མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙན་ངག་གྱེར་འདོན་པ་ ༢༦ སྐྱེད་སྲིང་བྱུང་པ་དེ་གཟི་བརྗིད་དུ་བརྩི་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

འོད་དཀར་དྲ་ཚིགས་ཀྱི་གོ་སྒྲིག་གནང་བཞིན་པའི་སྙན་ངག་སྒྲོག་སྦྱང་གི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་དེ། ཁ་སང་ཕྱི་དྲོར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཚོགས་ཡོད་པ་དང་། ཝ་ཎ་མཐོ་སློབ་ཀྱི་སློབ་བུ་ཉི་མ་ཚེ་རིང་ལགས་སུ་ཨང་དང་པོ་ཐོབ་སོང་།   

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་བོད་གཞུང་ཟློས་གར་ཚོགས་ཁང་དུ། འོད་དཀར་དྲ་ཚིགས་ཀྱིས་གོ་སྒྲིག་གནང་བཞིན་པའི་བཙན་བྱོལ་བོད་ཀྱི་སྙན་ངག་སྒྲོག་སྦྱང་གི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་དེ་གནང་སོང་ལ། བྱེད་སྒོ་དེའི་སྟེང་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་ལྔ་བརྒྱ་ཙམ་ཕེབས་འདུག

སྔོན་འགྲོ་དང་དངོས་གཞི་བཅས་རིམ་བརྒྱུད་ཀྱིས་ཁ་སང་རྟིང་རྩོད་འགྲན་བསྡུར་སྟེང་། མི་ ༨ ཡོད་པ་ལས་ཝར་ཎ་མཐོ་སློབ་ཀྱི་སློབ་མ་ཉི་མ་ཚེ་རིང་ལ་ཨང་དང་པོ་ཐོབ་སྟེ་ཧིན་སྒོར་ ༦༠༠༠༠ དང་། ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཀླུ་མོ་འཚོ་ལ་ཨང་གཉིས་ཐོབ་སྟེ་སྒོར་ ༤༠༠༠༠ ། དྷ་སའི་འཛུམ་ཆུང་བཀྲ་ཤིས་ལ་ཨང་གསུམ་པ་ཐོབ་སྟེ་སྒོར་ ༢༠༠༠༠ བཅས་ཀྱི་བྱ་དགའི་གསོལ་རས་གནང་སོང་ལ། འགྲན་ཞུགས་པ་གཞན་ལྔ་ལ་ཧིན་སྒོར་ ༢༠༠༠ རེ་ཡི་ཕུལ་བྱུང་བྱ་དགའ་དང་གཟེངས་བསྟོད་ལག་ཁྱེར་བཅས་སྤྲད་སོང་།

 

ཐོག་མར་བོད་ནང་བདེན་དོན་འཐབ་རྩོད་ཆེད་སྐུ་སྲོག་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཏེ་འགྲན་བསྡུར་དངོས་སུ་དབུ་བཙུགས་གནང་རྗེས། ཐེངས་འདིའི་སྙན་ངག་གྱེན་འདོན་འགྲན་བསྡུར་གྱི་སྣེ་འཁྲིད་པ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། “༢༠༠༨ ལོར་བོད་ནང་གི་༼ བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ཟེར་བའི་ཚིག་གཅིག་གིས་ང་ཚོ་བོད་ཕྱི་ནང་གཉིས་ཀར་སྐུལ་ལྕགས་ག་ཚོད་ཅིག་ཐེབས་ཡོད་མེད་ཚང་མས་མཁྱེན་གསལ་རེད། ང་ཚོས་བཙན་བྱོལ་དུ་ལོ་ངོ་ ༥༠ ལྷག་གི་རིང་སྐད་བརྒྱབ་ཡོད་པ་རེད། ཆེ་ས་ནས་ཚོགས་པ་ཁག་དང་ཆུང་ས་ནས་མི་མང་སོ་སོའི་གོ་སྒྲིག་འོག་སྐད་བརྒྱབ་ཡོད། ཡིན་ནའང་། ང་ཚོས་བོད་གཞིས་བྱེས་གཉིས་ལ་ཁྱབ་ཐུབ་པའི་ཚིག་གྲུབ་ཐུང་ཐུང་ཞིག་ཀྱང་བཟོས་མེད་པའི་གནད་གང་ལ་ཐུག་ཡོད་མེད་ཀྱི་དྲི་བ་དེ། ང་ཚོས་རང་ཉིད་ལ་འགོད་དགོས་པ་ཞིག་ཆགས་ཡོད” ཅེས་གསུང་ཏེ། ང་ཚོའི་འཐབ་བརྩོད་ནི་མི་རིགས་ཀྱི་ཐོབ་ཐང་དང་སྐད་ཡིག་གི་ཐོབ་ཐང་ཡིན་སྟབས།  ཐོབ་ཐང་དེ་གླེང་བ་ལ་དང་ཐོག་སོ་སོའི་ངོས་ནས་རང་ཉིད་ཀྱི་སྐད་ཡིག་ཤེས་པའི་ཐོག་གླེང་དགོས་ཤིང་། རང་ཉིད་ཀྱིས་མ་ཤེས་པར་བོད་སྐད་ཡིག་གི་ཐོབ་ཐང་གླེང་རྒྱུ་ནི་ངོ་ཚ་ཡིན་ཞིང་། རང་ཉིད་ཀྱི་སྐད་དང་རིག་གཞུང་ཤེས་པའི་ཐོག་ནས་འཛམ་གླིང་གི་སྒང་སྐད་ཡིག་བདག་དབང་རྩོད་ལེན་བྱས་ན་དོན་ལ་གནས་ཚུལ་གསུངས་སོང་ལ། ད་ཆར་བོད་ནང་ཤེས་ཡོན་པར་ཧ་ཅང་དམ་དྲག་ཆེན་པོ་ཡིན་པ་དེ། ཤེས་ཡོན་འཐབ་རྩོད་གནད་འགག་ཅིག་ཡིན་པ་སྟོན་གྱི་ཡོད་པས། བཙན་བྱོལ་ནང་ཤེས་ཡོན་འཐབ་རྩོད་ཐོག་གཙིགས་ཆེན་བྱ་དགོས་སྐོར་གསུངས་སོང་།

 

ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་ལ་བརྒྱ་ཆ་སྤྲོད་མཁན་དཔྱད་འདེམས་པ་རྣམས་ནི་ཝ་ཎ་བོད་ཀྱི་མཐོ་སློབ་ཀྱི་དགེ་རྒན་སྤྱི་ཟུར་བེ་རི་འཇིགས་མེད་དབང་རྒྱལ་དང་། སྒྱུ་རྩལ་བ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། རྩོམ་པ་པོ་བུ་ཆུང་བསོད་ནམས། སྙན་ངག་པ་གཟུངས་ཕྱུག་སྐྱིད་བཅས་ཡིན་པ་དང་།  དཔྱད་འདེམས་པ་བུ་ཆུང་བསོད་ནམས་ལགས་ཀྱིས་ཐེངས་འདིའི་འགྲན་ཚོགས་དང་འབྲེལ་ཏེ་རང་ཉིད་ཀྱི་སེམས་ཚོར་བརྗོད་དོན། “ད་ཐེངས་ཀྱི་སྙན་ངག་སྒྲོག་སྦྱང་འདི་བཙན་བྱོལ་ནང་ཐེངས་དང་པོ་ཆགས་ཡོད་པར་མ་ཟད་འགྲན་བསྡུར་ཀྱི་སྤུས་ཀའང་ཧ་ཅང་ཡག་པོ་རེད། སྤྱིར་དགའ་པོ་བྱུང་བའི་ཉིང་བཅུད་ཀྱི་སྙན་ངག་ཡིན་ན་འདྲ།  སྡུག་པོ་བྱུང་བའི་ཉིང་བཅུད་ཀྱི་སྙན་ངག་ཡིན་ན་འདྲ། མདོར་བསྡུས་ན་མི་ཚེའི་ཟང་ཟིང་ཚང་མ་མཚོན་པའི་ཉིང་བཅུད་དེ་སྙན་ངག་རེད། དེ་རིང་ང་ཚོ་འདིར་ཕེབས་མཁན་ཚོའི་ཁྲོད་ན་སྙན་ངག་འབྲི་མྱོང་མེད་མཁན་རྣམས་ཀྱིས་སྙན་ངག་འབྲི་མགོ་བརྩམས་ཏེ། ནམ་རྒྱུན་ཆང་དང་ཐ་མག་གིས་ར་བཟི་རྒྱུ་མཚམས་བཞག་སྟེ་སྙན་ངག་གིས་ར་བཟི་རུ་བཅུག་པ་ཡིན་ན་མཉེས་པོ་ཞེ་དྲག་ཡོད་པ་རེད། དེ་བཞིན་སྙན་ངག་འབྲི་བཞིན་པ་ཚོས་མུ་མཐུད་དུ་སྙན་ངག་བྲིས་ཏེ་སྙན་ངག་གི་བཟི་ཁ་ཡལ་མ་འཇུག་རོགས།” ཞེས་བརྗོད་སོང་།

 

བྱ་དགའ་ཨང་དང་པོ་ཐོབ་མཁན་ཝ་ཎ་མཐོ་སློབ་ཀྱི་སློབ་བུ་ཉི་མ་ཚེ་རིང་ལགས་སུ་བྱ་དགའ་ཐོབ་རྗེས་སེམས་ཚོར་ག་རེ་བྱུང་མིན་དང་ཐེངས་འདིའི་འགྲན་བསྡུར་ཐད་བསམ་ཚུལ་ག་རེ་ཡོད་མེད་དྲིས་པར།  ཁོང་གིས “སྤྱིར་བཏང་མི་སུ་འདྲ་ཞིག་ཡིན་ཡང་སོ་སོས་དཀའ་ལས་བརྒྱབ་པ་དེར་འབྲས་བུ་ཞིག་ཐོན་པ་ཡིན་ན་དགའ་ཚོར་ཡོང་གི་རེད། ཡིན་ནའང་། དེ་ནི་དུས་ཐུང་གི་དགའ་ཚོར་ཙམ་རེད།  ཤིང་བཟའ་རིན་པོ་ཆེ་ཡིས་མགོ་ཁྲིད་པའི་འོད་དཀར་དྲ་ཚིགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་ཐེངས་དང་པོའི་སྙན་ངག་སྒྲོག་སྦྱོང་འགྲན་བསྡུར་འདི་འདྲ་ཞིག་གོ་སྒྲིག་གནང་བར་ཧ་ཅང་དགའ་བོ་བྱུང་། སྤྱིར་དེང་སང་སྤྱི་ཚོགས་ནང་བླ་སྤྲུལ་མང་པོ་ཞིག་ཡོད་པ་རེད། ཡིན་ནའང་འདི་ལྟ་བུའི་སོ་སོའི་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་འགུལ་རྩོམ་མཁན་ཞེ་དྲག་ཁག་པོ་རེད། ང་རང་ལ་མཚོན་ནའང་སོ་སོའི་སྐད་ཡིག་རིག་གནས་ལ་མོས་པ་དང་འདུན་པ་ཡོད་པའི་ཐོག་ནས་བྱ་འགུལ་འདིའི་ཁྲོད་འཛུལ་ཞུགས་བྱས་པ་ཡིན། དེ་བཞིན་དུ་འགྲན་ཞུགས་པ་གཞན་པ་རྣམས་ཀྱང་བྱ་དགའ་ལ་རྔམས་དེ་ཡོང་བ་ཕལ་ཆེར་ཡིན་རྒྱུ་མ་རེད་བསམ་ཡོད། མ་འོངས་པར་གཞི་རིམ་སློབ་གྲྭ་ཁག་དང་། བོད་པའི་མཐོ་སློབ་ཁག་གི་ནང་དུའང་སྙན་ངག་གྱེར་འདོན་གྱིས་མཚོན་པའི་རིག་གནས་བྱ་འགུལ་མང་ཙམ་རྩོམ་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་རེད་བསམ་པའི་ཚོར་སྣང་བྱུང་། ” ཞེས་བརྗོད་སོང་།  

 

དེ་བཞིན་ཐེངས་འདིའི་སྙན་ངག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མཁན་ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཀླུ་མོ་འཚོ་ཡིས་ཀྱང་སོ་སོའི་སེམས་ཚོར་དང་བསམ་ཚུལ་བརྗོད་དོན། “ སྤྱིར་ས་གནས་ཁག་སོ་སོ་ནས་ཡག་ཤོས་རྣམས་འདེམས་སྒྲིག་བྱས་ཏེ་བསླེབས་ཡོད་པ་རེད།  ཡིན་ནའང་།  ཁ་ཤས་ལ་གཏམ་བརྗོད་ཀྱི་རང་བཞིན་ཤུགས་ཆེན་པོ་ཡོང་གི་འདུག  སྙན་ངག་སྐྱོར་དུས་སྐད་གདངས་གཙོ་བོར་མ་བཟུང་པར་གཏམ་བརྗོད་ཀྱི་རྣམ་པ་འཁྲབ་ཡོང་དུས།  སྐབས་རེར་དེ་ལ་བརྒྱ་ཆ་མང་བ་རག་པ་དེ་འདྲའང་ཡོང་གི་འདུག  སྙན་ངག་གྱེར་འདོན་དེ་གཏམ་བརྗོད་རང་བཞིན་གྱི་རྣམ་པར་འགྱུར་སོང་བ་ཡིན་ན། དེ་ཏག་ཏག་ཅིག་འགྲིག་གི་ཡོད་ན་བསམ་གྱི་འདུག དེ་མིན་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ཡག་པོ་འདུག  བརྒྱ་ཆ་སྤྲོད་སྟངས་ཀྱི་ཆ་ནས་ཀྱང་རང་རྩོམ་དང་གཞན་རྩོམ་གཉིས་ཀ་གྱེར་འདོན་བྱེད་དགོས་དུས། སྙན་ངག་གྱེར་མཁན་སུ་ལེགས་མིན་ཚང་མས་ཧ་གོ་ཡོང་གི་འདུག  གཞན་ཡང་། ང་རང་གི་བསམ་པར་བུད་མེད་ཚོའི་ངོས་ནས་ཀྱང་འདི་འདྲའི་གོ་སྐབས་བྱུང་སྐབས་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་རེད། བུད་མེད་ཚོའི་ནུས་པ་སྤྱི་ཚོགས་ནང་ལ་འཐོན་ཐུབ་པ་དང་། བུད་མེད་ཚོའི་སེམས་ཤུགས་ཀྱིས་ཕར་སྤྱི་ཚོགས་ལ་ཕན་ནུས་འདོན་ཐུབ་རྒྱུ་རེད་དྲན་སོང་།” ཞེས་བརྗོད་སོང་། 

 

རྟིང་རྩོད་འགྲན་བསྡུར་གྱི་ཨང་གྲངས་གསལ་བསྒྲགས་སྐབས། མཇུག་མཐའི་བརྒྱ་ཆ་ཕྱོགས་བསྡོམས་ཐད་ནོར་འཆུག་ཕྲན་བུ་བྱུང་སྟེ། སུ་ཇཱ་སློབ་གྲྭའི་སློབ་བུ་གཉན་ཚེ་རིང་བཀྲ་ཤིས་ལགས་བྱ་དགའ་ཨང་གསུམ་པ་ཐོབ་མཁན་དུ་མིང་འདོན་བྱས་པར། ཁོང་ལ་ཨང་གསུམ་པ་དང་མཉམ་པའི་ཧིན་སྒོར་ ༢༠༠༠༠ དགོངས་སེལ་དུ་བསྩལ་སོང་། དེའི་སྐོར་ལ་གོ་སྒྲིག་པ་ཤིང་བཟའ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུས་པར།  ཁོང་གིས་མི་རེ་རེར་དཔྱད་འདེམས་པ་དག་གིས་བརྒྱ་ཆ་སྤྲད་པའི་རེའུ་མིག་དང་།  བརྒྱ་ཆ་ཕྱོགས་བསྡོམས་སྐབས་ནོར་འཆུག་བྱུང་བའི་རེའུ་མིག  བསྐྱར་ཞིབ་གནང་རྗེས་ཀྱི་རེའུ་མིག་བཅས་གསར་འགོད་པར་བསྟན་དེ།  དུས་ཐུང་ནང་རྩིས་རྒྱག་དགོས་པར་བརྟེན་བྲེལ་འཚབ་ཀྱི་དབང་གིས་བརྒྱ་ཆ་ཕྱོགས་བསྡོམས་གནང་མཁན་གྱི་ངོས་ནས་ནོར་འཁྲུལ་ཤོར་ཚུལ་གསུངས་སོང་། གཞན་ཡང་ཁོང་ལ་ཐེངས་འདིར་དཔྱད་འདེམས་པ་གོ་སྒྲིག་བྱེད་སྟངས་ཐད་བཅར་འདྲི་ཞུས་པར། “ དཔྱད་འདེམས་པ་གོ་སྒྲིག་སྐབས་མི་སྣ་མང་པོ་ཞིག་ལ་སྐད་བཏང་ཡོད་མོད་འགའ་ཤས་བསླེབས་མ་སོང་། ཡིན་ནའང་།  ང་ཚོའི་ངོས་ནས་ཆོལ་ཁ་གསུམ་གྱི་སྐུ་ཚབ་ཚུད་ཡོད་པའི་དཔྱད་འདེམས་ཚོགས་ཆུང་ཞིག་གོ་སྒྲིག་ཞུས་ཡོད། སྤྱིར་བཏང་འགྲན་བསྡུར་སྐབས་གར་སྟེགས་སྟེང་གི་སྐད་གདངས་དང་གྱེར་འདོན་གྱི་རྣམ་འགྱུར་ཁོ་ན་ཙམ་མིན་པར། སྙན་ངག་གྱེར་སྐབས་ཀྱི་ལྷད་མེད་པའི་དྭངས་གཙང་གི་སེམས་ཚོར་དང་མི་མང་ལ་སྒུལ་ཤུགས་ཐེབས་མིན་སོགས་ཕྱོགས་ཡོངས་ལ་བལྟས་ཏེ་སྤྲོད་ཀྱི་ཡོད། ང་ཚོས་ངོས་ནས་ཁོང་རྣམ་པས་བརྒྱ་ཆ་གང་སྤྲད་པ་དེར་མཐའ་གཅིག་ཏུ་ངོས་འཛིན་དང་རྒྱབ་སྐྱོར་ཡོད། ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་སྙན་ངག་སྒྲོག་སྦྱང་འགྲན་བསྡུར་ཐེངས་དང་པོ་གོ་སྒྲིག་བྱས་པའི་བརྒྱུད་རིམ་ཁྲོད་བཙན་བྱོལ་སྤྱི་ཚོགས་ནང་བོད་རང་གི་སྐད་ཡིག་ལ་དུང་ཞེན་ཅན་གྱི་སྙན་ངག་གྱེར་འདོན་པ་ ༢༦ སྐྱེད་བསྲིང་བྱུང་པ་དེ་གཟི་བརྗིད་དུ་བརྩི་གི་ཡོད།

” ཅེས་གསུང་སོང་།

 

འདས་པའི་ཟླ་ ༦ ལྷག་རིང་ས་གནས་ཁག་ ༡༢ ནང་བསྐྱོད་དེ་སྔོན་འགྲོ་དང་དངོས་གཞིའི་སྙན་ངག་གྱེར་འདོན་པ་འདེམ་སྒྲིག་བྱས་ཡོད་ཅིང་། ལས་གཞིའི་འདིའི་རིང་ལམ་གྲོན་དང་སྡོད་གནས། ཟས་རིན་སོགས་ཀྱི་འགྲོ་གྲོན་ཡོངས་གོ་སྒྲིག་པ་རང་ངོས་ནས་འགན་ལེན་བྱས་ཏེ་ཐེངས་འདིར་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༤ ཙམ་སོང་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 36

  1. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    མི་སྒེར་བ་ལ་དམའ་འབེབས་བྱེད་པ་ནི་ཞབས་འདྲེན་རེད།གོང་གི་ཨང་རིམ་ལ་ཞིབ་གཟིགས་ན་གསལ་བོ་འདུག།ངས་ལྟོས་ན་འོད་དཀར་དྲ་ཚིགས་ཀྱིས་ལས་འགུལ་སྤེལ་བ་ཡག་པོ་མཐོང་སོང་།

    Reply
  2. ཚེ་རིང་ཉི་མ། says:
    ལོ་ 14 སྔོན།

    རྡ་སའི་བློ་བཟང་དབང་རྒྱལ་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་སྙན་ངག་འབྲི་མི་ཤེས་མཁན་ཞིག་གིས་སྙན་ངག་གྱེར་གང་ནས་ཤེས། ང་དགོང་མོ་དེར་ཕྱིན་མེད་ལ་འགྲོ་འདོད་ཀྱང་མ་བྱུང་། ས་གནས་ཁག་ཏུ་སྔོན་འགྲོའི་སྙན་ངག་གྱེར་འདོན་འགྲན་བསྡུར་འགྲོ་བཞིན་པའི་སྐབས་སུ། བླ་མ་ཤིང་གཟའ་ཡིས་སྐར་མ་སྤྲོད་མཁན་དག་ལ་བཀོད་འདོམ་སྣ་ཚོགས་ཤིག་བྱས་ཡོད་པ་མ་ཟད། འགྲན་བསྡུར་ཚོགས་ཡོད་པའི་བར་གསེང་དག་ནས་ཀྱང་སྐར་མ་སྤྲོད་མཁན་ཚོaར་ཡང་གཏུག་བསྐྱར་གཏུག་བྱས་ཏེ། མི་ག་གེ་མོ་ཞིག་ཡག་པོ་འདུག ག་གེ་མོ་ཞིག་ལ་དམིགས་བསལ་སྤྲོད་དགོས་ཟེར་ནས་བཀོད་ཇུས་ཡང་ཡང་བཏང་སོང་ཟེར། སྐད་ཆ་འདི་བཤད་མཁན་སྔོན་འགྲོའི་སྐབས་ཀྱི་སྐར་མ་སྤྲོད་མཁན་གཅིག་རེད། ལས་ཀ་དེ་ངོས་ལེན་བྱས་པར་རྗེས་སུ་འགྱོད་པ་སྐྱེ་དགོས་པ་ཞིག་ཆགས་སོང་ལབ་སོང་།

    Reply
  3. བཀྲ་རྡོར། says:
    ལོ་ 14 སྔོན།

    ཁ་བརྡའི་སྟེང་གི་མཆན།
    ༢༤༽ ཆུ་ཉག་བསམ་གཏན་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༦ གི་ཆུ་ཚོད་ ༡༤ སྐར་མ་ ༡༢

    ང་དགོང་མོ་དེར་ འགྲོ་འདོད་ཆེན་པོ་ཡོད་ཀྱང་འགྲོ་ཐུབ་མ་སོང་། ལས་འགུལ་འདིར་ཐོག་མ་ནས་དགའ་མོས་དང་རྒྱབ་སྐྱོར་ཆ་ཚང་ཡོད། ལས་འགུལ་དེའི་ཐད་དུས་ཚོད་རྒྱུན་རིང་པོར་དཀའ་ལས་བརྒྱབས་པ་དང་འགྲོ་སོང་ཡང་ ཆེན་པོ་བཏང་ཏེ། མཇུག་ཏུ་བསླེབས་སྐབས་རྙོག་དྲ་ཞིག་ཆགས་པ་དེར་བློ་ཕམ་ཆེན་པོ་ཡོད། དེ་ནི་ངས་ཐོག་མར་བཤད་འདོད་པའི་སྐད་ཆ་ཡིན། དེ་ནས་དགོང་མོ་དེའི་རྩོད་གླེང་སྐོར་ལ་ངས་དོན་ཚན་བཞི་རུ་དབྱེ་ནས་བཤད་རྒྱུ་ ཡིན།
    ༼༡༽ སྐར་གྲངས་སྤྲོད་ཕྱོགས་ཐད་གཟུངས་ཕྱུགས་སྐྱིད་ཟེར་བ་དེས་དྲང་མོ་མ་བྱས་པ་དེ་ འདྲ་ཡོད་རྒྱུ་མ་རེད། གལ་སྲིད་ཡོད་ན་ཐབས་སྐྱོ་བོ་ཞེ་དྲག་རེད། ནམ་རྒྱུན་སྙན་ངག་ཐན་ཐུན་ཐོག་ལ་མགོ་འཁོར་སྡོད་མཁན་ཞིག་གིས་གཞན་ལ་གནོད་སེམས་ འཆང་ན་དེ་ཡག་པོ་རྩ་བ་ནས་མ་རེད། སོ་སོར་ཤེས་ཚད་གང་ཡང་མེད་པ་དང་ལས་ཀ་ཅི་ཡང་མི་འཇོན་མཁན་ཞིག་ཡིན་པ་ཚང་མས་ཤེས་ གསལ་རེད། འོད་དཀར་དྲ་ཚིགས་སྟེང་གསར་འགྱུར་རེ་ཟུང་སྤེལ་བ་དག་ལས་མོ་རང་གི་ཤེས་ཚད་མཐོང་ ཐུབ་ཀྱི་འདུག་ལ། སྔོན་ཆད་རྡ་རམ་ས་ལའི་མདོ་སྨད་ས་གནས་རྒྱུན་ལས་ལ་བསྡད་པ་དང་། རིགས་གཅིག་རྐང་འཛིན་ལ་ཉམས་ཞིབ་བྱས་པ་གཉིས་ལས་འཇོན་ཐང་ཅི་ཙམ་ཡོད་པའང་རྟོགས་ ཐུབ་ཀྱི་འདུག
    ༼༢༽ གོ་ཐོས་སུ་དགོང་མོ་དེར་ཨ་རིག་འགྱུར་མེད་ཀྱིས་གྱེར་འདོན་བྱས་པའི་རྙན་ངག་གི་ ནང་དོན་ལ་རིན་ཐང་ཞེ་དྲག་མི་འདུག་པས་མ་ཚད། གྱེར་འདོན་བྱེད་སྟངས་ཀྱང་གཏམ་བརྗོད་འདྲ་ཞིག་འཁྲབ་སྟེ་ཨུ་ཚུག་གིས་བཙིར་སོང་ ཟེར་གྱི་འདུག གཅིག་བྱས་ན་མང་ཚོགས་ཚོར་རྣམ་འགྱུར་དེས་ཚོར་བ་ཞིག་བསླངས་ཡོད་སྲིད་ཀྱང་། སྙན་ངག་གྱེར་འདོན་དང་། གཏམ་བརྗོད་འཁྲབ་སྟོན་མཉམ་བསྲེས་བྱས་ན་དེ་ལ་སྙན་ངག་གི་དྲི་ཙམ་ཡང་མ་བྲོ་བ་ རེད། གཉིས་ནས་ཨ་རིག་འགྱུར་མེད་ལ་བྱ་དགའ་མ་ཐོབ་པ་དེ་ཏག་ཏག་རེད་བསམ་གྱི་འདུག ཁོ་ནི་ཤེས་ཚད་དམའ་བོ་དང་མགོ་ཕངས་མཐོན་པོ་ཅན་ཞིག་ཡིན་པས་མ་ཚད། ཀུན་སྤྱོད་དང་བསམ་བློའི་ཕྱོགས་ནས་ཀྱང་སྤྲང་པོ་སྤྲང་སྐྱང་ཞིག་ཡིན་པས་སྤྱི་ ཚོགས་ལ་ཤུགས་རྐྱེན་ཟློག་ཕྱོགས་ནས་འབྱུང་སྲིད་པ་རེད།
    ༼༣༽ དགོང་མོ་དེར་སྐར་མ་སྤྲོད་ཕྱོགས་ཐོག་ལ་དྲང་བདེན་མ་བྱུང་བ་དེ་འདྲ་ཡོང་གི་མ་ རེད་ལ། གལ་སྲིད་ཡོད་པའི་དབང་དུ་བྱས་ན་ཡང་དེ་ནི་གཟུངས་ཕྱུགས་སྐྱིད་ཀྱི་མགོ་ལ་གཡུག་ ན་མི་འགྲིག་པར་ཨ་ལགས་ཤིང་གཟའ་ཚང་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན་སྔོན་ཆད་ས་གནས་ཁག་ཏུ་སྔོན་འགྲོའི་འགྲན་བསྡུར་འགྲོ་བཞིན་པའི་ སྐབས་སུ། རིན་པོ་ཆེ་མཆོག་གིས་སྐར་མ་སྤྲོད་མཁན་རྣམས་ལ་བཀོད་བྱུས་འདྲ་མི་འདྲ་བཏང་ཡོད་ པའི་སྐད་ཆ་མི་ཁ་ཤས་ཀྱི་ཁ་ནས་གོ་སོང་། ( ཞིབ་ཕྲ་བཤད་དགོས་ན་རེ་རེ་བཞིན་བཤད་རྒྱུ་ཡོད།) དེ་ཡག་པོ་ཁྱོན་ནས་མ་རེད། སྐར་མ་སྤྲོད་མཁན་དེ་ལ་རང་དབང་ཆ་ཚང་ཞིག་མེད་པར་གཞན་གྱི་བཀོད་བྱུས་འོག་ལ་ འགྲོ་དགོས་པ་ཡིན་ན་དེ་དྲང་བདེན་ཞིག་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་ཡིན།
    མཇུག་ཏུ་བཤད་འདོད་པ་ཞིག་ ནི། དགོང་མོ་དེར་སྐར་གྲངས་སྡོམ་སྟངས་ལ་ནོར་འཁྲུལ་ཤོར་ཏེ་ཨང་རིམ་སྤྲོད་ཕྱོགས་ཟ་ ངེ་ཟིང་ཞིག་བྱུང་བ་དེ་གནས་ཚུལ་ཆེན་པོ་དེ་འདྲ་མ་རེད། ལྷག་པར་དུ་ཨང་དང་པོ་གཉིས་པར་ཟེགས་པ་དང་། གཉིས་པ་གསུམ་པར་ཟེགས་པ། གསུམ་པ་ཕྱི་ལོག་ཏུ་ཟེགས་པ་སོགས་རྙོག་དྲ་ཆེན་པོ་གང་ཡང་མ་རེད། ཨང་དང་པོར་མིང་འདོན་བྱས་པའི་ཀླུ་མོ་ཚོ་ཟེར་བ་དེར་ངོ་ཚ་ཅུང་བཟོས་ཡོད་ཀྱང་ཨང་ གཉིས་པར་སླེབས་ཡོད་པས་གྱོང་རེག་ཡོད་པ་མ་རེད། ཨང་གསུམ་པ་ནས་ཕྱི་ལོག་ཏུ་ཟེགས་པའི་སློབ་ཕྲུག་ཁོར་ཡང་ངོ་ཚ་ཅུང་བཟོས་ཡོད་པར་ དགོངས་སེལ་ཆེད་གོ་སྒྲིག་པ་ཚོས་ཧིན་སྒོར་ཉིས་ཁྲི་སྤྲད་པ་དེ་ཧ་ཅང་གཏོང་ཕོད་ ཆེན་པོ་བྱས་པ་ཞིག་རེད།
    ཆུ་ཉག་བསམ་གཏན། 2011/11/15

    Reply
  4. བྱ་གཞུང་དཔལ་རྡོར། says:
    ལོ་ 14 སྔོན།

    དགོང་མོ་དེར་ང་རང་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་མཉམ་ཏུ་གངས་སྐྱིད་དུ་ལོག་ཡོང་བ་ཡིན། ལམ་སྐབས་སུ་ང་ཚོ་ཅི་གྲོས་མོལ་གྲོས་བྱས་བ་ཡིན། ཁོང་གིས་གསུང་རྒྱུར་ཁོང་གིས་ཀྱང་ཨ་རིག་འགྱུར་མེད་ཨང་གཉིས་པ་གསུམ་པ་ཞིག་ཏུ་སླེབས་སོང་སྙམ་པ་ཡིན་མོད། ཐོབ་མ་སོང་བ་ཟེར། ཡིན་ནའང་ངས་རྩ་བ་ནས་གཟུང་ཕྱུག་སྐྱིད་ལ་སྐྱོན་བརྗོད་བྱེད་ཀྱི་མེད་ལ་བྱེད་དགོས་དོན་ཡང་མེད། གང་དྲན་ཞིག་བྲིས་བ་ཙམ་ཡིན།

    Reply
  5. བསོད་ནམས། says:
    ལོ་ 14 སྔོན།

    ང་ནི་མཚན་མོ་དེར་ཀི་སྒྲ་འདེབས་མཁན་གཅིག་ཡིན། ཨ་ལག་ཤིང་བཟའ་མཆོག་ལ་བསྟོད་པའི་མེ་ཏོག་འབུལ་རྒྱུ་ལས་མདས།
    ཡིན་ཡང་ངས་འདི་ནས་ཟུང་ཕྱུག་སྐྱིད་ལ་འདྲི་རྒྱུར། གནད་གང་ཞིག་ནས་ཨ་རིག་གིས་གྱེར་འདོན་བྱས་པ་གྱེར་འདོན་པ་སྨིན་སྣང་མཛེས་དང་། བསོད་ནམས་ཚེ་བརྟན་གཉིས་ལས་ཀྱང་སྐྱོ་རུ་ཆགས་སོང་བ་རེད། རབ་ཡིན་ན་ཁྱོད་ཀྱིས་གསལ་པོ་ཞིག་བཤད་ན་བཟང་གི། མ་གཞི་གྱེར་འདོན་གྱི་ཕྱོགས་ལ་ཁྱོད་ཀྱིས་དབྱེ་ཞིབ་བྱེད་མི་ཤེས་བ་གསལ་པོ་རེད་མོད། ཁྱོད་རང་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་རིག་གི་ལེ་ཚན་ཞེས་པར་གྱེར་འདོན་བྱས་པར་ཉོན་དང་། ག་འདྲ་འདུག ཨ་རིག་གིས་གྱེར་བ་ཡག་པོ་འདུག་གམ། ཁྱོད་ཀྱིས་གྱེར་བ་ཡག་པོ་འདུག དངོས་གནས་ཁྱོད་དཔྱད་འདེམས་པར་མི་མཛའ་ཀི་ཡ། ཁྱོད་ཀྱི་བཤད་ཚོད་ལྟར་ན་ཨ་རིག་འགྱུར་མེད་ཀྱིས་གྱེར་འདོན་བྱས་པ་ནི་གཏམ་བརྗོད་ཁྲབ་པའི་བཟོ་འདུག་ཅེས་བཤད་ཚོད་འདུག།དེ་ལྟར་ན་བསོད་ནམས་ཚེ་བརྟན་ཟེར་བ་དེས་གྱེར་འདོན་བྱས་པ་དེ་གཏམ་བརྗོད་མ་ཡིན་པར་ཁྱོད་ཀྱི་མིག་ལམ་དུ་གྱེར་འདོན་པ་འགྲིག་ཙམ་ཞིག་གྱུར་དོན་ཅི། དོན་དངོས་ཐོག་བསོད་ནམས་ཚེ་བརྟན་ཟེར་བ་དེས་གཏམ་བརྗོད་ཁྲབ་སྟོན་ཆུང་ཆུང་ཞིག་སོང་ཟེར་རྒྱུ་ལས་གྱེར་འདོན་གྱི་ཐ་སྙད་ཅིག་སྦྱར་ས་འདུག་གམ། གཟུགས་དང་སྒྲ་གཉིས་ཀ་བླངས་ཡོད་རྒྱུ་རེད། བསྐྱར་དུ་ཅིག་ཉོན་དང་། ངོ་མ་ཡིན། ཁྱོད་ཀྱི་མིག་ལམ་དུ་དེ་དང་དེ་འདྲ་བ་ཁ་ཤས་ལས་ཀྱང་ཨ་རིག་གིས་གྱེར་ནོ་སྐྱོ་སོང་བ་འདི་དངོས་གནས་འགྲེལ་བཤད་དཀའ་ཙམ་མིན་འགྲོ།

    Reply
  6. རང་དབང་རྒྱལ། says:
    ལོ་ 14 སྔོན།

    མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།

    ཨ་རིག་འགྱུར་མེད་ཀྱིས།

    ངས་ཐེངས་མང་བོ་མང་བོ་ཞིག་ལ་གློག་ཀླད་ལག་ཏུ་བཟུང་སྟེ། ཅི་ཞིག་འབྲི་འདོད་ཀྱི་ལག་པ་མཐེབ་གཞུང་ངོར་བཞག་པ་ཡིན་ལ། བཤད་ན་འདོད་པ་དང་མུད་སྒོར་འཚང་བའི་སྐད་ཆ་མང་བོ་མང་བོ་ཞིག་ཡི་གེར་གཏགས་རྗེས་བསུབས་པ་ཡིན། རྒྱུ་མཚན་མང་བོ་མེད། ངས་ངོ་མ་འགོ་གང་ནས་བཙུགས་ཏེ་མཇུག་ཇི་ལྟར་བསྡུ་དགོས་མིན་མ་ཤེས་པའི་དབང་གིས་ཡིན། ད་ལྟ་ད་དུང་ཡང་ངས་བཤད་ན་འདོད་པའི་སྐད་ཆ་དག་གི་འགོ་གང་ནས་འཛུགས་པ་དང་ཅི་ལྟར་བཙུགས་ན་འོས་འཚམ་ཡིན་མིན་ཤེས་ཀྱི་མི་འདུག ངོ་མ་ཤེས་ཀྱི་མི་འདུག

    ཡིན་ནའང་། མཇུག་མཐར། ངས་ཅིས་ཀྱང་སྐད་ཆ་ཚིག་འགའ་བཤད་རྒྱུར་སེམས་ཐག་བཅད། རྒྱུ་མཚན་གཅིག་ལས་མེད་དེ། དྲ་ཐོག་གི་སྐྱག་འབུ་དག་གིས་བླ་མ་དང་སློབ་མའི་བར་དང་དཔྱད་འདེམས་པ་དང་འགྲན་ཞུགས་པའི་བར་དུ་དཀྲོག་གཏམ་བཟོས་ཡོང་གི་འདུག་ལ། ཁ་བརྡ་དང་དུས་བབ། འོད་དཀར་དྲ་ཚིགས་སོགས་སུའང་ང་གླེང་གི་འདུག་སྟབས་ངས་སྐད་ཆ་འགའ་མི་བཤད་ཐབས་མེད་ཆགས་སོང་། ལྷག་པར་དུ་ཁ་སང་དེ་རིང་མེག་གྷན་གྱི་རྒྱ་སྲིང་ན་ཁ་རྒོད་ལ་ཤོར་བའི་ཇ་ཆ་ཆང་ཁའི་མི་རྐྱང་འཁྱམ་པོ་སྐོར་ཞིག་གིས་ཁ་བརྡ་དྲ་ཚིགས་སྟེང་གི་ (འདོད་པ་མ་ཁེངས་ཤོས་དཔྱད་འདེམས་པ་དག་ཡིན།) ཟེར་བའི་རྩོམ་ཡིག་དེ་ཡང་ཨ་རིག་འགྱུར་མེད་ཀྱིས་སྡུག་ནད་མ་ཐེག་པར་བྲིས་པ་རེད་ཟེར་ནས་གླེང་གི་ཡོད་རབས་འདུག་པས། ད་ནི་ངས་ཀྱང་གནས་ལུགས་ཀྱི་སྐད་ཆ་ཚིག་འགའ་བཤད་དགོས་ཐལ་སོང་། སྤྱིར་ཡིན་ན་རྩོམ་ཡིག་དེ་ངས་མིན་སྐོར་གྱི་མཆན་གསལ་བོར་བཏབས་ཡོད་ལ། དེས་ཀྱང་མི་ཆོག་ན་ཁ་བརྡ་རྩོམ་སྒྲིག་པར་འབྲེལ་བ་བྱས་ཏེ་རྩད་བཅད་ཆོག་པས། དེ་ཚོ་སུ་ཡིན་རུང་མཁྱེན་ན་ཡག་གི་རེད།

    དེ་མིན། གལ་སྲིད་མི་ཞིག་གིས་ང་ལ་ཁྱེད་རང་ཐེངས་འདིའི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཐད་བསམ་ཚུལ་ཡོད་དམ་ཟེར་ནས་དྲིས་ཚེ། ངས་ཡོད་ཅེས་བརྗོད་རྒྱུ་ཡིན་ལ། རྒྱུ་མཚན་ནི་ས་གནས་ཀྱི་དངོས་གཞིའི་འགྲན་བསྡུར་ཁྲོད་ནས་ཨང་དང་པོ་བླངས་པ་དང་། ཟླ་འདིའི་ཚེས་ ༡༠ དང་ ༡༢ ཉིན་གྱི་དགོང་མོ་གཉིས་ལ་འགྲན་བསྡུར་བྱེད་སྐབས་རེ་རེ་བཞིན་དུ་ཨང་དང་པོ་བླངས་པའི་སྡོམ་སྐར་ནི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཁྲོད་ཚུད་པའི་མི་སྣ་བརྒྱད་ཀྱི་ནང་གི་ཨང་དང་པོ་ཡིན་པར་མ་ཟད། ཨང་གཉིས་པ་ལེན་མཁན་དང་ངེད་གཉིས་ཀྱི་བར་ནའང་རྟ་ལམ་བོང་བུས་མི་ཆོད་པའི་སར་ཡོད་པའི་སྐར་གྲངས་དེ་ཚོ་བྱུང་བ་རེད་མོད། མཐའ་མའི་རྟིང་རྩོད་འགྲན་བསྡུར་སྐབས་ངའི་ཐོབ་སྐར་མཇུག་ནས་ཡར་བརྩིས་པའི་དང་པོ་ཡིན་པ་དེ་ཅིའི་ཕྱིར་ཡིན་ནམ། ཡང་མཐའ་མའི་འགྲན་བསྡུར་སྐབས་ངས་སྙན་ངག་གྱེར་འདོན་བྱས་པ་ཡག་པོ་མ་བྱུང་བ་རེད་དམ་ཟེར་ན། ངས་སྙན་ངག་གྱེར་འདོན་སྐབས་ལྟད་མོ་བ་མང་བོ་ངུས་འདུག་པ་ངའི་གྲོགས་པོ་མང་མང་གིས་མཐོང་འདུག་པར་མ་ཟད། ཟློས་གར་ཁང་ནས་འགྲན་བསྡུར་བྱས་པའི་དགོང་མོར་མདོ་འཛིན་པས་ཨང་དང་པོ་སུ་རེད་ཟེར་ནས་ལྟད་མོ་བར་འདྲི་དུས། མི་མང་གིས་དགའ་འབོད་དང་ཀི་སྒྲའི་ཁྲོད་ནས་ཨ་རིག་འགྱུར་མེད་རེད་ཟེར་ནས་བོས་པ། (རེ་འགས་ཀླུ་མོ་མཚོའི་མིང་ནས་འབོད་ཀྱིན་འདུག) ཡང་འགྲན་བསྡུར་མཇུག་བསྒྲིལ་ཏེ་ང་ཕྱི་ལ་ཐོན་སྐབས་ལྟད་མོ་བ་ངོ་ཤེས་མིན་མང་བོ་ཞིག་ཡོང་སྟེ་ང་ལ་ལག་པ་གཏོང་ཞོར། ང་ཚོས་བལྟས་ན་ཁྱེད་རང་ཨང་དང་པོ་རེད་ལ་དངོས་གནས་དྲང་གནས་ཡག་པོ་བསྐྱོར་སོང་། ཡིན་ནའང་། ཁྱེད་ལ་ཨང་དང་པོ་མ་ཐོབ་པར་དེར་བློ་ཕམ་ཡོད་ཟེར་ནས་གསུངས་དགོས་པ་ཅིའི་ཕྱིར་ཡིན་ནམ། འདི་ལྟར་དྲི་བ་རེ་རེ་བཞིན་གྱིས་དྲིས་ལན་བཙལ་ཏེ་རྙེད་དགོས་ན་ང་ལ་བཤད་ན་མི་ཚར་བའི་སྐད་ཆ་མང་བོ་ཞིག་བཤད་རྒྱུ་འདུག་ཀྱང་། མི་དང་མིའི་བར་གྱི་བརྩེ་སེམས་བརླག་པ་དང་མི་དང་མིའི་བར་ལ་འགལ་འདུ་སློང་བའི་སྐད་ཆ་དེ་དག་གིས་ཅི་བྱེད། གང་ལྟར་འདས་ཟིན་པ་འདས་ཟིན་པ་རང་ཡིན་ལ་ཁ་སང་གི་བྱུང་བ་དེ་རིང་གི་ལོ་རྒྱུས་སུ་གྱུར་ཟིན་པས་ད་ནི་ལབ་རྒྱུ་གླེང་རྒྱུ་དེ་ཚོ་ཕར་བཞག་སྟེ། ང་ཚོ་སུ་ཡིན་རུང་ལག་པའི་ནང་དུ་ལག་པ་བཞག སེམས་པ་དང་སེམས་པ་གླན་ནས་ཐེངས་འདིའི་ཉམས་མྱོང་ཁྱེར་ཏེ། མ་འོངས་པ་དང་མ་འོངས་པའམ། ཡང་ན་ང་ཚོས་གཞུག་ཕྱོགས་ཅི་ཞིག་བྱ་རྒྱུ། ཇི་ལྟར་བྱ་རྒྱུ། དེ་རིང་གི་ཉམས་མྱོང་དེ་ཚོ་ལག་བྱང་དུ་ལེན་ནམ་མི་ལེན་ཟེར་ནས་ནང་གྲོས་རིལ་ལུ་མ་ཞིག་བྱེད། དེ་ནི་རང་གཞན་གཉིས་ཕན་ནོ། །

    ང་རང་ཉིད་ལ་མཚོན་ན་བྱ་འགུལ་འདི་འགོ་བརྩམས་པ་ནས་ད་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་ཡིན་པར་མ་ཟད། ས་གནས་རིམ་པའི་དངོས་གཞིའི་འགྲན་བསྡུར་མཇུག་མ་བསྡུས་བར་ཏུ་དངོས་སུ་མཉམ་ཞུགས་བྱས་ཏེ་ལས་ཀ་བྱེད་མཁན་ཡིན་པའི་ངོས་ཐད་ནས། ང་དྲང་ཐད་དུ་ལངས་ཏེ་སྐད་ཆ་འདི་ལྟར་བཤད་འདོད་དེ། ང་ཚོས་ཐེངས་འདིའི་བྱ་འགུལ་འདིར་རྒྱབ་སྐྱོར་དང་བརྩི་བཀུར་བྱ་དགོས་པ་རེད། ལྷག་པར་དུ་འདི་ལྟ་བུའི་རིག་གཞུང་གི་ལས་ཀ་ཞིག་བྱེད་པར་ཡོང་སྒོ་མེད་པར་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་དང་དཀའ་ཚེགས་གང་འདྲ་ཞིག་ཡོད་པ་དེ་ཤེས་དགོས་པ་རེད་སྙམ། ཡང་གཅིག་བཤད་ན་འདི་ནི་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གཙོས་གོ་སྒྲིག་པ་རྣམས་ཀྱིས་ཟླ་བ་མང་བོར་དཀའ་ལས་བརྒྱབ་པའི་འབྲས་བུར། ང་ཚོ་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་རིང་གི་ཆེས་ཐོག་མའི་སྙན་ངག་སྒྲོག་སྦྱོང་འགྲན་བསྡུར་ཟེར་བའི་སྟེགས་བུ་འདི་བྱུང་བ་རེད། འདི་ད་བར་དུ་བྱུང་མ་མྱོང་བའི་རྒྱལ་ཁ་ཞིག་དང་གཟི་བརྗིད་ཅིག་ཡིན་པས་ན་དེ་ལ་གོང་བཀུར་དང་བརྩི་བཀུར་བྱ་དགོས་པ་རེད་ལ། འདི་ལྟ་བུའི་ལས་དོན་རླབས་ཆེན་ཞིག་སྒྲུབ་སྐབས་ནོར་འཕྱུག་ཆུང་ཚེགས་དང་ལབ་གླེང་ཐན་ཐུན་རེ་ཡོང་སྲིད་པ་ཆོས་ཉིད་དུ་གྲུབ་པ་དང་། ལྷག་པར་དུ་འདི་ནི་ཐེངས་དང་པོ་ཡིན་སྟབས་དེ་བས་ཀྱང་ནོར་འཕྱུག་འབྱུང་ངེས་པས་ན། ང་ཚོ་སུ་ཡིན་རུང་གུ་ཡངས་དང་བློ་བརྒྱ་བསྐྱེད་ན་འགྲིག་གི

    དེ་ལྟར་ན་ང་ཚོས་བྱ་འགུལ་འདི་ལ་གདེང་འཇོག་བྱ་དགོས་པར་མ་ཟད། མ་འོངས་པར་ཡང་འདི་དང་འདི་ལྟ་བུའི་བྱ་འགུལ་མུ་མཐུད་སྤེལ་ཆེད། ད་ཐེངས་བྱུང་བའི་ནོར་འཕྱུག་གང་ན་ཡོད་པ་དེ་གསལ་བོར་བསྟན་ཏེ། མ་འོངས་པར་ནོར་འཕྱུག་མེད་པ་ཞིག་འབྱུང་དུ་འཇུག་དགོས་པ་ནི་ལས་འགན་རེད་སྙམ་པས་གཤམ་གྱི་སྐད་ཆ་དག་བཤད་པ་ཡིན་ལ། དེ་ཡང་དངོས་གནས་དྲང་གནས་ངས་རང་གི་མི་གཞི་ཞིག་སྲ་སྲུང་དང་ལྷག་བསམ་རྣམ་པར་དག་གི་ཐོག་ནས་མ་འོངས་པར་འདི་ལྟ་བུའི་བྱ་འགུལ་ཞིག་ཡོད་སྲིད་པ་དང་། གལ་སྲིད་དེ་ལྟ་བུ་ཞིག་ཡོད་ཚེ་ཡང་བསྐྱར་གཤམ་གྱི་ནོར་འཕྱུག་དག་མི་འབྱུང་བའི་རྒྱུ་རུ་འགྱུར་ཆེད་དུ་བྲིས་པ་ན། ཁ་བཀོག་ནས་སྣ་ལ་སྦྱོར་མཁན་དང་རྣ་དྲུད་ནས་མིག་ཟུང་འགེབས་འདོད་མཁན་གྱི་དྲ་འབུ་སྐྱག་འབུ་དག་གིས་ད་ནི་ཅི་ཞིག་བཤད་འདོད་ཀྱང་བཤད་དུ་ཆུགས། ངའི་ཕྱོགས་ནས་བཤད་ཀྱང་ཆོག་ལ་གོ་སྒྲིག་པ་དང་དཔྱད་འདེམས་པའི་ཕྱོགས་ནས་བཤད་ཀྱང་རུང་སྟེ། མི་མང་གི་ཁ་སངས་རྒྱས་ཀྱིས་མི་ཆོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས་པས། གོང་ཞུས་ལྟར་བླ་མ་དང་སློབ་མའི་དད་ཚིག་གཙང་མར་གནས་ཀི་རེད་ལ། དཔྱད་འདེམས་པ་དང་འགྲན་ཞུགས་པའི་འགྲེལ་ལམ་ཡང་རང་འཇགས་གནས་ཀི་རེད་ཅེས་བསྒྲགས་པའོ། །

    ད་ཐེངས་འདིར་ངས་མཐོང་བའི་ནོར་འཕྱུག་འགའ་བཤད། དཔེར་ན། ད་ཐེངས་ཀྱི་འགྲན་བསྡུར་འདིའི་འགྲན་ཞུགས་པར་མཚོན་ན་གྲྭ་པ་དང་བཙུན་མ། མི་སྐྱ་རྒན་གཞོན་དང་ཕོ་མོ། སློབ་མ་སོགས་ཀྱི་བར་མཚམས་གཅིག་ཀྱང་མེད་པར་ཡོངས་ཁྱབ་ཀྱི་སྟེང་ནས་བསྡུས་པས་ན། འཛུལ་ཞུགས་མི་སྣ་ ༢༡༥ ཙམ་བྱུང་བ་དག་གི་ཁྲོད་དུ་དགོན་སྡེ་ཁག་གི་གྲྭ་པ་དང་སྤྱི་ཚོགས་སྟེང་གི་མི་སྐྱ། སློབ་གྲྭ་ཁག་གི་སློབ་མ་སོགས་མ་འདུས་པ་ཞིག་མེད་མོད། དཔྱད་འདེམས་པའི་ཁྲོད་དུ། “ཐེངས་འདིར་ངས་བུ་མོ་རྣམས་ལ་རྐང་བཙུགས་ནས་བརྒྱ་ཆ་མཐོ་བོ་སྤྲད་པ་ཡིན། གང་ཡིན་ཟེར་ན་མཇུག་མཐའི་མི་བརྒྱད་ཀྱི་ནང་དུ་བུ་མོ་རེ་འགའ་ཚུད་ན་ཡག་པོ་འདུག” (ཐེངས་འདིའི་དཔྱད་འདེམས་ཞིག་གི་སྐད་ཆ་ངོ་མ།) ཅེས་དང་། ཡང་གཞན་ཞིག་གིས་ “ཐེངས་འདིའི་ཨང་དང་པོ་སློབ་མ་ཞིག་ལ་ཐོབ་ན་ཡག་པོ་འདུག” (ཐེངས་འདིའི་དཔྱད་འདེམས་པ་ཞིག་གི་སྐད་ཆ་ངོ་མ།) ཅེས་གསུང་མཁན་བྱུང་ཡོད། ང་ཚོས་སུས་སྙན་ངག་གྱེར་ན་བཟང་མིན་གྱི་ངོ་གདོང་ལ་རང་ལ་བལྟས་ཏེ་སྐད་ཆ་བཤད་ཀྱིན་པ་ལས་འདིར་ “དམིགས་བསལ་” ཞེས་པའི་ཐ་སྙད་འདི་འབྱོར་ས་ཁྱོན་ནས་མེད་པ་ཤེས་དགོས། གལ་སྲིད་སློབ་མ་ཞིག་ལ་ཐོབ་ན་བཟང་བ་དང་བུ་མོ་ཞིག་ལ་བྱིན་ན་ཡག་ན་དང་པོ་ནས་བུ་མོ་དང་སློབ་མ་བསྡུ་དགོས་པ་དང་ས་མཚམས་དབྱེ་དགོས་པ་ལས་འགྲན་ཞུགས་པའི་ཁྲོད་དུ་ཡོངས་ཁྱབ་ཀྱིས་མི་བསྡུ་མི་རུང་བ་དེ་རེད། འདི་མ་འོངས་པར་ང་ཚོས་མཉམ་འཇོག་དགོས་ས་དང་པོ་རེད།

    གཉིས་པ། ཐེངས་འདིར་མི་ ༢༦ ལ་འགྲན་བསྡུར་མི་འདྲ་བ་གཉིས་བྱས་ཏེ། མཇུག་མཐར་མི་སྣ་ ༨ མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་བསྡུས་པ་རེད། ཡིན་ནའང་། སྔོན་འགྲོའི་འགྲན་བསྡུར་གཉིས་ཀྱི་སྐར་གྲངས་མཐའ་མའི་འགྲན་བསྡུར་ལ་ཁྱེར་མེད་ཀྱང་། སྔོན་འགྲོའི་འགྲན་ཞུགས་པའི་ཨང་རྟགས་མཐའ་མའི་འགྲན་ཞུགས་སྟེང་ཁྱེར་བས་ང་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཁྲོད་སྙན་ངག་གྱེར་འདོན་བྱེད་མཁན་ཐོག་མ་ཆགས་ཡོད་ལ། ད་ཐེངས་ང་ཚོས་འགྲན་བསྡུར་འདིའི་མགོ་འཇུག་བར་གསུམ་གྱི་ཉམས་མྱོང་ལྟར་ན་འགྲན་བསྡུར་བྱེད་མཁན་ཐོག་མ་དེར་དཔྱད་འདེམས་པས་བརྒྱ་ཆ་སྤྲོད་ཕྱོགས་ཀྱི་ཐད་ནས་རང་བཞིན་གྱིས་གྱོང་རེག་གིན་ཡོད་པས། ང་མཐའ་མའི་འགྲན་ཞུགས་པ་མི་བརྒྱད་ཀྱི་ཁྲོད་ནས་ཀྱང་མཐའ་མའི་མཐའ་མར་གྱུར་བའི་རྒྱུ་རྐྱེན་གཅིག་འདི་ན་ཡོད་སྙམ། འདི་ཡང་རང་གཞན་སུ་ཡིན་རུང་ཉམས་མྱོང་གིས་མ་འདང་བ་ཞིག་ཏུ་བརྩིས་ཆོག

    གསུམ་པ། ཐེངས་འདིར་མཇུག་མཐའི་ཐོབ་སྐོར་སྡོམ་སྟངས་ཀྱི་ཆ་ནས་ནོར་འཕྱུག་ཕྲན་ཚེགས་བྱུང་བས་ཨང་བཞི་བ་ལེན་མཁན་ཨང་གསུམ་པ་ལེན་མཁན་དུ་གར་སྟེགས་སྟེང་སྐད་བཏང་བ་དང་བྱ་དགའ་སྤྲད། གཉིས་པ་ལེན་མཁན་ཨང་དང་པོ་ལེན་མཁན་དུ་གར་སྟེགས་སྟེང་སྐད་བཏང་བ། མཇུག་མཐར་ཨང་དང་པོ་གཞན་ཞིག་བྱུང་བ་དང་ཨང་བཞི་བ་ལེན་མཁན་ལ་དགོས་མེད་དུ་ཧིན་སྒོར་ཉིས་ཁྲི་སྤྲོད་དགོས་བྱུང་བ་སོགས་ནི་ཐེངས་འདིར་རྔ་ཚིགས་སྒང་ནས་གྲི་ཆག་ས་དེ་ཡིན་ལ། མི་མང་གིས་འདོད་བློ་མ་ཁེངས་ས་གཙོ་བོའི་གཅིག་ཀྱང་འདི་ན་ཡོད་པས། གཞུག་ཕྱོགས་རྩིས་རྒྱག་མཁན་ཏུ་རྩིས་པ་ངོ་མ་ཞིག་གདན་ཞུ་བྱ་རྒྱུ་ཡང་གནད་ཀྱི་དོན་པོར་མཐོང་ངོ་། །

    གོང་གི་དོན་ཚན་གསུམ་ནི་ངས་རང་བློས་དཔོག་ཚོད་ཀྱིས་མཐོང་བའི་སྐྱོན་གསུམ་དང་། མ་འོངས་པར་འབྱུང་མི་རུང་བར་ངོས་བཟུང་བ་དག་གི་གྲས་ཡིན་པས་གཟབ་རྒྱུ་ངའི་རེ་བའོ། །དེ་མིན་རྩོམ་ཡིག་འདིས་མགོ་ནས་མཇུག་བར་དུ་གང་ཐུབ་ཐུབ་ཀྱིས་ཀློག་མཁན་སུ་གཅིག་ལའང་གནོད་གཞིའི་སྐད་ཆ་ཞིག་མ་ཡོང་ན་བསམ་ནས་བྲིས་ཡོད་ཀྱང་། ད་དུང་གནོད་གཞི་དང་ཕོག་ཐུག་ལ་འགྲོ་བའི་རྒྱུ་རེ་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཡིན་ལ། ད་དུང་ནས་བཟུང་ང་ཨ་རིག་འགྱུར་མེད་ཀྱི་མིང་མེད་པའི་མཆན་དང་རྩོམ་ཡིག་གང་འདྲ་ཞིག་བྱུང་རུང་། ངའི་སྐད་ཆ་དང་བཤད་འདོད་པ་དག་མིན་པས་དེ་དོན་དགོངས་འཇགས་ཡོང་བའི་རེ་སྐུལ་ཡང་ཞོར་ནས་ཞུ་ཞུ།

    ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༡༦ ཉིན་གྱི་མཚན་མོར།

    Reply
  7. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ལས་འགུལ་འདི་ལྟ་བུ་སྤེལ་བ་ལ་བསྔགས་བརྗོད་ཡོད། འདི་ནི་བོད་མི་རིགས་ཀྱི་རིག་གཞུང་ལ་ཚོར་ཤེས་ཤུགས་ཆེན་ཡོད་པའི་བྱ་གཞག་གཅིག་ལ་ངོས་འཛིན་བཞིན་ཡོད། མུ་མཐུས་མཇུག་སྐྱོངས་གནང་ན་ཡག་པོ་རེད། འོན་ཀྱང་བརྒྱ་ཆ་སྤྲོད་སྟངས་ཀྱི་ཐད་ལ་བསམ་གཞིགས་བྱེད་དགོས་པ་གལ་ཆེན་པོ་རེད། རྒན་བེ་རི་ལགས་ཀྱིས་༢༥ ནས་ ༢༥ སྤྲོད་པ་འདི་དོན་ངོ་མ་བྱས་ན་ཁོང་ཐོབ་སྐར་སྤྲོད་སྟངས་ཀྱི་ཐད་ལ་རྒྱུས་མངའ་དང་ཉམས་མྱོང་ཞན་པའི་སྐྱོན་ཆ་ཞིག་རེད། ཐོབ་སྐར་དེ་ལྟ་བུ་ཞིག་སྤྲོད་ཆོག་གི་མ་རེད། ཁོང་ཐུགས་ཁག་ཡོད་མ་རེད། སློབ་གྲ་ཁག་ལ་འགྲིམས་མྱོང་མེད་པ་ཡིན་ཙང་གནས་ཚུལ་དེིའསྐོར་ལ་འགྲོ་སྟངས་ཞེ་དྲག་ཤེས་ཀྱི་མ་རེད། སློབ་གྲ་ཁག་དང་མཐོ་སློབ་ཁག་གི་ནང་དུ་སློབ་ཚན་གང་ཞིག་ལ་ཐོབ་སྐར་སྤྲོད་སྐབས་བརྒྱ་ཆ་བརྒྱ་ནས་བརྒྱ་ཐམ་པ་ཐོབ་སའི་སློབ་ཚན་གཅིག་རང་ཡོད་པ་ནི་ཨང་རྩིས་ཁོ་ན་ཡིན། དེ་མིན་སློབ་ཚན་གཞན་ཁག་ལ་མཐོ་ཤོས་དེ་ལ་བརྒྱ་ཆ་༩༩ དང་ཚེག་༥༠ ལས་རག་ཐབས་མེད། དེ་ལ་རྒྱུ་མཚན་ཞིག་ཡོད་པ་རེད།

    Reply
  8. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    མྱི་སྐད་བཤད་ཤེས་ཤིང་མྱི་ལུགས་འཚོ་ཤེས་མཁན་ཞིག་ཡིན་ན། འདི་ལ་བསྔགས་པར་འོས་པ་ལས་གཞན་མེད་དོ། རང་ཁེ་བ་སྐོར་ཞིག་གིས་ཡང་འདི་ན་ཅིག་བཤད་ཀི་འདུག་ག

    Reply
  9. ཟུངས་ཁྲག says:
    ལོ་ 14 སྔོན།

    དྲ་གྲོགས་ཚོའི་བསམ་ཞིབ་གནང་དགོས་བ་ཅིག་ལ་ཌྷོད་དཀར་དྲ་ཚིགས་ཀྱིས་གཙོ་སྒྲུབ་གནང་བའི་སྙན་ངག་གྱེར་འདོན་འདི་ལྟ་བུ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་བ་རེད་བསམ་གི་གང་ཞེ་ན་བོད་ཡིག་ཉམས་ཆགས་འགྲོ་བཞིན་་པའི་སྐབས་འདི་འདྲ་ཞིག་ལ་ཟ་དང་ཟུར་ནས་སྐྱོན་བརྗོད་བྱས་ན་བོད་ཡིག་འདི་མཇུག་སྒྲིལ་བྱང་ན་བློ་ཕམ་པོ་རེད་དྲན་གི།

    Reply
  10. བྱ་གཞུང་དཔལ་རྡོར། says:
    ལོ་ 14 སྔོན།

    དགོང་མོ་དེའི་སྙན་ངག་གྱེར་འདོན་གྱི་དགོང་ཚོགས་དེ་ཧ་ཅང་གྲ་འགྲིག་མོ་ཞིག་མ་བྱུང་ནའང་། ལྟོས་ས་ལྟོས་འཇོག་གི་ཡག་ཐག་ཆོད་བྱུང་སོང་། ཨ་ཁུ་ཤིང་བཟའ་ཚང་ལ་གཞི་མེད་ཀྱི་སྐྱོན་བརྗོད་བྱེད་པ་དེར་ཁ་ཡ་བྱེད་འདོད་མི་འདུག ཡིན་ནའང་མཇུག་མཐར་སྐྱོན་ཅུང་ཙམ་ཞིག་བྱུང་སོང། གཙོ་བོ་ཉམས་མྱོང་གི་མ་འདེང་བ་རེད་སྙམ། རྩིས་ནོར་བ་དེ་ཅུང་ཐབས་རྡུལ་ཞིག་བྱུང་སོང་། མི་བརྒྱད་ལས་མེད་པས་རྩིས་ནོར་བྱུང་སྟངས་མེད་པ་རེད་ཡིན་ནའང་གཙོ་བོ་རྩིས་རྒྱག་མཁན་དེ་ཚོ་སློབ་གྲ་ཞིག་ནང་ལ་གོམ་པ་མ་སྤོས་བ་ཐག་ཆོད། ཡང་མིན་ན་གྲ་ལོག་ཁ་ཤས་ཤིག་དང་སྙན་ངག་ཐ་ཐུན་འབྲི་ནི་ཟིག་ཡིན་ཚོད། རང་གིས་མི་འཇོན་ན་གཞན་ལ་ལས་གི་མི་འཇུག་ནི་ཡོད་སྐབས་གྲ་མ་འགྲིག་པ་དེ་འདྲ་བྱུང་གི་རེད། རྒྱུ་མཚན་གང་ཡང་མེད་ནའང་ངས་བསམ་ཚོད་བྱས་ན་རྩིས་རྒྱག་མཁན་དེ་གྲ་བ་ལོག་སོང་བ་ཞིག་ཡིན་རྒྱུ་རེད་བསམ་གི དགོང་མོ་དེར་རྩིས་བ་གཞན་ཞིག་ཡོད་ཚེ་དེ་འདྲ་ཞིག་བྱུང་མེད། མ་མཐའ་ཡང་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་ཙམ་ཐོན་ཡོད་མཁན་ཞིག་ཡིན་ནའང་རྩིས་དེ་ཚོ་ནོར་གི་མ་རེད། དེ་གཅིག་ཡིན། གཞན་ཞིག་ནི་ང་སྙན་ངག་མཁན་ཞིག་མིན་ནའང་སྙན་ངག་གི་བྲོ་བ་ཐ་ཐུན་ཞིག་ཚོར་ཐུབ་གི་ཡོད། ཁ་སང་དགོང་མོའི་སྙན་ངག་གྱེར་འདོན་ལ་ཉན་རྗེས་བསམ་ཚུལ་མི་འདྲ་བ་ཞིག་བྱུང་སོང་། ང་ཚོའི་བརྗོད་བྱ་མི་གཅིག་ཀྱང་སྙན་ངག་མང་ཆེ་བའི་གདེངས་ཀྱི་འདེགས་འཇོག་ཚང་མ་འདྲ་བོ་ཡིན་པ་དེས་ང་ཚོའི་བོད་ཀྱི་སྙན་ངག་གྱེར་འདོན་གྱི་སྐོར་ལ་དོགས་པ་ཞིག་སླེབས་སོང་། ང་ལྡི་ལི་ན་ཡོད་སྐབས་ཨ་རིའི་བརྡ་འཕྲིན་ལྟེ་གནས་སུ་རྒྱ་གར་དང་ཨ་རིའི་སྙན་ངག་གྱེར་འདོན་དགོང་ཚོགས་ཤིག་ལ་ཕྱིན་པ་ཡིན། དེ་ཚོའི་སྙན་ངག་སྐྱོར་སྟངས་དེ་བབ་ཆགས་པོ་དང་། བརྗོད་བྱ་དེ་གཙོ་བོ་དང་དབྱངས་ཀྱི་འདེགས་འཇོག་བརྗོད་བྱ་དང་ཚིག་རྐང་ལ་བརྟེན་ནས་མཐོ་དམའ་འགྲོ་བ་ཞིག་འདུག ལྷག་པར་དུ་རྒྱ་གར་གྱི་སྙན་ངག་སྐྱོར་མཁན་དེ་དག་གིས་བརྣན་པའི་སྒྲ་གྱེར་སྟངས་དེ་ཁྱད་པར་ཅན་ཞིག་འདུག དེས་ཉན་པ་པོས་ཚིག་རྐང་རྗེས་མ་དེ་ག་རེ་ཞིག་ཡོང་རྒྱུ་ཡིན་མིན་ལ་རེ་བ་བྱེད་དུ་བཅུག་པ་ལྟ་བུའི་ཚོར་བ་ཞིག་སླེབས་པར་བྱེད་པ་ཞིག་འདུག གང་ལྟར་སྙན་ངག་དེ་གསལ་བོ་གསལ་བོ་ཞིག་དང་བབ་ཆགས་པོ་ཞིག་འདུག དེ་མིན་དབྱིན་ཇིའི་སྙན་ངག་གི་ཚིག་རྐང་གི་འབབ་སྟངས་ལ་གོ་རིམ་ཡོད་པ་ཞིག་འདུག་ལ། བོད་ཀྱི་སྲོལ་རྒྱུན་སྙན་ངག་སྐྱོར་སྟངས་དང་ཅུང་འདྲ་བོ་འདུག དཔེར་ན་ཚིག་རྐང་བཞི་ཅན་ཞིག་ཡིན་ན་ཚིག་རྐང་མཐའ་མ་དེ་ནན་ཏན་དུ་བཟུང་ནས་འདེགས་འཇོག་གི་སྐྱོར་སྟངས་སྐྱིད་པོ་ཞིག་འདུག ཚིག་རྐང་ལྔ་ཡིན་ན་གསུམ་པ་དང་མཐའ་མ་དེ་སྐྱོར་སྟངས་ཅུང་མི་འདྲ་བར་ནན་ཏན་གྱི་གདེངས་ཤིག་སླེབས་ཀྱི་འདུག ད་ང་ཚོས་བོད་ཀྱི་སྙན་ངག་སྐྱོར་སྟངས་ཐད་ནས་སྲོལ་རྒྱུན་སྙན་ངག་སྐྱོར་སྟངས་དེ་ཁུངས་ཡོད་ཅིང་དོན་ལ་གནད་པ་ཞིག་ཡོད་ནའང་། རང་མོས་སྙན་ངག་ལ་ད་དུང་ཡང་གྱེར་འདོན་གྱི་མ་དཔེ་གཅིག་ལས་མེད་པ་དེ་རེད། དེ་ནི་ལང་ཚོའི་རྦབ་ཆུ་རེད། ལང་ཚོའི་རྦབ་ཆུའི་སྙན་ངག་གྱེར་འདོན་དེས་ང་ཚོ་ཚང་མར་བག་ཆགས་ཟབ་མོ་ཞིག་བཞག་པ་རེད་ལ། གསར་གཏོད་ཅིག་ཀྱང་རེད། དེའི་རྗེས་ནས་ང་ཚོའི་སྙན་ངག་སྐྱོར་ཚུལ་ལ་གསར་གཏོད་ཅིག་བྱེད་མ་ཐུབ་པར་བརྗོད་བྱ་ག་རེ་ཡིན་ནའང་གདེངས་ཀྱི་འདེགས་འཇོག་གི་བརྒྱུད་ལམ་གཅིག་གི་ནང་དུ་ཕྱིན་པ་རེད། དཔེར་ན་ཁ་སང་གི་བྱ་དགའ་ཐོབ་མཁན་ཨང་གསུམ་པ་དེའི་སྙན་ངག་གི་བརྗོད་བྱ་ཕོ་མོའི་བརྩེ་དུང་ཡིན་ཡང་སྔ་ཕྱི་བར་གསུམ་ཚང་མར་གྱེར་འདོན་བྱེད་སྐབས་གདེངས་མཐོ་བོ་དང་དྲག་པོས་གྱེར་སོང་། ང་ནི་ཚོར་བ་སླེབས་པ་ལྟ་ཞོག་ང་ཚོའི་སྙན་ངག་སྐྱོར་སྟངས་ལ་སྐྱོན་ཆེན་པོ་ཞིག་ལྷག་ཡོད་པ་ཚོར་བྱུང་། ད་དུང་སྐྱོར་མཁན་མང་བོ་ཞིག་གིས་གདེངས་ཀྱི་གཟི་བརྗིད་གཙོ་བོ་དང་ཚིག་དང་བརྗོད་བྱའི་བསྟན་བྱ་ཕལ་བར་གྱུར་བས་ཚིག་གི་གསལ་ཆ་ཉམས་ནས་གསལ་བོ་མི་གོ་བ་དང་སྐད་བཙིར་ནས་རག་རག་བྱས་ནས་ཐོན་དུ་བཅུག་སྟེ་སྐད་ཀྱི་གཟི་བརྗིད་ཆེ་ཐག་ཆོད་ཅིག་བཏོན་པ་རེད། སྤྱིར་བཏང་ང་ནི་ཨ་མདོའི་སྐད་ཀྱིས་འཚར་ལོངས་བྱུང་ནའང་ཨ་མདོ་བའི་སྙན་ངག་གྱེར་འདོན་ཡང་མི་གོ་བ་རེད། མ་གཞི་ནས་སྙན་ངག་སྐྱོར་སྟངས་འདི་ལ་ར་ཤི་ཡའི་གསར་བརྗེའི་དུས་སྐབས་དང་རྒྱ་ནག་གི་གསར་བརྗེ་སྐབས་ཀྱི་བསམ་བློའི་མངོན་ཚུལ་ཞིག་གི་ཤུགས་རྐྱེན་བརྗོད་མ་དགོས་པ་ཞིག་ཐེབས་ཡོད་འདུག དཔེར་ན་དམར་ཕྱོགས་པ་ཚོས་སྤོབས་སེམས་དང་བརྩེ་དུང་མཚོན་པར་གསར་བརྗེའི་དམག་མི་ཚོས་བྲང་ཁོག་ལྡིར་ནས་སྟོན་པ། རྒྱལ་དར་བྲིས་ནའང་རླུང་གིས་ལྷབ་ལྷུབ་དུ་གཡོས་ཏེ་གཟི་བརྗིད་དང་སྤོབས་སེམས་མཚོན་པར་བྱེད་པ་སོགས་རེད། དེ་ནང་བཞིན་གུང་ཁྲན་ཏང་ལ་དགའ་གུས་ཀྱི་གླུ་དབྱངས་ལེན་སྐབས་བྲང་ཁོག་ཆེ་ཙམ་ལྡིར་ནས་མིག་གིས་རྒྱང་ལ་བལྟས། ཁ་གོར་གོར་བྱས་ནས་སྐད་ཤུགས་ཆེན་པོས་སྐད་གདངས་རྒྱང་བསྒྲགས་ནང་བཞིན་ཡོང་གི་འཇུག་པ་རེད། སྤྱིར་བཏང་རང་མོས་སྙན་ངག་སྐྱོར་ཚུལ་དེ་འདྲ་ཞིག་མིན་ནའང་དེའི་ཤུགས་རྐྱེན་ཏན་ཏན་སླེབས་འདུག་སྙམ། དེར་བརྟེན་མ་འོངས་པར་སྙན་ངག་གྱེར་འདོན་སྐོར་ལ་རྒྱུ་ཆ་མང་པོ་ཞིག་འཚལ་ནས་ཞིབ་འཇུག་ཅིག་བྱེད་ཐུབ་དགེ་མཚན་ཆེན་པོ་འདུག། ལྷག་པར་དུ་རྒྱ་གར་གྱི་སྙན་ངག་སྐྱོར་སྟངས་དེ་གལ་ཆེན་པོ་རེད་སྙམ།

    Reply
  11. རི་བོང། says:
    ལོ་ 14 སྔོན།

    བོད་པ་ཚང་གིས་སྔོན་མ་ཆོ་ག་ཆོས་སྤྱོད་བཏོན་པ་རེད། དེ་ནས་ཆོ་ག་ཆོས་སྤྱོད་དབྱངས་ལ་འཐེན་ནས་གདངས་སུ་གྱེར་བ་རེད། དེང་སང་དགོན་པ་གྲྭ་ཚང་གི་དགེ་འདུན་པ་རྣམས་དབྱངས་ལ་སུན་ནས་སྡུག་སྐད་ཤོར་བཞིན་པའི་སྒང་རེད། དེང་སྐབས་བོད་ཀྱི་ན་གཞོན་འགས་སྙན་བྲིས་ནས་འདོད་བློ་མ་ཚིམས་པར་སྙན་ངག་དབྱངས་ལ་གྱེར་བཞིན་འདུག་མོད། དེ་དེ་བཞིན་ནོ།།

    Reply
  12. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    གང་ལྟར་སྙན་ངག་གྱེར་འདོན་བྱེད་པའི་གོ་སྒྲིག་འདིར་སྙིང་ཐག་པ་ནས་དགའ་འོས་བ་ཞིག་ཡིན་ལ། ང་ཚོས་རྒྱབ་སྐྱོར་བྱེད་འོས་པ་ཞིག་ཀྱང་རེད། སྤྱིར་ང་ཚོ་བོད་པ་ཚང་ལ་ནད་ཞིག་ཡོད་པ་ནི།གཅིག་སྒྲིལ་བསམ་བློ་གཞིར་གཞག་ནས་ནོར་འཁྲུལ་ལ་ཐེར་འདོན་བྱེད་པ་ལས་ལྡོག་སྟེ་སྐྱོན་རྐྱང་རྐྱང་གི་སྣེ་མོ་བཙལ་ནས་སྤྱི་ཚོགས་ནང་རྙོག་དྲའི་འཁོར་ཡུག་ཞིག་བསྐྲུན་པ་དེ་ངོ་མ་ཡ་ང་བ་ཞིག་རེད། འོན་ཀྱང། ང་ལ་མཐའ་འཇུག་གི་རེ་བ་ཞིག་ཡོད་པ་ནི། གོ་སྒྲིག་འདི་ལྟ་བུའི་བོད་ཀྱི་སྐད་དང་ཡི་གེ་ཡི་ལས་འགུལ་འདི་གཞིས་ལུས་མི་དམངས་གཙོ་བྱས་བོད་འབྱོར་རྐྱང་རྐྱང་གི་འོས་འགན་ཞིག་མིན་ཏེ། ཕྱི་ཡུལ་གཞིས་ཆགས་བོད་མི་ཚོས་ཀྱང་སྟོང་ཆ་འདི་སྐོང་ཐུབ་རྒྱུ་དང་འདི་དང་འདི་ལྟ་བུའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐོག་གོ་སྐབས་རེ་ལེན་ཐུབ་ན་ཅི་མ་རུང་སྙམ།

    Reply
  13. གནམ་ལྕགས། says:
    ལོ་ 14 སྔོན།

    ང་རང་ཡང་སྙན་ངག་གྱེར་འདོན་གྱི་རྟིང་རྩོད་འགྲན་བསྡུར་དེའི་ཐོག་ཡོད། མི་ཁ་ཤས་ཀྱིས་དཔྱད་འདེམས་པའི་ཐོག་ལ་ནག་ཉེས་འགལ་བ་དང་ཁ་སང་ཁ་བརྡ་དྲ་བར་ཡང་དེ་འདྲ་ཞིག་བཀོད་འདུག དོན་དངོས་ཀྱིས་གཟུངས་ཕྱུགས་སྐྱིད་ཀྱིས་ཨ་རིག་འགྱུར་མེད་ལ་ནག་པོ་བཟོས་རབས་བཤད་འདུག དེ་འདྲ་མ་རེད། དཔྱད་འདེམས་པས་ཇི་ལྟར་འདེམས་ཀྱང་དེར་ཙ་རེ་ཙོ་རེ་བཤད་རྒྱུ་མེད་པ་ནི་འགྲོ་སྟངས་ཤིག་ཡིན། གཟུངས་ཕྱུགས་ཀྱིས་སྐར་གྲངས་༢༡སྤྲད་པ་དང་བེ་རིས་༢༥ནས་༢༥་སྤྲད་པ་སོགས་སོ་སོའི་ཡིད་དང་ཚོར་བས་མྱོང་སྟངས་ཤིག་རེད། དེ་བསམ་འཆར་བཤད་རྒྱུ་ཅང་ལྷག་མེད།
    དགོང་མོ་དེར་ངའི་མཉམ་དུ་རྒན་ལྷ་བཟང་ཚེ་རིང་ཡོད། བེ་རིས་༢༥་ནས་༢༥་སྤྲད་པ་དང་མཉམ་དུ་རྒན་ལྷ་བཟང་རྐུབ་སྟེགས་ནས་ཡར་ལང་ནས་དེ་ག་རེ་རེད་ཅེས་སྐད་བརྒྱབ་སོང་། དོན་དངོས་ཀྱིས་སྐར་གྲངས་དེ་འདྲ་སྤྲོད་པ་ལ་ཧང་སངས་དགོས་པ་ཞིག་ཡིན། དེ་མ་གཏོགས་མཆན་བུ་འདེབས་མཁན་ཚོས་དོན་དངོས་ཀྱི་སྐད་ཆ་བཤད་པ་ལས་གོ་སྒྲིག་པ་དང་ལས་རིམ་འདིའི་སྟེང་ལ་རྒྱུས་མེད་རྒྱུས་གཏམ་དང་ཁུངས་མེད་ལོང་གཏམ་བཤད་པ་དག་ནི་སྐྱོ་དགོས་པ་རང་རེད།

    Reply
  14. བཀྲ་ཤིས། says:
    ལོ་ 14 སྔོན།

    འོད་དཀར་དྲ་བའི་མགོ་སྒྲིག་འོག་སྙན་ངག་སྒྲོག་སྦྱང་གི་གོ་སྐབས་བཟང་པོ་དེ་བོད་ཀྱི་རིག་གཞུང་དང་ལྷག་པར་སུམ་སྦྱོར་བའི་ཁ་བརྡར་ལ་དགའ་གཞེན་ཆེ་བའི་ན་གཞོན་མང་པོ ཞིག་ལ་ཕན་ཐོག་ཆེན་པོ་བྱུང་སོང་བྱང་གཙང་ངས་སེམས་རྟིང་ནས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། སླད་ནས་ཀྱང་ལས་རིགས་དེའི་སྐོར་གང་མང་ཞིག་མགོ་སྒྲིག་གནང་རོག་གནང་།

    Reply
  15. འབྲོག་རུ་ཆོས་གྲགས། says:
    ལོ་ 14 སྔོན།

    ཐེངས་འདིའི་སྙན་ངག་གྱེར་འདོན་གྱི་མཐའ་མའི་ཐོབ་སྐར་བསྒྲགས་སྐབས་ཨང་རིམ་ཏོག་ཙམ་ནོར་བ་དེ་དངོས་ཡོད་གནས་ཚུལ་ཡིན། ཡིན་ནའང་། སྐྱོན་ཆུང་ཆུང་ཞིག་ལ་ཁ་གཡར་ནས་ནག་ཉེས་ཆེན་པོ་རེ་བཟོ་འདོད་ཡོད་པ་རྣམས་ཀྱིས་བསམ་བློ་རྒྱ་ཆེན་པོ་རེ་གཏོང་རོགས། ད་ལྟ་གསར་འགོད་པས་གསལ་བཤད་བྱས་པ་ནང་བཞིན་ང་ཚོས་ཐོབ་སྐར་ཕྱི་གསལ་ནང་གསལ་བཟོས་ཡོད། གཅིག་འདི་ཡིན།
    གཉིས་ནས། བོད་ཀྱི་བླ་སྤྲུལ་རེ་འགས་འདི་ལྟར་ལས་དོན་རེ་སྤེལ་ཡོང་དུས་འགྲེལ་མེད་དོན་གཞན་མ་གླེང་རོགས། གལ་སྲིད་གླེང་འདོད་ཡོད་ན་གདོང་དང་གདོང་ཐུག་ནས་གླེང་རོགས། དེ་མིན་འདིའི་རིགས་ཀྱིས་ང་ཚོའི་རིག་གནས་ཡར་སྤེལ་གྱི་ལས་དོན་ལ་ཧ་ཅང་གནོད་སྐྱོན་ཐེབས་སྲིད་པས་འགན་འཁྲི་ཁུར་ནས་དགོངས་ཚུལ་གསུང་རོགས།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ངས་ཀློག་པ་པོ་ཚོར་འབོད་སྐུལ་ཞུ་རྒྱུ་ཞིག་ལ། མི་རྒྱུ་གཉིས་ཀའི་འགྲོ་སོང་ཕོན་ཆེན་བཏང་ཞིང་སྐུ་ངལ་ཆེན་པོ་བསྐྱོན་ཏེ་བོད་ཀྱི་རིག་གཞུང་ལ་སྲི་ཞུ་སྒྲུབ་པའི་ལས་འགུལ་འདི་ལ་རྒྱབ་སྐོར་གྱིས་བསྔགས་པ་བརྗོད་འདོད་མེད་ཀྱང་། སྣེ་དང་ཟུར་རེར་འཇུས་ཏེ་སྐྱོན་གནས་ཁབ་ཀྱིས་མ་བཙལ་ན་བཟང་གི་རེད་བསམ་གྱི་འདུག ཉིན་དེའི་སྙན་ངག་གྱེར་འདོན་མཇུག་གི་སྡོམ་སྐར་གསལ་བསྒྲགས་སྐབས་ཏོག་ཙམ་ཡར་སྦྱར་མར་སྦྱར་ཞིག་བྱུང་བ་དངོས་ཡོད་ཡིན་ཡང་། རྗེས་སུ་བསྐྱར་སྒྲིག་གཙང་ཐག་ཆོད་ཅིག་བྱུང་ཡོད་ལ། གནས་ཚུལ་དེས་དོན་དག་དངོས་ཀྱི་ཐོག་ལ་ཡང་ཁྱད་པར་གང་ཡང་ཕྱིན་ཡོད་པ་མ་རེད་དྲན་ཡོད།
    རེ་ཟུང་གིས་དཔྱད་འདེམས་པ་དག་གིས་དྲང་མོ་བྱས་མ་སོང་ཟེར་མཁན་ཡོད་ཀྱང་། དེ་ཡང་རྒྱུར་མཚན་ཆེར་མེད་པར་གླེང་ཕྱོགས་བཟོས་པ་ཞིག་རེད། སྤྱིར་བཏང་འགྲན་བསྡུར་ཆེ་ཆུང་གང་ཞིག་ཡིན་རུང་། དེའི་དཔྱད་འདེམས་པ་དང་ཟུར་དཔང་བ་དག་ལ་ལབ་རྒྱུ་གླེང་རྒྱུ་མེད་པ་ཞིག་ཕལ་ཆེར་ཡོང་མི་སྲིད་པ་ཞིག་ཡིན། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དང་བོད་མིའི་སེམས་པ་གུ་དོག་འདིའི་ནང་དུ་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། དོན་དངོས་ཐོག་ཐེངས་འདིར་དཔྱད་འདེམས་པ་དག་ལ་དོགས་པ་ཟ་དགོས་པའི་རྒྱུ་མཚན་སྣེ་གཅིག་ཡོད་པ་མ་རེད་སྙམ། དཔྱད་འདེམས་པ་དང་སྙན་ངག་འགྱེར་འདོན་པའི་བར་དགའ་ཉེ་སྤུན་གྲོགས་ཀྱི་འབྲེལ་བ་གང་ཡང་མེད་པ་མ་ཟད། དཔྱད་འདེམས་པ་དག་ཆོལ་ཁ་སོ་སོ་ནས་རེད་ལ། མཇུག་མཐའི་བྱ་དགའ་ཐོབ་མཁན་དག་ཀྱང་ཆོལ་ཁོངས་ཁ་ཁར་འཁེལ་ཡོད།

    Reply
  17. migmartseta says:
    ལོ་ 14 སྔོན།

    ཇི་ལྟར་བཤད་ཀྱང་ད་རེས་ཀྱི་སྙན་ངག་གྱེན་འདོན་འགྲན་བསྡུར་གྱི་མཇུག་སྡོམ་དེ་ཅིག་འགྲིག་མེད་པ་ངོ་མ་ཡིན་ས་འདུག ཁ་སང་སྔ་དྲོ་ཁ་བརྡ་དྲ་བའི་སྟེང་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་དུ། དཔྱད་འདེམས་པ་དག་གིས་དྲང་མོ་མ་བྱས་པའི་གླེང་ཉོག་ཅིག་བཤོ་འདུག དེ་རིང་དུས་བབ་ཐོག་གཟེངས་བསྟོད་བྱ་དགའ་སྤྲོད་སྟངས་ལ་ནོར་འཁྲུལ་ཤོར་གནས་ཚུལ་ཞིག་རྩོད་ཀྱིན་འདུག་འདུག ཡང་ཁ་གཅིག་གིས་འགྲན་བསྡུར་མགོ་འཛུགས་སྐབས་བླ་མ་ཤིང་གཟའི་སྐད་ཆ་བཤད་སྟངས་ལ་ཐལ་ཆ་ཤོར་སོང་རབས་ཟེར། ད་མགོ་ཉོག་པོ་ཞིག་ཆགས་སོང་།
    ངས་གོ་བ་བཅས་ན་སྙན་ངག་འགྱུར་འདོན་འགྲན་བསྡུར་འདི་དང་པོ་དབུ་འཛུགས་སྐབས་ལ། མཐའ་མའི་ཨང་དང་པོ་ལ་ཧིན་སྒོར་འབུམ་གཅིག་གི་གསོལ་རས་སྩོལ་རྒྱུ་ཡིན་པ་ཞིག་གོ་སོང་། གསལ་བསྒྲགས་དེའི་ངོ་བཤུས་ཤིག་ཀྱང་མཐོང་སོང་ཡང་། དེ་རིང་གི་གསར་འགྱུར་ནང་ཨང་དང་པོ་ལ་སྒོར་མོ་ ༦༠༠༠༠ ཞེས་བཀོད་འདུག དེ་ལ་གཞུགས་ན་ལས་འགུལ་འདི་མགོ་བཙུགས་དུས་ནས་བཟུང་གྲ་སྒྲིག་ཡག་པོ་མེད་པ་ཞིག་ལ་མཐོང་སོང་།

    Reply
  18. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དྲ་གྲོགས་བཀྲ་ཤིས་ཉི་མ་ལགས་སུ་གསལ་བཤད་དུ། གནས་ཚུལ་དེ་ཀློག་པ་པོ་ཡོངས་ལ་བདེན་པ་བདེན་ཐུབ་ཀྱི་ཐོག་ནས་གསལ་ཁ་ཡོང་ཆེད། འདི་ག་གསར་འགོད་པ་ཆེད་དུ་བྱ་འགུལ་གོ་སྒྲིག་པའི་སར་བཅར་དེ་ནོར་ལུགས་ནོར་སྟངས་ག་འདྲ་ཡིན་མིན་ཐད་བཅར་འདྲི་བྱས་པ་ཡིན་ལ། བྱ་འགུལ་གོ་སྒྲིག་པའི་ངོས་ནས་ཀྱང་མང་ཚོགས་ལ་གནས་ཚུལ་དེ་ཕྱི་གསལ་ནང་གསལ་ཡོང་ཆེད་དེ་དང་འབྲེལ་བའི་དཔང་འཕེར་གྱི་ཡིག་ཆ་ཁག་གི་ངོ་བཤུས་ཀྱང་གློག་པར་བརྒྱབ་ཏེ་ཕྲན་གསར་འགོད་པར་སྤྲད་བྱུང་། དོན་དངོས་གནས་ཚུལ་གང་ཡིན་པ་དེ་དེ་བཞིན་དུ་གསར་འགྱུར་དུ་བཀོད་དེ་མང་ཚོགས་ལ་གསལ་ཁ་བཟོས་ཡོད། གསར་འགྱུར་གྱི་ནང་དོན་ཡོངས་རྫོགས་བདེན་པ་དཔང་འཕེར་དང་དྲང་པོ་དྲང་བཞག་གིས་བཀོད་ཡོད། གལ་སྲིད་གསར་འགྱུར་གྱི་ནང་དོན་ཆ་ནས་དྲང་བདེན་མ་ཡིན་པ་ཞིག་དཔང་འཕེར་གསལ་འདོན་བྱ་དགོས་རིགས་ཡོད་ཚེ་དོགས་འདྲི་གནོང་དང་གསལ་བཤད་ཁ་གསལ་ཞུ་ཆོག གཞན་གསར་འགོད་པ་དང་གོ་སྒྲིག་པ་མི་སྒེར་བར་གྱི་འབྲེལ་ནི་གསར་འགྱུར་དང་འབྲེལ་མེད་ཆགས་ཡོད་སྟབས། དེའི་ཐད་གསལ་བཤད་ཞུ་དགོས་ཆགས་མ་སོང་། གསལ་བཤད་འདི་ནི་འགོད་དོན་ནི་དོགས་སེལ་གྱི་ཆེད་དུ་ལས་ཁ་གཏད་ཀྱི་ཕྱིར་དུ་མིན།
    གསར་འགོད་པས།

    Reply
  19. Lakpadondup says:
    ལོ་ 14 སྔོན།

    ས་ཡིག་དང་ཐམ་ག་སོགས་གཅིག་ཀྱང་མེད་པ་མ་ཟད། མཐའ་ན་ལས་ཤོག་ལས་རྟགས་ཙམ་ཡང་མཐོང་རྒྱུ་མེད་པའི་རེས་མིག་དེ་དོགས་པ་ཟ་དགོས་པ་ཞིག་རེད།
    དངོས་ནས་བྱས་ན་སྐར་མ་སྤྲོད་མཁན་རེ་རེ་ཡི་ས་ཡིག་བཀོད་རྗེས་སྤྱི་སྡོམ་པར་སྤྲོད་དགོས་ཤིང་། སྤྱི་སྡོམ་པའི་མཛུབ་ཐེལ་མནན་རྗེས་གཙོ་སྐྱོང་བར་འབུལ་དགོས། དེ་ནས་གཙོ་སྐྱོང་བས་ཐམ་ག་བཏབས་རྗེས་ཡོངས་ཁྱབ་ཏུ་བསྒྲགས་དགོས་པ་ཞིག་ཡིན།

    Reply
  20. མྱི་ says:
    ལོ་ 14 སྔོན།

    འདི་བོད་ཀྱི་སྙན་ངག་གྱེར་འདོན་མ་རེད། མ་འོངས་བར་བོད་རང་གི་སྙན་ངག་གྱེར་འདོན་རེ་བྱེད་ཐུབ་ན་ཡག་པོ་འདུག སྔོན་མའི་བོད་ཀྱི་མཁས་པ་ཚོས་སྙན་ངག་མང་པོ་བྲིས་ཡོད་པས་འདོན་སྟངས་ཤིག་ལོས་ཡོད། འདི་ཨུ་རུ་སིའི་འདོན་སྟངས་རྒྱ་ནག་ལ་འདྲེས་བ་དེ་རེད། འདི་རིག་གནས་གསར་རྗེས་སྐབས་ཀྱི་འདོན་སྟངས་དེ་རེད། འདི་ཀྲུའུ་ཨན་ལི་མྱ་ངན་ལ་ཕུལ་བའི་སྙན་ངག་རྩོམ་སྟངས་དང་གྱེར་འདོན་བྱེད་སྟངས་དེ་རེད། ཤིང་བཟའ་དང་སློབ་མ་ཚོ་གསར་བ་ཡིན་པས་ཤེས་ནི་མ་རེད།

    Reply
  21. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    ཐོག་མ་ནས་ལས་འགུལ་འདིའི་ངོ་བོ་དང་ལས་འགུལ་སྤེལ་ཕྱོགས་ཐོག་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་ལས་འགུལ་འདིའི་སྣེ་འཁྲིད་མཁན་ཐོག་ལ་བསམ་ཚུལ་ཡོད། ཆབ་སྲིད་པ་བྱེད་རྒྱུ་ཡིན་ཟེར་མཁན་ཞིག་གིས་སྙན་ངག་དང་རྩོམ་རིག་ཐོག་ལ་ཤ་ཚ་ཁུལ་དང་སྙིང་ཉེ་ཁུལ་ཅི་ཙམ་བྱས་ཀྱང་དེ་ཙམ་ཡིན།
    མཐར་གཏུག་ན་ཁེ་ཕན་ཞིག་ལ་སྙེག་གི་ཡོད་པ་མ་ཟད། སྐབས་བབས་ཀྱི་བྱ་བའི་དགོས་མཁོ་ཞིག་གི་ཆེད་ཡིན། ཡིན་ནའང་འགྲོ་སོང་ཆེན་པོ་བཏང་ཏེ་ལས་འགུལ་གྱི་མཇུག་ཙམ་ཁྱོལ་བ་དེ་བཟང་སོང་ཟེར་རྒྱུ་ཡིན།

    གསར་འགོད་པའི་གོང་དུ་དཔང་དཔྱོད་པ་དག་གི་ས་ཡིག་གཅིག་ཀྱང་བརྒྱབ་མེད་པའི་སྙན་ངག་གྱེར་འདོན་པ་དག་གི་སྐར་གྲངས་ཀྱི་རེའུ་མིག་ཅིག་འཁོད་འདུག ཁ་སང་དགོང་དྲོའི་གླེང་ཉོག་དེའི་སྐོར་ལ་དོགས་པ་ཆེ་རུ་འགྲོ་སོང་། གསར་འགོད་པར་རེའུ་མིག་དེ་གང་ཞིག་ནས་རེག་པ་དང་། གསར་འགོད་པ་དང་སྙན་ངག་སྒྲོག་སྦྱོང་འགོ་འཁྲིད་པའི་བར་འབྲེལ་བ་ཅི་ཞིག་ཡོད་པ་དེ་ཤེས་འདོད་བྱུང་སོང་།
    ཁ་བརྡ་དྲ་ཚིགས་སུ་རྩོམ་ཡིག་ཅིག་བྲིས་ཡོད་པའི་ནང་སྐར་གྲངས་སྤྲོད་ཕྱོགས་དྲང་བདེན་བྱུང་མེད་ཚུལ་ཞིག་གླེང་སློང་བྱས་འདུག

    Reply
  22. ཐུབ་བསྟན། says:
    ལོ་ 14 སྔོན།

    ང་ཁ་སང་གི་སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་ལྟད་མོ་བའི་གྲས་ཡིན། མཛད་སྒོ་དེའི་ཐོག་མ་མགོ་འཛུགས་བྱེད་སྐབས་ནས་ཨ་ལགས་ཤིང་བཟས་སྐུ་མགྲོན་ཚང་མ་ཏོག་ཙམ་མ་བདེ་བ་ཞིག་བཟོས་སོང་། གང་ཞེ་ན། སྙན་ངག་གྱེར་འདོན་དེ་རིག་གཞུང་ནས་ཆབ་སྲིད་ཀྱི་ངོ་བོར་འཁྲིད་དེ་ད་ལྟ་བོད་ནང་དུ་སེར་སྐྱ་མི་མང་ཚོས་གཅིག་འཕྲོར་གཅིག་བསྟུད་ཀྱིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་<བོད་རང་བཙན>ཆེད་ཡིན་ཚུལ་བཤད་དེ་སྐུ་གཤེགས་དཔའ་བོ་དག་གི་འདས་རྐྱེན་རླབས་ཆེ་ཞིང་། ལས་འགུལ་དོན་སྙིང་ལྡན་པ་དེ་ལ་ཚོན་རྩི་བྱུགས་ཐབས་བྱས་ཤིག་ཀྱང་གནང་སོང་།
    འགྲན་བསྡུར་ཡོངས་སུ་མཇུག་བསྒྲིལ་བའི་ཐོག་ཨང་གསུམ་པ་ནོར་འཕྱུག་ཤོར་ཏེ་སུ་ཇ་སློབ་གྲྭའི་གཉན་ཚེ་རིང་བཀྲ་ཤིས་ཟེར་བ་ཞིག་ལ་སྒོར་མོ་ཁྲི་གཉིས་མི་སྤྲོད་ཐབས་མེད་ཆགས་སོང་ཡང་། མང་ཚོགས་ཁྲོད་དུ་སྐར་མ་སྤྲོད་ཕྱོགས་ལ་ནོར་འཁྲུལ་ཤོར་བ་མ་ཡིན་པར་ཨ་ལགས་ཤིང་བཟའ་ཁོ་རང་གིས་ཨུ་ཚུག་གིས་ཨང་དང་པོ་དེ་ཉི་མ་ཚེ་རིང་ཟེར་བ་དེ་ལ་སྤྲོད་འདོད་པ་རེད་ལབ་ཀྱི་འདུག འདིའི་སྐོར་ལ་ཁོང་ཚོའི་ནང་ཁུལ་གྱི་གསང་བའི་སྐད་ཅིག་ཀྱང་ཕྱི་ལོག་ན་བཤད་ཀྱི་འདུག ད་ངས་བསམ་ན་དོན་རྐྱེན་དེ་རིགས་ཨ་ལགས་ཤིང་བཟའ་ཚང་གི་ནོར་འཁྲུལ་དེ་འདྲ་ཡང་མིན་པ་མ་ཟད་སྙན་ངག་སྒྲོག་སྦྱོང་མཁན་དག་གི་ནོར་འཁྲུལ་རེད་ཟེར་རྒྱུ་ཡང་ཡོད་པ་མ་རེད། གཙོ་བོ་སྐར་མ་སྤྲོད་མཁན་རྣམས་དང་བཀོལ་བསྒྲིག་བྱེད་མཁན་ཚོའི་མ་འཇོན་པ་རེད་བསམ་གྱིན་ཡོད།

    Reply
  23. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཁྱད་མཚར་རེད། རང་རེའི་སྤྱི་ཚོགས་འདིར་སུ་ཞིག་མར་དོན་ནས་ལས་དོན་ཞིག་སྤེལ་ཚེ་དེར་རྒྱབ་སྐྱོར་བྱ་རྒྱུའི་ཚབ་ཏུ་མགོ་ལ་རྒྱུག་རྡུང་གཏོང་ཀྱང་བྱེད་ཀྱི་འདུག ལས་འགུལ་གོ་སྒྲིགས་བྱེད་མཁན་རྣམས་ཐམས་ཅད་མཁྱེན་པ་མིན་སྟབས་ནོར་འཛོལ་ཡོང་ཆོག་གི་རེད། མ་གཞི་ནས་ལས་འགུལ་དེ་རིགས་ད་ལམ་ཐོག་མ་ཡིན་སྟབས་ནོར་འཁྲུལ་གྱི་ཁྲོད་ནས་བསླབ་ལེན་དགོས་ཀྱི་རེད། དེར་བརྟེན་དོན་མེད་ཁ་རྡུང་གཏོང་བའི་ཚབ་ལ་ཁོང་ཚོས་ནོར་འཁྲུལ་ཕྱོགས་གང་ལ་ཤོར་འདུག་དེ་རིགས་མ་འོངས་པར་མི་ཡོང་ཆེད་བསམ་འཆར་ག་རེ་ཡོད་ན་འདིར་སྤུངས་དང་།

    Reply
  24. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ཨ་ཡ ད་ངོ་མ་མཐའ་མའི་རྩིས་ལ་ནོར་འཁྲུལ་བྱུང་ནོ་སྐྱོ་བོ་རེད། གོ་སྒྲིག་གི་ཕྱོགས་ནས་བཤད་རྒྱུ་ཞིག་མི་འདུག

    Reply
  25. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ངོ་མ་ཡག་པོ་གྱེར་གྱི་འདུག ད་དུང་སྙན་ངག་གྱེར་འདོན་པ་དག་གི་གཅིག་ལས་གཅིག་གི་སྐད་པ་ཡག་པོ་འདུག མུ་འཐུད་དུ་འདི་འདྲའི་གོ་སྒྲིག་བྱས་ན་ཧ་ཅང་བཟང་གི

    Reply
  26. སྨྱུག་མདའ། says:
    ལོ་ 14 སྔོན།

    རེད་ཡག་པོ་བྱུང་མུ་འཐུད་ནས་སྤེལ་ན་བཟང་ས་རེད་ཟེར་བ་དེ་ཡིན་གཞན་བཤད་འདོད་མ་བྱུང་།

    Reply
  27. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    རིག་གནས་རང་བཞིན་གྱི་ལས་འགུལ་རྒྱ་ཆེན་པོ་འདི་ཉིད་རྒྱལ་ཁའི་ངང་མཇུག་ལེགས་པར་གྲུབ་པར་རྟེན་འབྲེལ་ཞུ།

    Reply
  28. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བརྒྱ་ཆ་སྡོམ་མཁན་ཚོས་གཟབ་ནན་མ་བྱས་པ་དེ་ནོར་འཁྲུལ་ཆུང་ཆུང་ཞིག་མ་རེད། བརྒྱ་ཆ་ཉུང་ཤོས་དེ་ཨང་གསུམ་པར་ནོར་སྟངས་དེ་ཁྱད་མཚར་བོ་རེད། དེ་ལ་དགོངས་དག་ད་ཞུ་དགོས་ད་དགོས་མོད། འོན་ཀྱང་ཨང་གསུམ་པ་འདྲ་མཚུངས་ཀྱི་སྒོར་ཉིས་ཁྲི་བྱིན་པ་མི་འོས་པར་མ་ཟད་དེ་ཆ་ཚང་བླངས་པ་ཡང་ཁྱད་མཚར་ཞིག་མ་རེད་དམ། གང་ཡིན་ཟེར་ན་ཁོའི་བརྒྱ་ཆ་དམའ་ཤོས་གྲས་རེད། དེ་འདྲ་བྲེལ་འཚབ་གནང་དགོས་པ་ཅི་ཡིན་ནམ། རྔ་ཚིགས་ཐོག་ནས་གྲི་བཅགས་པ་ཟེར་བ་རང་རེད། འོན་ཀྱང་ཁ་བརྡ་དྲ་བའི་ནང་ལ་ཨ་རིག་འགྱུར་མེད་ལགས་གཟུངས་ཕྱུག་སྐྱིད་ཀྱིས་དོང་ནང་ལ་བསམ་བཞིན་དུ་གཡུགས་སོང་ཚུལ་འདྲ་བོ་བྲིས་པ་དེ་ཚོ་བདེན་པ་མ་རེད། གལ་ཏེ་གཟུངས་ཕྱུག་སྐྱིད་ཀྱིས་རོགས་པ་གཉིས་བཞིན་ཉེར་གསུམ་སྤྲད་པའི་དབང་དུ་བཏང་ཡང་ཨང་གསུམ་པར་སླེབས་ཐུབ་ཀྱིན་མི་འདུག་ག བརྒྱ་ཆའི་ཉེར་ལྔ་ནས་ཉེར་ལྔ་ཆ་ཚང་སྤྲད་པ་དེ་ཡང་ཁྱད་མཚར་བོ་ཞིག་མ་རེད་དམ།
    དེ་ནས་སྙན་ངག་གྱེར་འདོན་པ་༢༦སྐྱེད་བསྲིངས་བྱས་པ་ཟེར་ན་མི་ཤེས་མོད་གང་མང་ཞིག་ལ་་སྐུལ་འདེད་དང་སྦྱོང་བརྡར་གང་འཚམ་བྱེད་འཇུག་ཐུབ་ཡོད་ངེས་ལ་ལྷག་པར་དུ་ཡང་་སྙན་ངག་གྱེར་འདོན་པ་ཞིག་གི་རིན་ཐང་དེ་ཡང་ཆུང་ཆུང་ཞིག་མིན་པའི་ཚོར་སྣང་གསར་བ་ཞིག་གང་མང་ལ་སྦྱིན་ཡོད་ཐག་ཆོད། དེ་བས་གཞི་རྩའི་ཆ་ནས་ལས་གཞི་འདི་གསར་སྤེལ་ཤུགས་ཆེན་གནང་བར་བཀའ་དྲིན་ཆེ་ཞུ། མུ་མཐུད་དུ་ཕྱག་ལས་འདི་རིགས་སྤེལ་ཐུབ་པའི་རེ་བ་ཡོད། རྒྱབ་སྐྱོར་ཡོད། དེའི་མཚུངས་སྙན་ངག་གྱེར་འདོན་པ་རྣམས་ཀྱང་ཨ་གསར་ཙམ་མིན་པར་མུ་མཐུད་རྩོམ་རིག་གི་ཕྱོགས་སུ་གཞོལ་བའི་རེ་བ་ཞུ་གིན་ཡོད།

    Reply
  29. བཙན་པོའི་ཕོ་ཉ། says:
    ལོ་ 14 སྔོན།

    རྗེས་མ་ནས་ལས་འགུལ་འདིའི་རིགས་སྤེལ་སྐབས་རྩིས་པ་ཡག་པོ་ཞིག་་བཙལ་ནས་ཐག་གཅོད་གནང་ན་མ་གཏོགས་ཡོད་ཚད་བླ་སྤྲུལ་ཚོས་འབྱོན་གྱིན་མ་རེད།

    Reply
  30. བཙན་པོའི་ཕོ་ཉ། says:
    ལོ་ 14 སྔོན།

    ད་རེབ་སྙན་ངག་གྱེར་འདོན་གྱི་མཐའ་མའི་མགྲན་རྩོད་ཀྱི་རྣམ་པ་དེ་ཧ་ཅང་ཡག་པོ་བྱུང་ཡང་མི་འབྱོན་འབྱོན་དོག་བྱེད་པའི་རྩིས་ཀྱིས་ལས་འགུལ་གྱི་ངོ་བོའི་སྤྲོ་སྣང་དེ་རྨང་ནས་བརླགས་སོང་།

    Reply
  31. བཀྲ་ཤིས། says:
    ལོ་ 14 སྔོན།

    རང་མོའི་སྙན་ངག་གྱེར་ནས་སྡོད་ན་དུས་ཚོད་དང་འགྲོ་སོང་འཕྲོ་བརླགས་རེད།

    Reply
  32. བསྟན་འཛིན་ཐེག་པ། says:
    ལོ་ 14 སྔོན།

    མདང་དགོང་ང་འགྲན་བསྡུར་དེར་ལྟ་རུ་ཕྱིན་པ་ཡིན། ཐོག་མའི་བཀོད་སྒྲིག་དྲ་རྒྱས་པོ་འོ་ཙམ་བྱས་འདུག ལྟད་མོ་བ་བརྒྱ་སྐོར་ཞིག་ཡོད་ས་རེད།། སྐྱ་བོ་དང་སེར་མོ་གཉིས་ལས་སེར་མོ་མང་བ་འདུག གསར་འབྱོར་དང་གཞིས་ཆགས་གཉིས་ལས་གསར་འབྱོར་མང་བ་འདུག འགྲན་བསྡུར་མཇུག་རྫོགས་རྗེས་ཨང་རིམ་གསུམ་པ་ནས་སྡིངས་ཆའི་ཐོག་སྐད་བཏང་སོང་། ཨང་དང་པོ་མིང་འདོན་བྱེད་སྐབས་ཧ་ཅང་ཛ་དྲག་གི་བཟོ་འདྲ་ལྟ་བསྟན་ཏེ་ཡུན་ཙམ་ལ་མང་ཚོགས་ཚ་ལམ་ལམ་བཟོས་རྗེས་ཀླུ་མོ་འཚོ་ཟེར་ནས་ནོར་གླིང་གི་སློབ་མ་བུ་མོ་ཞིག་སྡིངས་ཆའི་ཐོག་ལ་སྐད་བཏང་སོང་། མི་ཚང་མས་དགའ་བསུའི་ཐལ་མོ་བརྡབ་སོང་། ཨང་ཐོབ་མཁན་དག་གི་ལག་ཏུ་གཟངས་རྟགས་དངུལ་གྲངས་བྱང་བུ་ཡང་སྤྲད་སོང་། སྐབས་དེར་བླ་མ་ཤིང་གཟའ་རྒྱུག་འདུར་གྱིས་ཡར་ཐུག་མར་ཐུག་ཅིག་བྱས་རྗེས་ཨང་དང་པོའི་སྐར་གྲངས་ནོར་འདུག་ཟེར་ཁྱབ་སྒྲོག་བྱས་སོང། བུ་མོ་དེའི་མགོ་བོ་སྨད་སོང་། ངོ་མདངས་འགྱུར་སོང་། མི་ཚང་མས་སྐད་བརྒྱབ་སོང་། སྡིངས་ཆའི་ཐོག་གི་བྱ་དགའ་ཐོབ་པར་གྲགས་ཡོད་པ་དག་ཀྱང་ཅི་བཟོ་འདི་བཟོ་མེད་པ་ཞིག་ཆགས་སོང་། ལྟད་མོ་བ་ཡོངས་ཀྱི་སྐད་མགོ་ཇེ་མཐོར་གྱུར་སོང་། སྐབས་ཐོག་དེ་ལ་མགོ་ཐུག་ལ་མ་ཐུག་གི་གསལ་བཤད་ཅིག་བྱས་ཏེ། ཨང་དང་པོ་ཐོབ་མཁན་བུ་མོ་དེ་ཨང་གཉིས་པ་རེད་ལབ་སོང་། ཐོག་མའི་ཨང་གསུམ་པ་དེ་རྦད་དེ་ཟེགས་ཏེ་མི་གཞན་པ་ཞིག་སྐད་བཏང་སོང་། དེ་འདྲ་ཞིག་བྱས་རྗེས་བཀོད་སྒྲིག་པ་རྣམས་ཀྱིས་ཨང་གསུམ་པ་དེ་རང་འཇགས་བཞག་ཏེ་ཨང་གསུམ་པ་གཉིས་འདྲ་བོ་ཞིག་བཟོས་ཏེ་ཁོང་གཉིས་ལ་སྒོར་མོ་ཉིས་ཁྲི་རེ་བསྟེར་རྒྱུ་ཡིན་ཟེར་ནས་ཁས་ལེན་བྱས་སོང་། དེ་ནས་མི་ཚང་མས་ཅ་ཅོ་སྒྲོག་བཞིན་གྲོལ་སོང་། བཀོད་སྒྲིག་བྱེད་མཁན་དང་སྙན་ངག་ཀློག་མཁན་དག་ཀྱང་ཁྱད་ཚར་ཞིག་ཆག་ནས་འགྲོ་སོང་། ལམ་ཁ་ན་ཁག་ཅིག་གིས་བླ་མ་ཤིང་གཟས་ཅིག་ཅིག་མིག་མིག་བཟོ་སོང་ཟེར་གྱི་འདུག ཡང་ཁག་ཅིག་གིས་སྐར་མ་སྤྲོད་མཁན་ཚོས་དྲང་མོ་བྱས་མ་སོང་ཟེར་གྱི་འདུག སྐར་མ་སྤྲོད་སྟངས་དྲང་མོ་རེད་འོན་ཀྱང་སྡོམ་སྟངས་ནོར་ཏེ་ཟིང་ཟོང་ཆགས་པ་དེས་ཞབས་འདྲེན་ཞུས་སོང་ཟེར་གྱི་འདུག དེ་ནས་མར་ཡོང་སྟེ་མག་ལོར་ཁྲོམ་གཞོང་ན་ཡང་སྐད་ཆ་འདྲ་མི་འདྲ་ཞིག་བཤད་ཀྱི་འདུག

    Reply
  33. བཀྲ་ཤིས། says:
    ལོ་ 14 སྔོན།

    ག་རེ་གྱེར་གི་ཡོད་ན། རང་མོའི་སྙན་ངག་ཡིན་ན་ངོ་རྒོལ་ཡོད།

    Reply
  34. གྲགས་བསོད་ says:
    ལོ་ 14 སྔོན།

    ཤི་པོ་བོད་ཀྱི་སྐད་ཡིག་གི་རོ་བདག་འགལ་ཞིག་སླེབས་འདུག་པས་ཤིན་ཏུ་དགའ་པོ་བྱུང།

    Reply
  35. བཀྲ་ཤིས། says:
    ལོ་ 14 སྔོན།

    འོ་་་་་་་་གྱེར་འདོན་བྱེད་མཁན་བླ་རྒན་ཁ་ཤས་འདུག་ཟེར། ཁོ་ཚོ་ག་རེ་བྱས་སོང་བ་རེད། གོང་གི་ཨང་གྲས་དེ་ན་ཡང་མེད་པ་རེད་དམ། ཧ་ཧ་ཧ་ཧ་ཧ་ཧ་
    བླ་རྒན་འདི་ཚོས་རང་ཚོད་མ་ཟིན་ན་དེ་རེད། བླ་རྒན་དེ་ཚོས་སྙན་ངག་གྱེར་བ་ལས་མ་ཎི་གྱེར་ན་འོ་ཙི་མིན་འགྲོ། ཁོ་ཚོས་སྙན་ངག་མི་ཤེས། དགའ་རྟགས་ག་འདྲ་སེ་རེག་དགོས་པ་རེད། འོ་ཙི།

    Reply
  36. མགར་སྲས says:
    ལོ་ 14 སྔོན།

    རྟེན་འབྲེལ་ཞུ་བ་དང་ཆབ་ཅིག་འོད་དཀར་དྲ་བདག་མཆོག་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese