བལ་ཡུལ་ཨ་རིའི་གཞུང་ཚབ་ཀྱིས་བལ་གཞུང་ཕྱོགས་ནས་སྐྱབས་བཅོལ་བོད་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་སི་ཀོལ་ཊི་ཌི་ལི་སི་(Mr.Scott H. Delisi) མཆོག་གིས་༼སྐྱབས་བཅོལ་བའི་ཐོབ་ཐང་།༽ཞེས་པའི་རྩོམ་ཡིག་ཅིག་ཀ་ཐ་མན་གྲུ་ཕོ་ཉ་(KATAMANDUPOST) ཞེས་པའི་ཚགས་པར་སྟེང་སྤེལ་ཏེ། བལ་ཡུལ་གཞུང་མང་གཉིས་ཀྱིས་བལ་ཡུལ་གནས་སྡོད་སྐྱབས་བཅོལ་བོད་མི་ཚོར་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཡང་དག་པའི་ལྟ་སྤྱོད་དང་མཐུན་པའི་ཐོག་མུ་མཐུད་རྒྱབ་སྐྱོར་དང་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་གནང་འདུག
སྐུ་ཞབས་སི་ཀོལ་ཊི་ཌི་ལི་སི་མཆོག་གི་རྩོམ་ཡིག་ནང་། འདས་པའི་མི་ལོ་ ༥༠ ལྷག་གི་རིང་བལ་ཡུལ་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བར་མཐུན་འགྱུར་རོགས་རམ་གནང་སྟེ། བལ་ཡུལ་བརྒྱུད་བོད་མི་ཚོ་རྒྱ་གར་ནང་སྐྱབས་བཅོལ་ཏུ་འགྲོ་རུ་བཅུག་པར་ཨ་རིའི་གཞུང་ཚབ་ནས་བསྔགས་བརྗོད་ཡོད། མི་རིགས་དང་རིག་གཞུང་རྩ་བརླག་ཏུ་འགྲོ་ཉེན་ཆེ་བའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་སྐྱབས་བཅོལ་བར་ཆེ་མཐོང་སྤྲོད་རྒྱུ་ནི། རང་དབང་ལྡན་པའི་གཞུང་སྤྱི་དང་ཡང་སྒོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཚོགས་བདེ་འཇགས་དང་ཆབ་སྲིད་ཀྱི་ཐོབ་ཐང་། དྲག་རྩུབ་མཚམས་འཇོག་གི་དམ་ཡིག་ཐོག་མཚན་རྟགས་བཀོད་མཁན་གྱི་རྒྱལ་ཁབ་ཚང་མར་འགན་འཁྲི་ཆེན་པོ་ཡོད། ཅེས་འཁོད་ཡོད་པ་མ་ཟད། ཡང་ཁོང་གི་རྩོམ་ཡིག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཆབ་སྲིད་པའི་རྩེད་མོ་རྩེད་ཡུལ་ཞིག་མིན་སྟབས། མི་རིགས་དང་དེའི་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་པའི་སྐྱབས་བཅོལ་བའི་གནས་སྟངས་ཏེ་ཨ་རིའི་ངོ་ནས་རང་ཉིད་ཀྱི་ཁེ་ཕན་ལས་གལ་ཆེན་དུ་འཛིན་གྱི་ཡོད་སྐོར་དང་། དེ་བཞིན། ཨ་རིའི་གཞུང་ནས་བོད་མི་སྐྱབས་བཅོལ་བར་མཐུན་འགྱུར་རོགས་རམ་གནང་རྒྱུ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་ལ་སྲུང་བརྩི་དང་ལེན་ཞུ་བ་ལས། རྒྱ་ནག་གཞུང་ལ་མ་དགའ་བའི་རྣམ་པ་གང་ཡང་བྱེད་ཀྱི་མེད། ཅེས་སོགས་བཀོད་ཡོད་འདུག
གསར་འགོད་པ། དོན་གོ