བརྩེ་བ་རི་ལ་མེད་པ་ཤེས་པར་གྱིས།།
སེམས་པ་ཐང་དུ་བཏང་མེད་སྙིང་གི་གྲོགས།།
སྐུད་པའི་ཕར་དང་ཚུར་ནས་གླེང་བ་ཡི།།
སྙིང་གི་ཚིག་འབྲི་བསྐལ་བར་འཇིགས་མི་སྲིད།།
ཆུང་ནས་འདྲིས་ཤིང་གཤིབ་པའི་ལོ་རྒྱུས་མེད།།
བར་དུ་འགྲོགས་ཤིང་དུངས་པའི་གོ་སྐབས་མེད།།
གནམ་ཀླད་འཕྲུལ་ཆས་ཁྲོད་དུ་འཕྲད་པ་ནས།།
གཅིག་གི་སྐད་ཆ་གཅིག་གི་སེམས་ལ་འཐད།།
བདུན་ཕྲག་རེ་གཉིས་མ་འཕྲད་སེམས་འཚབ་ཡོང་།།
འདུག་སའི་བར་ཐག་གནམ་དང་ས་ཡིན་ཡང་།།
ཡིད་ཀྱི་སྨོན་པ་གཅིག་དུ་སྤུངས་པ་ཡི།།
གཅིག་གི་གམ་དུ་གཅིག་དེ་ཡོད་སྣང་སྐྱེ།།
ང་ཡི་ལོ་རྒྱུས་འགོ་ནས་གཞུག་བར་ལ།།
ཁ་དང་ཁོག་པ་གཉིས་སུ་མ་ཕྱེ་བར།།
ཁྱེད་ཀྱི་རྣ་བའི་བུ་གར་བླུགས་པ་དེས།།
ང་ནི་ཁྱེད་ཀྱི་ཉེ་བའི་གྲོགས་དུ་གྱུར།།
ཉན་ན་རྣ་ལ་བདེ་བ་ཁྱེད་ཀྱི་སྐད།།
བལྟས་ན་མིག་ལ་ཡག་པ་ཁྱེད་ཀྱི་གདོང་།།
བཤད་ན་ཁ་ལྕེ་དག་མོ་ཡུལ་གྱི་སྐད།།
ཚང་མ་ཁྱེད་ལ་འཛོམས་སྟབས་བདག་སེམས་བཟི།།
ཉིན་མཚན་འགོ་གཞུག་བརྗེ་བའི་བར་གསེང་དང་།།
ལས་ཀའི་གོ་རིམ་མི་འདྲའི་ཁོར་ཡུག་ནས།།
ལན་རེར་འཕྲད་པའི་མདུན་པ་ཕན་ཚུན་ལ།།
ཆེ་བའི་སྐོམ་པ་དེ་ནི་སུ་ལ་བཤད།།
རྒྱང་རིང་མ་མཐོང་ཐོས་པ་ཉི་མའི་གྲོང་།།
ཚན་རིག་གློག་འཕྲུལ་མྱུར་བའི་རྒྱལ་ཁབ་ནས།།
ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པ་དང་།།
ཚེ་རིང་ནད་མེད་ཡོང་བའི་སྨོན་ལམ་འདེབས།།
ཤིིན་ཏུ་ལེགས་སོ་་་་་་་ད་དུང་་་་་་
ཤིིན་ཏུ་ལེགས་སོ་་་་་་་ད་དུང་་་་་་
ཉིད་ཀྱི་རྩོམ་རིགས་འདིར་དཔེ་ཡག་པོ་འདུག