒྱལ་ཁབ་ཀྱི་དགོས་དོན་འཕེལ་རྒྱས་ལ་ཁ་གཡར་ནས་བོད་ཀྱི་སྐད་ཡིག་གི་སློབ་གསོ་རྩ་ནས་གཏོར་བའི་བྱེད་ཐབས་རྒྱུན་མཐུད་པ། བོད་ཀྱི་མི་དམངས་དང་རིག་གནས་སློབ་གསོ་སོགས་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་པའི་མི་རྣམས་ལ་ཅི་ཐུབ་ཀྱིས་དམའ་འབེབས་པའམ། ཁོ་ཚོར་དོན་དངོས་ཀྱི་རྒྱབ་སྐྱོར་མེད་པ་སོགས་བོད་མི་རིགས་རྩ་བརླགས་སུ་གཏོང་བའི་རེ་ངན་མངོན་དུ་འགྱུར་བའི་སྦྱོར་བ་མངོན་གསལ་དུ་རྩོམ་གྱི་ཡོད།

འདི་ལྟའི་མངན་གནག་ཅིང་རྒྱུན་རིང་བའི་སྲིད་ཇུས་ཀྱི་རྒྱབ་རྩ་ན་དམག་གི་དྲག་ཤུགས་དང་། ཉེན་རྟོག་པའི་སྲུང་བ། གསང་ཉུལ་བའི་སོ་ལྟ་སོགས་ཕྱོགས་དང་མཚམས་སུ་ཁྱབ་སྟབས། བོད་མི་རིགས་ཀྱི་རང་གི་ཕ་ཡུལ་གྱི་མཛེས་པའི་རི་ཆུ་ལ་གཅེས་སྐྱོང་བྱེད་པ་དང་། རང་གི་རིག་གཞུང་ལ་ཉམས་ལེན་བྱེད་པ། རང་གི་བུ་རབས་ཚ་རྒྱུད་ཀྱི་ཞི་བདེ་དང་བདེ་སྐྱིད་ཀྱི་འཚོ་བར་འགན་ཁུར་བའི་བྱ་བ་སྣ་གཅིག་རྩོམ་ཐབས་བྲལ་ལ། གལ་ཏེ་དེ་ལྟའི་ལས་སུ་ཞུགས་ན་ཐོག་དང་པོར་བློས་གཏོང་དགོས་པ་ནི་ཚེ་སྲོག་ཡིན།  གཏེར་ཁ་བསྔོགས་པའི་ཁེ་ལས་ཚོགས་པ་དང་ཧམ་པ་ཅན་གྱི་ཚོང་པ་སྟོབས་ལྡན་ཚོའི་སྒོར་མོ་ནི་ད་ལྟའི་རྒྱ་ནག་དམར་གཞུང་གི་ཁོར་ཡུག་སྲུང་སྐྱོབ་དང་། ཕྱུགས་སྐྱུར་རྩྭ་འདེབས། འབྲོག་སྐྱུར་གྲོང་སྙེག་གི་བྱ་བ་མཐའ་དག་རྩོམ་པའི་དགོས་པ་དང་། དམིགས་ཡུལ་གྲུབ་འབྲས་དང་བཅས་པ་ཡིན། དེ་ནི་ད་ལྟའི་རྒྱ་ནག་དམར་གཞུང་གི་ཁྲིམས་ལུགས་དང་། རྒྱལ་ཁབ་བདེ་འཇགས་ཀྱི་གཞི་རྩའང་ཡིན་ལ་དམར་ཤོག་མགོ་ཁྲིད་པས་སྲིད་སྟེགས་ཀྱང་ཁེ་ལས་པ་ཧམ་པ་ཅན་ཚོའི་སྒོར་མོ་ཁོ་ན་ཡིན་ཏེ། དམའ་རིམ་ཞང་འབྲོག་མང་ཚོགས་ཁྲོད་ཀྱི་གུང་ཁྲན་ཏང་གི་མགོ་པ་ནས་ཞང་དང་། རྫོང་། ཁུལ། ཞིང་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་བཅས་པ་ཤོག་སྒོར་གྱི་འཁོར་ལོའི་ཁྲོད་ནས་བཟི་འཁྱོམས་བྱུང་སྟེ། ཡངས་པའི་ས་གཞི་ཆེན་པོའི་ཉམས་ཉེས་དང་། མངའ་འབངས་ཀྱི་འཚོ་བ་དང་སློབ་གསོ་མི་གཤིས་དང་བཅས་འགན་ལེན་ཁག་ཁུར་གྱི་བྱ་བར་རྫོགས་ཚིག་བཀོད་ཟིན་ཡོད།

དེ་ལྟའི་གནས་སྟངས་ཁྲོད་བོད་མི་རིགས་ཀྱི་མ་འོངས་པར་སྙིང་ནས་བཟོད་དཀའ་བའི་སྐྱེས་བུ་དམ་པ་ཚོས་བདམས་པ་ནི་རང་སྲོག་བཅད་དེ་རྒྱ་ནག་དམར་གཞུང་གི་མགོ་ཁྲིད་ཚོར་བདེན་པ་རྩོད་པའི་ལས་སུ་མི་ཞུགས་རང་དབང་མེད་པར་གྱུར།  འདི་ལྟར་མིའི་རང་དབང་དང་། ཁོར་ཡུག་གི་རང་དབང་། མིའི་རིགས་ཀྱི་མ་འོངས་པའི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་དམར་པོ་མེ་ལ་སྒྲོན་པའི་སྙིང་སྟོབས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་མཐོང་དཀོན་པའི་ཚོད་དུ་ཡོད་མོད། རྒྱ་གཞུང་གིས་དེ་ནི་འཚེ་བ་ཡིན་རབས་དང་ནང་ཆོས་དང་འགལ་རབས་སོགས་བསྙད་ཀྱི་འདུག ད་ལྟའི་བོད་མི་རིགས་ཀྱི་དཔའ་བློ་མཐོ་བར་སོན་པའི་སྐྱེས་བུ་ཆེན་པོ་དེ་ཚོས་རང་ལུས་མེ་རུ་བསྒྲོན་པའི་ཐོག་མའི་ཀུན་སློང་རྣམ་པར་དག་ལ་རྒྱ་ཆེ་བ་འདི་འདྲ་ཞིག་གིས་བརྩམས་པའི་སྦྱོར་བ་དེ་ནང་ཆོས་དང་འགལ་བ་དང་འཚེ་བར་སྒྲོག་པ་ནི་ཤིན་ཏུ་རྨོངས་པའི་གཏམ་སྟེ།

མོའོ་ཙེ་ཏུང་གིས། སྐྱེས་པ་གཟི་བརྗིད་ལྡན་ཞིང་ཤི་བ་རླབས་ཆེ་ཞེས་བརྗོད་པའི་བྱུང་རབས་དང་བསྡུར་ན།  ཅི་ཡང་གཏོང་ཕོད་པའི་སྙིང་སྟོབས་ཀྱིས་མཐོ་རུ་བཏེགས་པའི་རང་ལུས་ཀྱི་མེ་ལྕེ་དེས་གཞན་གྱི་ཚེ་སྲོག་ལ་གཅེས་སྤྲས་ཀྱི་ཚད་མཐར་ཐུག་ཏུ་བསྐྱངས་པའི་དཔའ་བོ་དེ་ཚོའི་མཛད་པ་ནི་རི་རབ་ལས་དཔངས་ཆེ་ལ་རྒྱ་མཚོ་ལས་གཏིང་ཟབ་པ་མ་ཡིན་ནམ།

དུས་རྒྱུན་དུ་རྒྱ་གཞུང་གིས་འདི་ལྟར་ཁུངས་ལུང་མེད་པའི་བསྒྲགས་གཏམ་ཆད་མེད་སྤེལ་གྱི་ཡོད་ལ།  ཉིས་སྟོང་བརྒྱད་ལོར་ཡང་ཞི་རྒོལ་ཆེན་མོ་བྱུང་རྩ་ཏཱ་ལའི་རུ་ཚོགས་ཡིན་ཞེས་བསྒྲགས་སྟབས། ༸གོང་ས་མཆོག་གིས་འདིའི་སྐོར་ལ་འཛམ་གླིང་མི་མང་ལ་གསལ་བསྒྲགས་སྤེལ་ཏེ་ཞིབ་འཇུག་ཚོགས་ཆུང་གཏོང་དགོས་ཚུལ་གྱི་དགོངས་ཚུལ་བཏོན་སྐབས་རྒྱ་གཞུང་གྲག་མེད་དུ་ལུས་ཡོད་ལ་ད་ལྟའི་ཆར་ཡང་དེའི་ཕྱོགས་ཀྱི་ཁུངས་སྐྱེལ་ཡིག་འབྲུ་ཙམ་སྟོན་དུ་མ་རྙེད། ད་རེས་ཡང་རྒྱ་གཞུང་གིས་༸གོང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཇུས་འགོད་ཡིན་ཚུལ་དང་། རྒྱུ་མཚན་ནི་བསླབ་བྱ་བརྒྱབ་ནས་གནོན་ཐབས་མི་བྱེད་པར་བསྟོད་བསྔགས་བྱེད་པ་དང་འཛམ་གླིང་གང་སར་གནད་དོན་དེ་ཁྱབ་སྤེལ་བྱེད་ཀྱིན་ཡོད་ཚུལ་བཤད་ཀྱི་ཡོད། བོད་ཀྱི་མི་རིགས་རིག་གཞུང་ཁོར་ཡུག་དང་བཅས་པ་རྒྱ་གཞུང་གིས་གཏོར་བཅོམ་བྱས་པ་ལ་ངོ་རྒོལ་མ་བྱེད་ཅེས་བསམ་ཡོད་བོད་མི་ཞིག་གིས་བསླབ་བྱ་གནང་ཐབས་ཡོད་དམ།

༸གོང་ས་མཆོག་གིས་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་དོན་དུ་སྐུ་ལུས་མཆོད་མེར་ཕུལ་ཟིན་པའི་རྒྱལ་གཅེས་དཔའ་བོ་རྣམས་ལ་བསྔོ་སྨོན་ཙམ་གསུངས་ན་ཡང་རྒྱ་གཞུང་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད། དམར་ཤོག་གཞུང་གིས་རྒྱ་རིགས་མི་མང་གི་ལ་རྒྱ་བེད་སྤྱད་དེ་མགོ་སྐོར་བསླུ་བྲིད་ཀྱི་ཇུས་སྣ་མང་བཤམས་ཏེ། འཛམ་གླིང་ཐོག་འདི་ལྟར་བསམ་བརྗོད་ལས་འདས་པའི་སྐྱག་རྫུན་བཤད་པ་དང་སྲིད་དབང་སྒེར་སྤྱོད་པའི་རྒྱལ་ཁབ་ཁག་ལ་ལྐོག་ནས་མཚོན་ཆ་མཁོ་སྤྲོད་བྱས་ཏེ་མི་སེར་ལ་གཉའ་གནོན་བྱེད་རྒྱུར་རམ་འདེགས་བྱས་པ་ནི་རྒྱ་མི་རིགས་ཀྱི་འོད་སྟོང་ལྡན་པའི་ལོ་རྒྱུས་ཀྱི་ཕམ་ཁ་དང་ངོ་ཚ་ཡིན་ལ། དེ་ལས་ཅུང་རྒྱང་རིང་ཙམ་བལྟས་ན་ཨེ་ཤ་ཡའི་སྐྱེ་འགྲོ་དུང་ཕྱུར་མང་པོའི་ཕམ་ཁར་འགྱུར་ངེས་རེད། བོད་ཀྲུང་གོའི་ཡིན་ཚུལ་གྱི་བརྗོད་ཚིག་སྟེ།  ཀྲུང་གོའི་བོད་ལྗོངས་དང་། ཀྲུང་ཀོའི་མཚོ་སྔོན་ལྟ་བུའི་ཚིག་འདི་དག་དམར་ཤོག་མགོ་ཁྲིད་ཚོའི་རྨི་ལམ་ན་ཡང་ཟློ་བཞིན་ཡོད་ཚོད་ཡིན་ལ། ཚིག་འདི་དག་གི་གཟས་ས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ཡང་མིན་པར། ཡིན་ངོ་མ་བོད་ཀྱི་ས་དང་ཆུ། གསེར་དང་དངུལ་སོགས་ཐོན་ཁུངས་རྣམས་ཡིན་སྟབས། གལ་ཏེ་བོད་ཀྱི་ད་ལྟའི་གནས་སྟངས་འདི་མུ་མཐུད་དབང་དུ་བཏང་ན། བོད་དང་བོད་ཀྱི་རིག་གཞུང་གོམས་སྲོལ་སོགས་སྨོས་ཅི་དགོས། ནམ་ཞིག་མདོ་དབུས་མཐོ་སྒང་སྲིད་དབང་སྒེར་གཅོད་ཀྱི་དམར་ཤོག་ཚོགས་ཁག་དང་ཆོག་ཤེས་བྲལ་བ་ཁེ་ལས་པ་སྐོར་ཞིག་གི་ལག་འོག་ནས་རྡོ་སེག་དང་བྱེ་མའི་མྱ་ངམ་ཐང་ཞིག་ཆགས་རྒྱུ་གཏན་ཁེལ་སྟབས་འགྲོ་བ་མིའི་རིགས་ཀྱི་ཕམ་ཁ་ཞིག་ཀྱང་ཡིན་ནོ། །

༢༠༡༡ ལོའི་ཟླ་ ༡༠ ཚེས་ ༢༡ ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 20

  1. དྲག་རླུངས། says:
    ལོ་ 14 སྔོན།

    རྭ་རྒྱ་བློ་བཟང་དཔལ་ལྡན་ལགས་ཀྱིས་རྩོམ་ཡིག་འདི་བྲིས་པ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལགས།
    གང་ཡིན་ཞེ་ན་ང་ཚོ་ལས་དབང་གཅིག་པ་དང་དམིགས་ཡུལ་གཅིག་པའི་ཡུལ་གྱལ་བ་ཞིག་ཡིན་པས་རེད།
    གཤམ་དུ་མཆན་བུ་འདེབས་མཁན་རྣམས་བསམ་ཚུལ་ལྷུག་པོར་གནང་ཡོད་པ་ཡང་ཐུགས་ཆེ་ཞུ་བ་ཡིན།
    མཆན་བུ་བ་དག་གིས་དུས་རྒྱུན་དུ་ཕྱོགས་རེས་དང་འཐེན་ཁྱེར་གྱི་ངོ་བོར་མི་འགྲོ་བར་བློ་གཟུ་བོར་གནས་པའི་ཐོག་ནས་བསམ་ཚུལ་འདོན་རྒྱུ་གལ་ཆེན་པོར་མཐོང་སོང་།།

    Reply
  2. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    རྩོམ་པ་པོ་ལགས
    རྩོམ་ཡིག་འདི་རིགས་གང་མང་འགོད་རོགས་ཐུགས་རྗེ་ཆེ།

    Reply
  3. རང་དབང་རྒྱལ། says:
    ལོ་ 14 སྔོན།

    རྒྱ་གཞུང་ཆབ་སྲིད་དང་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ཁ་ཕྱོགས་འདྲ་གི་ཡོད་དམ། མེད་ན། དེའི་ཁྱད་པར་གང་ཞིག་གི་ཐོག་ནས་འབྱེད་དགོས་པ་རེད་དམ། འདི་འདྲའི་གནད་འགག་ཤེས་སོང་ན། ད་གཟོད་རྒྱ་གཞུང་དང་དེའི་དབང་འཛིན་པའི་མི་སྣ་ཚོའི་སྲིད་བྱུས་ལ་རྒྱུས་མངའ་དང་ཁ་གཏད་གཅག་ཚུལ་ཤེས་པར་ཕན་ཤུགས་རང་བཞིན་གྱིས་འབྱུང་གི་མ་རེད་གཏོགས་ཁྱོད་ངན་ང་བཟང་གི་རྩོད་པ་ལ་གྲུབ་འབྲས་ཆེ་ཞིག་འབྱུང་གི་མ་རེད།

    Reply
  4. གངས་ཕྲུག says:
    ལོ་ 14 སྔོན།

    སྐུ་ཞབས་མྱི་ནག་ཚང་གིས་ཕྱིར་འཐེན་བྱེད་དགས་པ་དེ་ཡང་རྒྱུ་མཚན་ཞིག་ཡོད་ཀྱི་རེད།་ཡིན་ཡང་ཕྲན་གྱིས་མཐོང་མ་སོང་།

    Reply
  5. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    བོད་ཀྱི་རྩོམ་པ་པོ་དང་། ཡུན་རིང་རྩོམ་སྒྲིག་གི་བྱ་བ་གཉེར་བའི་རང་རེའི་དུས་བབ་ཀྱི་རྩོམ་སྒྲིག་པ་གྲགས་ཅན། སྐུ་ཞབས་མྱི་ནག་ཚང་གིས་མདང་དགོང་རྩོམ་འདིའི་གཤམ་དུ་མཆན་ཞིག་བཀོད་འདུག་མོད། ད་ལྟ་མཐོང་ཡུལ་ན་མི་འདུག སྤྱིར་བཏང་རྩོམ་ཡིག་གང་ཞིག་བཀླགས་པའི་མྱོང་ཚོར་དྲང་ཐད་དུ་བརྗོད་ན་གང་ཅིའི་ཐད་ནས་དགེ་མཚན་ཆེ་ལ། ལྷག་པར་དུ་རྩོམ་སྒྲིག་པ་ཁོང་ལྟ་བུར་མཚོན་ན་བསམ་བློ་དང་ཤེས་ཡོན་གང་ཐད་ནས་ཚད་ལོངས་པར་བཞག་ཆོག་སྟབས། མཆན་དེ་ལས་འཕྲོས་པའི་ལམ་བསམ་བློའི་ཁ་ཕྱོགས་ཚུགས་ཐུབ་པ་རེ་ཡོང་ངེས་ཀྱི་རེ་བ་ཤིན་ཏུ་ཆེ། ངས་འདི་ལྟར་བརྗོད་པ་ནི། རྒན་དཔལ་ལྡན་གྱི་རྩོམ་ལ་དེ་ལྟའི་མཆན་བཏབ་པར་མ་དགའ་བ་རྩ་ནས་མིན་པར་དེ་ལས་ལྡོག་སྟེ་རང་ཅག་གི་དཔྱད་བརྗོད་རྩོམ་ཡིག་སྤྱི་དང་། ཁྱད་པར་དུ་བོད་རང་དབང་འཐབ་རྩོད་ཀྱི་བྱ་བའི་བརྒྱུད་རིམ་ནང་རྩོམ་ཡིག་གི་ནུས་པ་མུ་མཐུད་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པ་ནི་རྩོམ་མཁན་དུ་གྲགས་པ་དག་གི་ཆེད་དམིགས་འགན་འཁྲི་ཡིན་སྟབས། ད་སྔའི་རྩོམ་ཡིག་དག་གིས་མ་འདང་མ་འཐུས་པའི་ཆ་དང་། སྐྱོན་ནོར་གྱི་ཆ། ལམ་ལོག་གི་ཆ་སོགས་གང་ཐུབ་གླེང་དགོས་པ་གནད་དུ་ཆེ་བས་སྐུ་ཞབས་མྱི་ནག་ཚང་གིས་ཕྱིར་འཐེན་ཟིན་པའི་མཆན་བུ་དེ་ལས་འཕྲོས་པའི་དགོངས་འཆར་རྗེས་མ་ཡོང་བར་རེ་སྐུལ་ཞུ་རྒྱུ་ཡིན།

    Reply
  6. འཇམ་མགོན། says:
    ལོ་ 14 སྔོན།

    ད་ལྟ་ཡང་ང་ཚོས་སེལ་ཐུབ་མེད་པ་ནི་ཡང་བསྐྱར་རྒྱ་ནག་གིས་ང་ཚོའི་སར་མེ་སྟག་ཆུང་ངུ་ཞིག་གཡུག་པ་དེ་རེད། དེ་ནི་མེ་བསྲེག་གི་དོན་རྐྱེན་དེ་༸གོང་ས་མཆོག་གིས་ངན་སྐུལ་རེད་དང་ནང་པའི་ལྟ་གྲུབ་ལ་ཡང་འགལ་འདུག་ཞེས་པའི་ཚིག་ངན་དེ་གཡུག་རྗེས། ང་ཚོས་ཚིག་དེ་གྲོལ་མ་ཐུབ་པར་ནང་ཁུལ་དབྱེན་སྦྱོར་ལྟ་བུ་ཞིག་ཀྱང་ཆགས་བཞིན་འདུག་ལ། དྲང་མོར་ཞུས་ན་ང་ཚོ་ལ་ཁ་ཕྱོགས་དང་ལངས་ཕྱོགས་བརྟན་པོ་ཞིག་མེད་པའི་རྐྱེན་ཡང་རེད་འདོད།
    རྒྱ་ནག་གིས་དོན་མེད་ཚིག་སྐམ་དེ་འདྲ་ཞིག་རྒྱལ་སྤྱིའི་སྟེང་གཡུག་རྗེས་བག་གཡེང་དང་ལྷོད་ཉལ་བྱས་ནས་བོད་མི་རྣམས་ལ་སྡུག་རྩུབ་ལག་བསྟར་བྱེད་པ་ལས། ང་ཚོའི་བསྒྲགས་གཏམ་ལ་ཉན་འཇོག་མི་བྱེད་པ་དང་ཚིག་དེ་ཙམ་ཞིག་གཡུག་པས་ང་ཚོ་འཐུས་པ་ཡང་ཁོ་ཚོ་རྟོགས་ཡོད་པ་རེད། དེ་ནི་རྒྱ་གཞུང་གིས་ང་ཚོ་ལ་ཞིབ་འཇུག་བྱས་པའི་ཉམས་མྱོང་རེད་ལ་ཚོད་བགམ་བྱས་པའི་འབྲས་བུ་ཡང་རེད། དེའི་སྟབས་ཀྱིས་རྗེས་ཕྱོགས་ནས་ང་ཚོས་ཀྱང་ཐད་ཀར་དོན་རྐྱེན་ཁོ་ན་ལ་བསམ་བློ་མི་གཏོང་བར་དེའི་སྔ་གཞུག་གཉིས་ལ་བསམ་ཞིབ་གནང་ནས་རྒྱལ་སྤྱིའི་སྟེང་གོམ་པ་སྤོ་དགོས་པ་གལ་གནད་མཐོང་།

    Reply
  7. ཁྱུང་དཀར says:
    ལོ་ 14 སྔོན།

    མི་ནག་ལགས། དྲ་ཐོག་ཏུ་ཡོང་ནས་སྐད་ཆ་བཤད་མི་ཆོག་པ་དེ་འདྲ་རྩ་བ་ནས་མ་རེད། མ་ཟད། དྲ་བའི་རིག་གནས་དང་གང་ཅིའི་ཐད་ནས་ང་ཚོ་ལས་ཁྱེད་མཁས་ཀི་རེད། རྩོམ་བྱང་རིང་དྲག་འདུག་ཟེར་ན་ག་རེ་ལབ་ཀི་ཡོད་མེད་མགོ་ཚོས་མ་སོང་། དེས་ག་པར་གནོད་ཀི་རེད། ལན་ཞིག་བསྐྱོན་རོགས། དེ་མིན་ཁྱེད་ཀྱི་གསུང་འདི་ར་བཟི་བའི་སྐད་ཆར་བརྩི་ཀི་ཡིན། དགོངས་དག

    Reply
  8. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    མཆན་བུ་འདེབས་མཁན་མང་ཤོས་ཀྱིས་གདེང་འཇོག་གནང་སྟངས་དང་། རྩོམ་པ་པོས་ཡང་དང་བསྐྱར་དུ་འབོད་སྐུལ་ལ་གཞིགས་ན། རྩོམ་ཡིག་འདིའི་ཁ་བྱང་ད་དུང་ཐུང་དྲགས་ཡོད་པ་འདྲ་ཞིག་འདུག ཕལ་ཆེར་རྩོམ་བྱང་གི་མཇུག་ཏུ་༼ ཆེན་པོ་ཞེས་བྱ་བ་བཞུགས་སོ།།༽ ཞེས་པ་ཆད་ཡོད་ས་རེད།

    སྐུ་རྩེད་ཞུས་པ་ཡིན། ཁ་སྔོན་གྱི་བསྒྲགས་གཏམ་དང་ཐ་ཚིག་དེ་ཚོ་ལས་རྩོམ་འདི་ཡག་པ་འདུག

    Reply
  9. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ག་རེ། དེང་སྐབས་ད་ང་ནི་དྲ་ཐོག་ལ་ཡོང་ནས་སྐད་ཆ་བཤད་མི་ཆོག་པ་འདྲ་བོ་འདུག རྩོམ་གྱི་ཁ་བྱང་ཅུང་རིང་དྲག་འདུག་ལབ་ན་ག་རེར་གནོད་ཀྱི་འདུག བསྟོད་པ་རྐྱང་རྐྱང་གིས་མི་ཚེ་སྐྱེལ་དགོས་པ་ཨེ་རེད།

    Reply
  10. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    རྒན་བློ་བཟང་དཔལ་ལྡན་ལགས།
    ངོ་མ་བདེན་དོན་མངོན་གསལ་གྱི་དཔྱད་རྩོམ་གནད་ལ་སོང་ཡོད་པ་ཞིག་སྤེལ་འདུག་པས་དགའ་བསུ་ཡོད།
    བོད་མི་ཞིག་གི་བོད་ཀྱི་ཆོས་དང་རིག་གཞུང་གཅེས་སྐྱོང་བྱེད་དགོས་པ་ལས་གཏོང་ཤིག་གཏོང་མཁན་ཚོ་ལ་གཟིགས་ཏེ་བོད་ཀྱི་རྩ་དོན་ལ་ཐོག་ལ་ལས་འགན་མ་སྤེལ་ཅེས་སེམས་པ་དང་ལྡན་པ་སུ་ཞིག་གི་སྨྲ་ཤེས་སམ། མཚམས་མཚམས་སུ་གུང་ཁྲན་ཏང་སྙིང་ཡང་རྗེ་ཀི་འདུག

    Reply
  11. གངས་ཕྲུག says:
    ལོ་ 14 སྔོན།

    མྱི་ནག་ཚང་ལགས
    རྩོམ་གྱི་ཁ་བྱང་རིང་དྲག་འདུག་ཟེར་བ་འདི་རྒྱུ་མཚན་ཅི་ཡིན།
    རྩོམ་པ་པོ་ཞིག་གིས་གཞུང་ལ་དགག་པ་མ་རྒྱབས་པའི་རྩོམ་ཡིག་རྣམས་ཁྱོད་ལ་མཚོན་ན་རིང་དྲག་པ་དང་རྒྱུ་མཚན་གོ་རྒྱུ་མེད་པ་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་དམ།
    ཕལ་ཆེར་ཁྱོད་ཚོ་ཁ་ཤས་ཀྱིས་རྩོམ་པ་པོ་ཟེར་དུས་གཞུང་ལ་དགག་པ་རྒྱས་དགོས་པ་ཞིག་ལ་ངེས་འཛིན་བྱེད་བཞིན་འདུག་པའི་ནོར་བ་རེད་དོ

    Reply
  12. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དངོས་གནས་ཡག་པོ་འདུག རང་རེའི་སྨྱུག་འཛིན་པ་ཚོའི་སྨྱུག་ཁ་འདི་ལྟར་རྒྱ་ཕྱོགས་སུ་གཏོད་རྒྱུ་བྱུང་ན་འཐབ་རྩོད་ཀྱི་ལོ་རྒྱུས་གསར་བ་ཞིག་དབུ་བརྙེས་ཀྱི་ཡོད་པའི་རྟགས་རེད། རྩོམ་པ་པོར་ཐུགས་རྗེ་ཆེ་ཟེར་འདོད་བྱུང་།

    Reply
  13. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྩོམ་གྱི་ཁ་བྱང་ཅུང་རིང་དྲག་པ་འདྲ་བོ་འདུག

    Reply
  14. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    དྲ་གྲོགས་གསར་འགོད་པ་ལགས་ཐུགས་རྗེ་ཆེ་སུན་པོ་བཟོས་སོང་དགོངས་དག་ཞུ། སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་དང་ཁྱུང་དཀར་བཅས་ཀྱིས་རིག་པ་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱ་བསྒྱུར་དབྱིན་བསྒྱུར་ནི་སྐད་གཉིས་སྨྲ་མཁན་ཚོས་བྱེད་རྒྱུ་ཞིག་ཡིན་པས་ཁོང་ཚོར་དེ་བཞིན་དུ་བྱེད་རོགས་ཞུ་ཞེས་འབོད་བསྐུལ་བྱེད་ལས་གཞན་བྱེད་ཐབས་བྲལ། ང་ཚོས་ཅི་ཡོང་བྱེད་དགོས་པ་ལས་རང་འགར་སྡོད་ཐབས་གཏན་ནས་མེད་དྲ་གྲོགས་ཚོ་གང་ཡོང་ཅི་ཡོང་བྱེད་རོགས།

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་གནད་དོན་འདི་རིགས་ཐད་ལ་ལོག་བཤད་དང་ལོག་འགྲེལ། སྒྲོ་འདོགས་དང་སྐུར་འདེབས་ཅི་རིགས་ཀྱིས་རང་མཚང་སྦེད་ཐབས་ལ་འབད་ཀྱིན་ན་ཡང་རང་མཚང་དེ་རང་གཞན་གཉིས་ཀྱིས་བརྟོལ་ཡོང་གིན་ཡོད། འོན་ཀྱང་ང་ཚོའི་གཞུང་སྒེར་གཉིས་ནས་ཁོ་ཚོའི་འཁྱོག་བརྗོད་ལ་བདེན་པའི་ལན་འདེབས་གནང་དགོས་ངེས་རེད།
    མ་གཞི་ནས་ཁོ་ཚོར་བདེན་དོན་ཟེར་བ་དང་ཁ་གྱེས་ཚར་བས་བདེན་པའི་དོན་ལ་རྫུན་གྱིས་རྒོལ་བ་ལས་ཐབས་གཞན་མེད་སོང་བ་རེད། འདི་ནི་འུ་ཐུག་སྟངས་སྡུག་ཤོས་དེ་ཡིན། ཁོ་ཚོས་འདི་ལྟར་རྫུན་བཤད་་ང་ཧ་ཅང་དགའ་གི ངས་ཁོ་ཚོ་གཅིག་ནས་འུ་ཐུག་གི་ཡོད་པ་དང་་གིས་ནས་རུལ་འགྲོ་གི་ཡོད་པ། གསུམ་ནས་ཕམ་འགྲོ་གི་ཡོད་པའི་དཔང་རྟགས་རེད།
    རྒྱ་གཞུང་ལགས། ད་དུང་རྫུན་ཤོད། མུ་མཐུད་དུ་རྫུན་ཤོད་དང་ཁྱོད་ཚོས་ཅི་ཙམ་གྱིས་རྫུན་བཤད་ན་ང་ཚོའི་བདེན་དོན་དེ་ཙམ་གྱིས་གསལ་དུ་འགྲོ ད་དུང་རྫུན་བཤད་རོགས། ཤུགས་ཆེན་པོས་་་འཛམ་གླིང་ཡོངས་ལ་་རྫུན་བཤད་རོགས། རྫུན་མ་བཤད་ཅེས་ལབ་ན་ཕན་ཐོགས་མེད་སོང་བས་། ད་ནི་ངས་རྫུན་བཤད་རོགས་ཞེས་འབོད་སྐུལ་བྱེད་དགོས་བྱུང་སོང།

    Reply
  16. ཁྱུང་དཀར says:
    ལོ་ 14 སྔོན།

    སྐུ་ཞབས་བློ་བཟང་དཔལ་ལྡན་གྱིས་ཁ་ཚ་དགོས་གཏུག་ངང་དཔྱད་བརྗོད་ལན་འདེབས་གསལ་བོ་ཞིག་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ་ཀི་ཡིན། ཡིན་ནའང་། རྩོམ་ཡིག་འདིའི་རིགས་བོད་ཡིག་དྲ་ཐོག་གཅིག་པོར་འགོད་ཐུབ་པ་ཙམ་ལས་ཕན་ནུས་ཀྱི་དགེ་མཚན་ཆེ་མི་སྐྱེས་པས་གུས་པའི་བསམ་ཚུལ་ལྟར་ན་དབྱིན་བསྒྱུར་དང་རྒྱའི་སྐད་ཡིག་ཏུ་བསྒྱུར་ནས་གདོང་དེབ་དང་དྲ་བར་འཇུག་ཐུབ་པ་ཡིན་ན་ཡག་པོ་མེད་འགྲོ་བསམས་སོང་།

    Reply
  17. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། ངས་རྩོམ་ཡིག་གི་མགོ་བརྗོད་རང་འཇག་བཀོད་རོགས་གནང་གང་ཡིན་ཟེར་ན་གོ་དོན་རྦད་དེ་ཁ་ཁ་ཆག་འདུག ཐུགས་རྗེ་གཟིགས་གོ་དོན་གཅིག་ཡིན་ཚེ་སྐྱོན་ཆེར་མེད་ཀྱང་གོ་བ་གཞན་དུ་སོང་འདུག ཐེངས་གཉིས་པའི་རེ་སྐུལ་ཡིན།

    Reply
  18. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    རྨ་དུག་ལྕེ་བསྔགས་བརྗོད་པ་བཟང་བྱུང་རང་རེའི་རྩོམ་པ་པོར་གྲགས་པའི་ང་རྒྱལ་ཅན་ཚོས་སྨྱུག་ཁ་ན་རང་རེའི་འགོ་ཁྲིད་ཚོས་མ་འཇོན་ཚུལ་དང་མ་འཐུས་ཚུལ་གྱིས་གནས་ཚུལ་མ་གཏོགས་དཔའ་བོ་འདི་དག་གི་བདེ་སྡུག་བོར་སོང་བ་ལྟ་བུའི་སྣང་ཚུལ་འབྱུང་བཞིན་པ་ནི་བསམ་ཞིང་བསམས་ན་ཅི་འདྲའི་བློ་ཕམ་དགོས་པ་ཞིག་རེད་ཨང་། དེ་མིན་དེ་མིན་ཧང་ཅང་མང་ཡང་གཞན་བརྗོད་ཐབས་བྲལ།

    Reply
  19. རྨ་དུག་ལྕེ། says:
    ལོ་ 14 སྔོན།

    སྐུ་ཞབས་བློ་བཟང་དཔལ་ལྡན་ལགས་ཀྱིས་བརྗོད་བྱའི་གནད་ཟབ་ཅིང་རྗོད་བྱེད་ཀྱི་ཚིག་ཉུང་བའི་བརྩམ་ཆོས་གསེར་སྦྱངས་བཙོ་མ་ལྟ་བུ་ཞིག་དུས་ཐོག་ཏུ་སྤེལ་བར་སྙིང་ནས་དགའ་གུས་ཡི་རངས་ཞུ། ཐེངས་གཉིས་ལ་བཀླགས་པ་ཡིན། སྙུ་གུ་འཆང་མཁན་ཚོས་དོན་མེད་རྙོག་གཏམ་གྱིས་ཀློང་ནས་མུན་ནག་མདའ་འཕེན་དང་ནང་འཛིངས་བྱེད་པ་ལས་འདི་ལྟ་བུའི་བརྩམ་ཆོས་རེ་འབྲི་ཐུབ་ནས་ཕན་རླབས་ཆེན་པོ་འདུག

    Reply
  20. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། ཁ་བྱང་ནོར་འདུག་ཁ་བྱང་ངོ་མ་དེ་འགོད་རོགས།
    ༼རྒྱལ་སྲིད་མགོ་རྟིང་ལོག་པའི་བྱ་བར་བསྙད་པའི་རྫུན་གཏམ་གྱིས་
    སྒེར་དབང་སྲ་བརྟན་དུ་གཏོང་འདོད་པ།༽
    ཞེས་བྲིས་ཡོད། རྣམ་པ་ཚོས་རྫུན་ཞེས་པ་རྗུན་ཞེས་ནོར་འདུག་དགོངས་དག་ངོ་མ་འགོད་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese