དེ་རིང་ཉིན་གུང་ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། “བོད་ལ་རང་དབང་དགོས། གོང་ས་མཆོག་བོད་ལ་གདན་ཞུ་དགོས” ཞེས་སྐད་འབོད་བྱས་འདུག
དེ་རིང་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༡༢ དང་ཕྱེད་ཀ་ཙམ་ལ་ཁམས་རྟའུ་རྫོང་ཐོག་གི་པཱེན་ཧོ་གཞུང་ལམ་སྟེང་། བྲག་དཀར་ཆོས་གླིང་བཙུན་དགོན་གྱི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་ “བོད་ལ་རང་དབང་དགོས། ༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག ༧ གོང་ས་མཆོག་བོད་ལ་གདན་ཞུ་དགོས” ཞེས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེག་བཏང་སྟེ། རྒྱ་གཞུང་གི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་འདུག ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན་བཙུན་མ་ཁོང་གིས་རང་ལུས་མེར་བསྲེགས་སྐབས་མེ་ཤུགས་ཆེན་པོ་འབར་བཞིན་ཡོད་པར་བརྟེན། བཙུན་མ་ཁོང་སྐུ་གྲོངས་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་རེད།
བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ནི་རྟའུ་དགེ་ལྡན་ཆོས་གླིང་གྱི་བཙུན་མ་ཡིན་ཞིང་། ད་ལྟ་རང་ལོ་ ༣༥ ཡིན་པ་དང་། ཁོང་གི་ཡབ་ཀྱི་མཚན་ལ་ཅོ་ནེ་དང་ཡུམ་གྱི་མཚན་ལ་ཀོས་ལན་ཞུ་ཡི་འདུག
ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རྟའུ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་ཀྱང་རྟའུ་རྫོང་གི་པཱེན་ཧོ་གཞུང་ལམ་སྟེང་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
རྒྱལ་སྲས་ཁྱེད་ཀྱི་སྙིང་སྟོབས་ཀྱིས།
ཐུ་བྷོད་རང་དབང་གཙང་མའི་ཕྱིར།
ཁྱེད་ཀྱི་ལུས་དང་ལོངས་སྤྱོད་ཀུན།
བཏང་སྟེ་ལུས་ཀྱི་སྣང་གསལ་བསྒྲོན།
ཁྱེད་ལུས་སྒྲོན་མེ་སྤར་བའི་མཐུས།
ཁ་བའི་ལྗོངས་སུ་རང་བཙན་འོད།
མྱུར་དུ་ཤར་ཏེ་རྫོགས་ལྡན་གྱི།
ཞིང་མཆོག་འགྱུར་ཏེ་ཁྱེད་ཀྱང་དེར།
སྐྱེ་སྟེ་བྱང་ཆུབ་མ་ཐོབ་བར།
འཕགས་མཆོག་ཕྱག་ན་པདྨོ་ཡི།
ནམ་ཡང་འབྲལ་མེད་རྗེས་བཟུང་སྟེ་
བྱང་ཆུབ་ལུང་དུ་བསྟན་པར་ཤོག།