རྒྱ་ནག་གཞུང་གིས་ཨ་རིར་གནས་སྡོད་འཛམ་གླིང་གི་ཆེད་མཁས་པ་རྣམས་རྒྱ་ནག་ཏུ་གཏན་སྡོད་བྱེད་དུ་བཅུག་ནས་ཚད་མཐོའི་ཞིབ་འཇུག་རོགས་དངུལ་དང་མཐུན་རྐྱེན་སྤུས་ལེགས་སྦྱོར་སྤྲོད་བྱེད་ཀྱིན་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནས་རྒྱ་ནག་གཞུང་གིས་ཨ་རིར་གནས་སྡོད་ཚན་རིག་པ་དང་ཤེས་ཡོན་པ་རྣམས་ལ་ཀེ་ཐོངས་མཆན་ (K Visa) ཞེས་པ་ཞིག་སྤྲད་ནས། ཤེས་ཡོན་པ་དེ་དག་ཆེད་དུ་རྒྱ་ནག་ཏུ་མགྲོན་འབོད་བྱེད་ཀྱིན་ཡོད། ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་དབང་རྩའི་ཚན་རིག་པ་གྲགས་ཅན་ཚའོ་ཡིང་ (Cao Ying) མི་འགྱངས་བར་ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་བྷིར་ཀི་ལེ་གཙུག་ལག་སློབ་གཉེར་ཁང་ (UC Berkeley) ནས་དགོངས་པ་ཞུས་ཏེ། རྒྱ་ནག་ཧང་ཀྲུའོ་རུ་ ༢༠༢༨ ལོར་གསར་དུ་མགོ་འཛུགས་འཆར་ཡོད་པའི་ཚན་ཐང་གཙུག་ལག་སློབ་གཉེར་ཁང་དུ་ལས་ཞུགས་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
ད་ལྟ་ཨ་རིའི་མི་སེར་ཡིན་པའི་དབང་རྩའི་ཚན་རིག་པ་གྲགས་ཅན་ཚའོ་ཡིང་ནི་རྒྱ་ནག་ལྷོ་རྒྱུད་ཅང་སུ་ཡི་ཁྲང་ཀྲའོ་གྲོང་ཁྱེར་ (Changzhou) དུ་སྐྱེས་ཤིང་། རང་ལོ་བཞིའི་ཐོག་ཨ་རིར་ཡོང་ནས་མའེ་རི་ལེན་ཌི་(Maryland) མངའ་སྡེར་འཚར་ལོངས་བྱུང་བ་དང་། ཕྱི་ལོ་ ༡༩༩༦ ལོར་ཁེ་ལི་ཧྥོ་ནི་ཡ་འཕྲུལ་རིགས་གཙུག་ལག་སློབ་གཉེར་ཁང་ནས་སྐྱེ་དངོས་རིག་པ་དང་ཨང་རྩིས་ཀྱི་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་གནས་བླངས། ཕྱི་ལོ་ ༢༠༠༢ ལོར་ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས་དབང་རྩའི་ཚན་རིག་ཐོག་འབུམ་རམས་པའི་བསླབ་གནས་བླངས་པ་སོགས། འདས་པའི་ལོ་ ༡༢ ལྷག་གི་རིང་ཁེ་ལི་ཧྥོ་ནི་ཡའི་འཕྲུལ་རིགས་གཙུག་ལག་སློབ་གཉེར་ཁང་ (California Institute of Technology) དུ་ལས་དོན་གཉེར་ཡོད་ལ། ལས་ཞོར་དུ་རྒྱལ་ཡོངས་རིམ་པའི་གཟེངས་རྟགས་མང་དག་ཅིག་ཐོབ་ཡོད་པའི་མུར། ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་རྒྱལ་ཡོངས་ཚན་རིག་མཁས་པའི་ཚོགས་མིར་བདམས། ཕྱི་ལོ་ ༢༠༢༡ ལོར་ཁེ་ལི་ཧྥོ་ནི་ཡའི་བྷིར་ཀི་ལེ་གཙུག་ལག་སློབ་གཉེར་ཁང་དུ་ལས་དོན་གཉེར་མགོ་བཙུགས་ཏེ། འདས་པའི་ལོ་དྲུག་ཙམ་གྱི་རིང་ལས་དོན་གཉེར།
དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣ ཉིན་ཨ་རིའི་ཚན་རིག་པ་གྲགས་ཅན་དང་ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་རྫས་སྦྱོར་རིག་པའི་གཟེངས་རྟགས་བཞེས་མཁན་སློབ་དཔོན་ཨོ་མཱར་ཡཱ་གྷི་ལགས་རྒྱ་ནག་གི་ཆིང་ཧྭ་མཐོ་རིམ་སློབ་གཉེར་ཁང་དུ་ལས་དོན་གཉེར་མགོ་བཙུགས་ཡོད་ཅིང་། ཁོང་ནི་ཕྱི་ལོ་ ༡༩༦༥ ལོར་ཇོར་ཌིན་གྱི་པ་ལི་སི་ཐན་གྱི་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ལོ་ ༡༥ ཐོག་ཨ་ཕའི་རེ་བ་ལྟར་ཨ་རིར་གནས་སྤོ་བྱས་ཏེ། ཨ་རིའི་ནེའུ་ཡོག་གི་ཧུ་ཌི་སོན་མཐོ་སློབ་ (Hudson Valley Community College) ཏུ་སློབ་སྦྱོང་བྱེད་མགོ་བཙུགས། དེ་ནས་ནེའུ་ཡོག་ཨལ་བྷ་ནི་གཙུག་ལག་སློབ་གླིང་(State University of New York at Albany) དུ་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༠ ལོར་ཨི་ལོ་ནོ་སི་གཙུག་ལག་སློབ་གླིང་ (University of Illinois at Urbana–Champaign) འབུམ་རམས་པའི་བསླབ་པ་མཐར་སོན་བྱུང་། ཕྱི་ལོ་ ༡༩༩༢ ནས ༡༩༩༨ བར་ཨེ་རི་རྫོ་ན་མངའ་སྡེའི་གཙུག་ལག་སློབ་གླིང་ (Arizona State University) དུ་སློབ་དཔོན་ལས་འཕར་གྱི་འགན་ཁུར། ཕྱི་ལོ་ ༡༩༩༩ ནས་ ༢༠༠༦ བར་མི་ཤི་གྷན་གཙུག་ལག་སློབ་གླིང་(University of Michigan) དུ་རྫས་སྦྱོར་རིག་པའི་གཙུག་ལག་སློབ་དཔོན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༢ ནས་ ༢༠༢༦ བར་ཨ་རིའི་བྷིར་ཀི་ལེ་ཁེ་ལི་ཧྥོ་ནི་ཡ་གཙུག་ལག་སློབ་གླིང་དུ་རྫས་སྦྱོར་རིག་པའི་སློབ་དཔོན་ཆེན་མོའི་འགན་ཁུར། ཁོང་ལ་ཨལ་བྷར་ཌི་ཨིན་སི་ཊིན་ཚན་རིག་གཟེངས་རྟགས་ (Albert Einstein World Award of Science) དང་། ཉི་ཧོང་རྒྱལ་སྤྱིའི་རྫས་སྦྱོར་མཉམ་འབྲེལ་ཚོགས་པའི་གཟེངས་རྟགས། (Japan Society of Coordination Chemistry International Award) རྒྱ་ནག་ནཱ་ནོ་གཟེངས་རྟགས། (China Nano Award) སོགས་གཟེངས་རྟགས་མི་འདྲ་བ་ ༤༠ ལྷག་ཐོབ་འདུག
འདས་པའི་ལོ་ཤས་གོང་ནས་ཨ་རིའི་སྲིད་གཞུང་གིས་བདེ་སྲུང་གི་ལས་དོན་དང་འབྲེལ་ནས། ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་དང་ཚན་རྩལ་ཁང་སོགས་སུ་ལས་དོན་གཉེར་མུས་ཡིན་པའི་རྒྱ་རིགས་གཙོས་མི་རིགས་གཞན་གྱི་ཆེད་མཁས་པ་རྣམས་ལ་ཞིབ་བཤེར་དང་། མཐོ་སློབ་ཁག་ཏུ་རོགས་དངུལ་དང་སློབ་ཡོན་བཅད་པ་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ཕྲད་པའི་ཁར། ལྷག་པར་རྒྱ་རིགས་ཆེད་མཁས་པ་རྣམས་ལ་ཚོར་སྣང་སྐྱེན་པོས་ཞིབ་བཤེར་སོགས་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཨ་རིར་གནས་སྡོད་བཅོས་མའི་རིག་ནུས་དང་། གློག་ཀླད་ཚན་རིག འཕྲུལ་མི། སྐྱེས་ལྡན་འཕྲུལ་རིགས། བཟོ་བསྐྲུན་རིག་པ། ཚན་རིག་ཉམས་ཞིབ་སོགས་ཀྱི་ཐད་ཀྱི་ཆེད་མཁས་པ་རྣམས་ལ་ཆེད་དུ་ཀེ་ཐོངས་མཆན་སྤྲད་ནས་མགྲོན་འབོད་བྱེད་མགོ་བཙུགས་ཏེ། ད་ལྟ་ཨ་རིའི་ཆེད་མཁས་པ་མང་དག་ཅིག་རྒྱ་ནག་ཏུ་བསྐྱོད་དང་སྐྱོད་མུས་ཡིན་པ་རེད།
ཕྱི་ལོ་ ༢༠༢༦ གི་ལོ་མགོ་ནས་ད་བར་ཨ་རིའི་ཆེད་མཁས་པ་གྲགས་ཅན་བཅུ་ལྷག་རྒྱ་ནག་ཏུ་གཏན་སྡོད་བྱས་མགོ་བཙུགས་ནས། ཆིང་ཧྭ་གཙུག་ལག་སློབ་གཉེར་ཁང་དང་། པེ་ཅིན་གཙུག་ལག་སློབ་གཉེར་ཁང་ (Peking University) ། ཧྲིན་ཀྲིན་སྨན་དང་ཚན་རིག་ཞིབ་འཇུག་ཁང་ (Shenzhen Academy of Medical Sciences) ། ཝེ་སི་ལེག་གཙུག་ལག་སློབ་གཉེར་ཁང་(Westlake University) སོགས་ལས་དོན་གཉེར་མགོ་བཙུགས་འདུག་ལ། དེ་བཞིན་སི་ཨེན་ཨེན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༤ ལོ་མགོ་ནས་བཟུང་ཉུང་མཐར་ཨ་རིར་གནས་སྡོད་ཚན་རིག་པ་ ༨༥ ལྷག་རྒྱ་ནག་ཏུ་ལས་དོན་གཉེར་བར་ཕྱིན་ཡོད་ཅིང་། དེའི་ཕྱེད་ལྷག་ཕྱི་ལོ་ ༢༠༢༥ ལོར་ཕྱིན་ཡོད། རྒྱ་ནག་གཞུང་གིས་ཨ་རི་སོགས་ནས་ཡོང་བའི་ཆེད་མཁས་པ་རྣམས་ལ་ཚད་མཐོའི་ཞིབ་འཇུག་རོགས་དངུལ་དང་མཐུན་རྐྱེན་སྤུས་ལེགས་སྦྱོར་སྤྲོད། བཅོས་མའི་རིག་ནུས་དང་། གློག་ཀླད་ཚན་རིག འཕྲུལ་མི་སོགས་ཀྱི་ཐད་ལ་ཞིབ་འཇུག་དང་སློབ་གཉེར་བྱས་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།





