མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་གླིང་དུ་བོད་དགོན་ནམ་ཞིག་འཛུགས་སམ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་འཇམ།

ད་ལྟ་འུ་ཅག་བོད་ཀྱི་རིག་གནས་སློབ་གསོའི་ཁོར་ཡུག་གཉིས་ཏེ། ཆོས་ལུགས་རིག་གནས་སློབ་གསོ་དང་སྤྱི་ཚོགས་རིག་གནས་སློབ་གསོ་ཞེས་པའི་སྡེ་ཁག་ཆེ་ཤོས་གཉིས་སུ་དབྱེ་ཆོག་ལ།  མི་སྡེ་ཚོ་ཁག་འདི་གཉིས་ནི་རིགས་མི་འདྲ་བའི་བོད་ཀྱི་སློབ་གསོའི་ཚན་ཁག་གཉིས་ཏེ།  སྐྱ་བོའི་སྡེ་ཁག་དང་སེར་མོའི་སྡེ་ཁག་གི་རིག་གནས་དར་སྤེལ་གཏོང་བའི་ཁོར་ཡུག་ཆེ་ཤོས་ཡིན། ད་ལྟ་བཙན་བྱོལ་གྱི་དགོན་སྡེ་ཁག་ནི་ཆེས་ཉེན་ཁའམ་ཉམས་རྒུད་ཀྱི་རྣམ་པ་ཞིག་མཐོང་བ་ནི་ནང་གི་འཆད་ཉན་ཙམ་མ་ཡིན་པར། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་མི་སྡེ་ཉམས་རྒུད་དུ་འགྲོ་བཞིན་པའི་དངངས་སྐྲག་དེའོ།།

སྔོན་ཆད་དགོན་པའི་ལམ་ལུགས་ཀྱི་ཁྲོད་དུ་ལས་ཀྱི་སྣེ་མོ་བ་དག་གིས་ཡོངས་ཁྱབ་ཏུ་བརྗོད་སྟངས་ཤིག་ནི། བརྒྱ་ཕར་འགྲོ་དང་།། སྟོང་ཚུར་ཡོང་ཡིན།།  ཞེས་པའི་གཏམ་གྱི་ངར་ཁ་བཙན་པོ་དེ་ཡིན་ལ། དེ་དུས་ངུར་སྨྲིག་གི་སྡེ་ཡི་རླབས་རྒྱུན་ཧ་ཅང་གཟེངས་མཐོ་བའི་སྐབས་ཤིག་ཀྱང་ཡིན། ད་ལྟ་ནི་དེ་ལས་ལྡོག་སྟེ་ཉིས་སྟོང་བརྒྱད་ཀྱི་ལས་འགུལ་དེ་ནས་བཟུང་།  བོད་ཀྱི་དགོན་སྡེ་དག་གི་གྲྭ་རྒྱུན་ཡང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་ལོ་རེ་ནས་ལོ་རེར་དགེ་འདུན་པའི་གྲངས་ཚད་འགྲིབ་འགོ་ཚུགས་བཞིན་ཡོད། དེ་ལྟར་དུ་དགོན་པ་ཆུང་ཆུང་མང་པོ་ཞིག་གིས་ཧི་མ་ལ་ཡའི་རི་རྒྱུད་བྱིས་པ་དག་བསྡུས་ནས་དགོན་པ་མ་སྟོང་བ་ཙམ་བྱེད་བཞིན་ཡོད།  ག་ལེར་སེ་འབྲས་དགེ་གསུམ་གཙོ་བྱས་ཏེ་དགོན་ཆེན་དག་གི་གྲྭ་རྒྱུན་ཉམས་ཚད་ནི་ལོ་རེ་ནས་ལོ་རེར་ཧ་ཅང་མགྱོགས་པར་གྱུར། གྲྭ་རྒྱུན་ཉམས་ཚད་ནི་གྲྭ་བ་རེ་ཟུང་གི་གྱོང་གུད་དང་གྲྭ་ཚང་རེ་གཉིས་ཀྱི་ལར་ཞེན་ཤོར་བའི་སྣང་ཚུལ་ཞིག་མ་ཡིན་པར་དེ་ནི་ཆོས་སྐྱོང་མི་སྡེ་ཞིག་ཚབས་ཆེ་བའི་ཉམས་རྒུད་འབྲེལ་བར་མ་ཟད།  བོད་ཀྱི་རིག་གནས་ཤིག་གི་ཉམས་རྒུད་ཀྱི་གནད་འགག་ཅིག་ལ་ཐུག་ཡོད་པས། གོང་ས་མཆོག་གིས་ཀྱང་དང་ཐོག་གཞན་ཡུལ་དུ་ཕེབས་མ་ཐག་དགོན་པ་དང་སློབ་གྲྭ་འཛུགས་པའི་ལས་གཞི་ཐོག་མར་སྤེལ་བའི་དགོས་མཁོ་ཡང་དེ་ལྟར་རོ།།

ད་ལྟ་དགོན་པའི་གྲྭ་རྒྱུན་ཉམས་ཚད་ཤིན་ཏུ་མགྱོགས་པར་རྒྱུ་རྐྱེན་དུ་མ་ཞིག་མཆིས་ཏེ། གཅིག ཉིས་སྟོང་བརྒྱད་ཀྱི་ལས་འགུལ་དེ་ལས་བྱུང་བའི་རྒྱ་ནག་གི་སྲིད་ཇུས་ཀྱི་ཤུགས་རྐྱེན་དང་། གཉིས། ད་ལྟ་བོད་དུ་ལོག་པའི་ཡིག་ཆ་ཐོབ་སྟེ་སྔར་ལས་མང་དུ་ཕྱིན་པ། གསུམ། ལོ་རེར་དགེ་བཤེས་ཐོན་མཁན་དག་དགོན་སྡེ་རུ་གཏན་བཞུགས་གནང་མཁན་ཉུང་བ། བཞི། དགོན་པའི་སྒྲིག་གཞི་སོགས་དུས་དང་ཅུང་ཟད་མ་མཐུན་པས་གྲྭ་གཞོན་མང་པོའི་འདོད་བློ་དང་མ་འཚམ་པས་ཕྱིར་འབུད་བྱས་པ། ལྔ། ནུབ་ཕྱོགས་སུ་གྲྭ་བ་དག་ཕྱིར་སྐྱོད་བྱེད་མཁན་ཡང་མང་དུ་ཡོད་པ། དྲུག  ད་ལྟ་གཞིས་ཆགས་ཁག་ནས་བྱིས་པ་རབ་ཏུ་འབྱུང་མཁན་དཀོན་པ་བཅས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གིས་ད་ལྟ་དགོན་པའི་དགེ་འདུན་པའི་གྲངས་འབོར་སྔར་ལས་ལྡབ་འགྱུར་གྱི་མར་ཆག་ཅིང་། དེ་བས་ཀྱང་ཆེས་མྱུར་ཚད་རང་བཞིན་གྱི་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད། ཡང་འདི་ལས་འགའ་ཤས་ཀྱིས་གྲྭ་བའི་སྤུས་ཚད་གཙོ་བ་ལས་གྲངས་ཚད་མི་གཙོ་བའི་གནས་ལུགས་ལུང་འདྲེས་མ་ཞིག་ཀྱང་བརྗོད་སྲིད་ཀྱང་། ཕྱི་རྗེས་སུ་ལྷག་པའི་ཆེས་ཉུང་བའི་ཁྲོད་དུ་སྤུས་ཚད་དེ་ལས་ཡར་རྒྱས་འགྲོ་རྒྱུ་ནི་ཆེས་འོང་དཀའ་བའི་གནས་སུ་གྱུར་ཡོད། རྩ་འཛུགས་ཤིག་གི་མི་གྲངས་མར་ཆག་པའི་གོ་རིམ་ནི་རྩ་འཛུགས་དེ་ཉིད་ཀྱི་ཁྲོད་དུ་ཡར་རྒྱས་འགྲོ་ཐབས་མེད་པའི་རྒྱུ་རྐྱེན་ཞིག་ཡོད་པ་གཏན་འཁེལ་ཟིན་པས། དེ་ལས་སྤུས་ཚད་ཅིག་གླེང་རྒྱུ་ནི་དེ་བས་ཀྱང་རྒྱང་ཐག་རིང་བའི་སྐད་ཆ་ཞིག་གོ།

ད་ལྟ་བཙན་བྱོལ་གྱི་དགོན་སྡེ་ཁག་གི་གྲྭ་རྒྱུན་ནི་ལ་དྭགས་དང་སྤྱིས་ཏེ། འབྲུག་དང་འབྲས་ལྗོངས། ཁུ་ནུ། བལ་བོ་སོགས་ཀྱིས་བཟུང་ཡོད་ལ། དེ་ཡང་ཤིན་ཏུ་མི་འོས་པ་ཞིག་ཏུ་མི་བསམ་སྟེ། ཆོས་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཁེ་ཕན་ཙམ་དུ་མ་ཟད། རྒྱ་བསྐྱེད་རང་བཞིན་གྱི་ནུས་པ་ཞིག་ཀྱང་མི་མངོན་པར་གནས་ཤིང་རྒྱུ་བར་བྱེད་པས།  འགྱུར་ལྡོག་ཁྲོད་ཀྱི་ཆོས་ཉིད་ཀྱི་སྣང་ཚུལ་དེ་ནི་ཤིན་ཏུ་བློར་ཤོང་དཀའ་བའི་གནས་ཚུལ་གང་ཡང་མིན་མོད། ང་ཚོས་ངེས་པར་དུ་བསམ་དགོས་པ་ཞིག་ནི། རང་ཉིད་ཀྱི་གྲྭ་བ་དག་གང་དུ་འཚོ་སྡོད་བྱེད་བཞིན་པ་དང་། གང་ནས་བོར་བརླགས་སུ་ཐེབས་བཞིན་པའི་ཆེས་ཚབས་ཆེ་བའི་གནས་ཚུལ་དང་གནས་ལུགས་དག་བརྩད་གཅོད་དང་ཉམས་ཞིབ་བྱ་རྒྱུ་ནི་དུས་སུ་བབ་པའི་དགོས་མཁོ་འབའ་ཞིག་ཏུ་གཏོགས་སོ།།

ད་ལྟ་ནུབ་ཕྱོགས་ཁག་ཏུ་བོད་ཀྱི་ཆོས་ཚོགས་མང་པོ་ཞིག་བཙུགས་ཡོད་མོད། དེ་དག་གི་གདུལ་བྱ་ཕྱི་རོལ་མགོ་སེར་ཡིན་པ་ལས་ནང་གི་མགོ་ནག་བོད་པ་མིན་པའི་གནད་དོན་དེ་ཡིན་ལ། དེ་ནི་ཆོས་ལུགས་ཀྱང་དཔལ་འབྱོར་གྱི་ཁེ་ཕན་རང་བཞིན་གྱི་རྣམ་པ་ཞིག་ཀྱང་མིན་ནོ་ཞེས་སུས་ཀྱང་ཁ་ཚོན་གཅོད་པའི་གནས་སུ་གྱུར་ལ། དེ་ལྟར་ད་ལྟ་རྒྱ་གར་གྱི་དགོན་སྡེ་ཁག་གི་གྲྭ་བ་ཚོ་ནུབ་ཕྱོགས་སུ་སླེབས་ན་ཡང། སྔར་བཞིན་བལ་ཡུལ་སྣེ་ལེན་ཁང་ནས་གདན་ས་ཁག་ཏུ་མཚན་ཐོ་འགོད་རྐྱང་བྱེད་པའི་རང་དབང་གི་གདམ་གསེས་གུ་ཡངས་པོ་དེ་ཉིད་བོར་བརླགས་སུ་ཤོར་བས། ད་གཟོད་དུས་ཚོད་ཀྱི་སྔ་འཕྱི་ཙམ་ལས་ཁོ་ཚོ་ཡང་གྲྭ་བ་ལོག་དགོས་པ་ནི་འུ་ཐུག་པའི་སྣང་ཚུལ་ཞིག་འབྱུང་བཞིན་ཡོད། འདི་ནི་ཆོས་ཚོགས་དེ་དག་གིས་རང་མི་རིགས་ཀྱི་གྲྭ་བའི་སྡེ་ཞིག་ནུབ་ཕྱོགས་ནས་འཛུགས་པའི་ཁ་ཕྱོགས་མ་བཟུང་བར། དགེ་བཤེས་རེ་ཟུང་ཞིག་བེད་དུ་སྤྱད་དེ་ཕྱི་གླིང་གི་དད་ལྡན་འགུག་པའི་དཔལ་འབྱོར་གྱི་དམིགས་ཡུལ་ཁོ་ན་བཟུང་བས། ད་གཟོད་བོད་ཀྱི་གྲྭ་བ་ནུབ་ཕྱོགས་སུ་འགྲོ་བ་ནི་མི་སྐྱ་ཞིག་གི་གྲངས་ཚད་འཕེལ་བའི་གནས་སྟངས་ཙམ་དུ་འགྱུར་དགོས་པའི་གནས་སྟངས་ལ་ཐུག་པ་རེད།  རིང་པོ་མ་སོང་བར་ལྷ་རམས་དགེ་བཤེས་མང་པོ་ཞིག་ཀྱང་འཕྲོ་བརླགས་སུ་མི་འགྲོ་བའི་ངེས་པ་མེད་པ་ནི་ད་ལྟའི་གནས་བབ་ལ་གཞིགས་པས་དཔག་ཐུབ་པ་ཞིག་ཡིན། འདི་ནི་རྣམ་རྟོག་མགོ་སློང་བར་དགའ་བས་མ་ཡིན་པར། གནད་དོན་གྱི་ཟུར་མཐོང་བས་ཡིན།   དེས་ན་ད་ལྟ་ནས་ས་དགེ་བཀའ་རྙིང་གཙོ་བྱས་ཏེ། སེ་འབྲས་དགེ་གསུམ་གྱི་དགོན་ལག་ལྟ་བུ་མང་པོ་ཞིག་ཀྱང་ནུབ་གླིང་ནས་གཟུགས་རྒྱུ་ནི་མ་འོངས་པའི་ནང་བསྟན་རིག་གནས་འཛམ་གླིང་རང་བཞིན་བསྒྱུར་བའི་དགོས་མཁོ་ཡིན་ལ། བོད་ཀྱི་བསྟན་འཛིན་སྐྱེས་བུ་དག་གི་ད་ལྟ་ཉག་ཕྲ་བའི་གནས་བབ་དག་སྐྱོབ་པའི་ཐབས་ལམ་ཞིག་ཀྱང་ཡིན་པས། འདི་ནི་དགོན་སྡེའི་བླ་སྤྲུལ་ཚོགས་པ་དང་ལས་ཀྱི་སྣེ་མོ་བ་དག་གིས་ཅིས་ཀྱང་ཐུགས་བསམ་ཁོད་ཆུང་མི་རུང་བའི་དུས་ལ་བབ་པའི་ལས་དོན་ཞིག་ཏུ་སེམས་སོ།།

ད་ལྟ་བཙན་བྱོལ་བོད་པ་དག་ཀྱང་ནུབ་ཕྱོགས་སུ་བཞུད་སྐྱོད་ཀྱི་སྣང་ཚུལ་ནི་ཤིན་ཏུ་འཕེལ་ཚད་མགྱོགས་པའི་རྣམ་པར་གྱུར་བས། ཕྱིས་སུ་བོད་ཀྱི་དགོན་སྡེ་དག་ནི་རང་གི་མི་མང་དང་འབྲེལ་བ་མེད་པའི་གནའ་བོའི་རི་ཁྲོད་བཞིན་ཁེར་རྐྱང་དུ་ལྷག་ཐབས་མེད་པ་ནི་ད་ལྟའི་ཡུལ་དུས་གནས་བབ་གང་གིས་ཀྱང་འགྲེལ་བཤད་མི་དགོས་པའི་ཚད་དུ་ཡོད་པས། བོད་ཀྱི་དགོན་སྡེ་ཡང་རྒྱ་བལ་འབྲུག་གསུམ་ནས་མུ་མཐུད་དུ་བསྐྱར་བཞེངས་དང་རྒྱ་བསྐྱེད་བྱ་རྒྱུ་ནི་མཚམས་བཞག་སྟེ། ནུབ་ཕྱོགས་ནས་བོད་ཀྱི་དགོན་སྡེ་གསར་བ་མང་པོ་གཟུགས་རྒྱུ་ནི་ཆེས་ཁ་ཚ་དགོས་གཏུགས་ཀྱི་སྐབས་སུ་མཆིས། འདི་ལྟར་བརྗོད་པ་ནི་ཆོས་ཀྱི་སྡེ་ཆེན་པོ་དག་ལ་རྨ་འབྱིན་པའམ་འབྲེལ་མེད་ཅིག་ལ་བྱུས་གཏོགས་བྱེད་པ་གང་ཡང་མ་ཡིན་ཏེ། དེ་བས་ཀྱང་བདག་ནུབ་ཕྱོགས་ལ་དགའ་དྲགས་བརྗོད་པར་དེ་བས་ཀྱང་ཐུགས་ལ་འདོགས་མི་རིགས་ཏེ།  མི་མང་ནུབ་ཕྱོགས་སུ་སྤོ་བསྐྱོད་ཀྱི་རྣམ་པ་མགྱོགས་དྲག་པ་དང་། ད་ལྟ་དགོན་སྡེ་དག་གི་དགེ་འདུན་པའི་གྲངས་ཚད་མར་ལྟུང་བ་དང་། ལྷག་པར་དུ་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་ཉམས་ཤིང་ཉག་ཕྲ་བའི་གནས་ལུགས་གཞན་ཞིག་མངོན་པར་མཐོང་བར་མ་བཟོད་པས་སྤེལ་བ་ཙམ་དུ་ཟད་ཀྱང། འདི་ལས་ཟུར་གྱིས་ཕོག་པའི་ཉེས་པ་མཆིས་ཚེ་མཐོལ་དུ་བཤགས་པའོ།། 

                                             ༢༠༡༡ ། ༡༢ ། ༩ ལ་བྲིས།

༼ རྩོམ་པ་པོའི་ཟིན་བྲིས་ལས་བདམས་བཀོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

༢༠༢༥/༡༡/༢༥
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

༢༠༢༥/༡༡/༢༥
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤

མཆན། 11

  1. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    སྡོམ་པ་ཤོར་མཁན་ཚོས་སྐལ་མེད་སར་སྐེ་མ་སྲིངས།

    Reply
  2. ཤར་མདའ། says:
    ལོ་ 14 སྔོན།

    སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་པ་དང་ལྷག་པར་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་གནས་དགོས་ན་དེ་གྲྭ་བཙུན་གཅིག་བུ་ཙམ་མ་ཡིན་པར་བོད་མི་རིགས་སྤྱི་ཡོངས་ལ་ཆོས་ཞེས་པའི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་རེད།   མ་ཟད་ཆོས་ཟེར་པ་ཕྱག་དང་སྐོར་བ་ཁ་ནས་མ་ནི་སྒྲེང་བ་ཙམ་མ་ཡིན་པར་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་སོགས་ངོ་སྤྲོད་གནང་ཐུབ་ལ་འབད་དགོས་པ་རེད་དྲན་སོང་དེ་འདྲ་མ་གནང་པར་གྲྭ་བཙུན་གཅིག་བུ་ལ་ལྟས་དགོས་ན་དེ་ནི་ཁག་པོ་ཡིན་པར་མ་ཟད་གྲངས་ཉུང་མི་རིགས་ཞིག་ལ་མཚོན་ན་གྲྭ་བཙུན་མང་དྲག་ན་དེ་ལ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད་དྲན་སོང་།  ༧གོང་ས་མཆོག་དུས་ལྟར་གསུང་བཞིན་ཡོད་པ་ལྟར་གྲྭ་བཙུན་གྱི་མང་ཉུང་ཙམ་མ་ཡིན་པར་གཙང་མ་ཞིག་གལ་ཆེན་མ་ཡིན་ནམ།  དེའི་ཕྱོགས་ལ་བོད་མི་སྤྱི་བོ་གནང་བསྟན་ཡོང་ནས་བསམ་བློ་གཏོང་བའི་དུས་ལ་བབ་འདུག

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ངས་བལྟས་ན་ཐབས་ལམ་ཡག་ཤོས་ནི་བོད་ཀྱི་དགོན་སྡེ་དག་ཕྱིར་བོད་ནང་དུ་གནས་སྤོར་རྒྱུ་དེ་རེད། དེ་ལྟར་ཐུབ་སོང་ན་གཞི་ནས་ང་ཚོར་བོད་ཀྱི་ནང་ཆོས་ཉམས་མུས་དང་རྒྱུན་འཛིན་པ་སྟོང་རྒྱུའི་སེམས་ཁྲལ་མེད་ལ། ལྷག་པར་དུ་བསླབ་པ་སློབ་གཉེར་གྱི་ཐད་ནས་ཧ་ཅང་གི་སྤུས་དག་དང་ཚད་མཐོན་པོ་ཆགས་རྒྱུ་རེད། རྒྱུ་མཚན་ནི་ཚང་མ་བློ་གཅིག་སེམས་གཅིག་ཆགས་རྒྱུ་ཡིན་པ་དེ་རེད། དེ་མིན་བཙན་བྱོལ་ནང་ལྟ་བུར་མཚོན་ན་ཚང་མ་བློ་ཁ་གཅིག་ཐོག་ཏུ་གནས་ཐུབ་ཀྱི་ཡོད་པ་མ་རེད། ༸གོང་ས་མཆོག་བཞུགས་རིང་ལ་སུ་ལ་ཡང་སེམས་ཁྲལ་མེད་མོད། ཉིན་གཅིག་༸གོང་ས་མཆོག་མ་བཞུགས་པའི་ཉིན་དེ་ནས་ང་ཚོའི་འཚོ་གནས་ནི་ཡ་ང་བའི་གནས་སུ་འགྱུར་རྒྱུ་རེད། དེ་བས་ན་ད་ལྟ་ནས་མི་རྣམས་འགྲོ་ས་རག་ན་འགྲོ་གི་ཡོད་ལ། ཐ་ན་གྲྭ་བ་ཡང་ལོག་གི་ཡོད། གནས་སྟངས་ནི་དེ་ལྟར་རེད། གལ་སྲིད་བོད་ལ་ལོག་ཐུབ་པ་བྱུང་ན་ང་ཚོའི་སུ་ཡིན་རུང་ཉིན་རེར་རྩམ་ནག་ཆུ་ནག་རེ་ཐུན་གཅིག་རེར་མ་གཏོགས་མེད་རུང་ཚེ་གཅིག་པོར་དགོན་པ་དང་ཁ་མི་འབྲལ་བ་ཐག་གིས་གཅོད་ཐུབ།

    Reply
  4. འཁྱམས་པོ་ says:
    ལོ་ 14 སྔོན།

    བོད་ཀྱི་རིགས་གཞུང་དང་ནང་ཆོས་འདི་རྒྱུན་མཐུད་གནས་འདོད་ན། འདོམ་པ་ཞེས་པ་དེ་མེད་པར་མི་སྐྱ་གང་རུང་བཞུགས་ཆོག་པ་ཞིག་བྱུང་ན་ལེགས་ཤོས་རེད། མ་གཞི་ནས་བོད་པའི་དགོན་སྡེ་རྣམས་ཀྱང་འགྱུར་བ་བཏང་དགོས་ངེས་རེད། དེ་ལས་གྲྭ་པ་རྣམས་ཆང་ས་རྒྱབ་ནས་བོད་ཕྲུག་མང་ཙམ་བཟོས་ནས་བོད་དོན་གི་ཆེད་དུ་བྱ་བ་གང་མང་འགྲུབ་ན་ལེགས། དེ་མིན་གྲྭ་རྒྱུན་ལས་ལྷག་པ་བོད་རྒྱུན་ཆད་ཉེན་འདུག།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྤྱིར་ན་རྒྱལ་བའི་བསྟན་པའི་འཕེལ་འགྲིབ་ཀྱང་རྒྱལ་བ་རང་ཉིད་ཀྱིས་ལུང་དུ་བསྟན་པ་ལྟར་ལས་བཟློག་ཐབས་མེད་འདོད། འོན་ཀྱང་ཐབས་མཁས་ཐུགས་རྗེ་དང་ལྡན་པའི་བྱང་སེམས་རྣམ་པས་བསྟན་འགྲོའི་ཕན་བདེའི་ལམ་བུ་རེ་བཏོད་དང་གཏོད་ཀྱིན་པ་རེད།
    ངའི་བསམ་ཚུལ་ལ་ད་ནི་དགོན་པ་སྤུས་དག་མིང་དོན་མཚུངས་པ་ཆུང་ངུ་རེ་གནས་དབེན་པ་རེར་གསར་འདེབས་ཐུབ་ན་དེ་བཟང། དེང་སང་གི་དགོན་པ་མང་ཆེ་བ་གྲོང་པ་དང་འདྲེས་ནས་གྲྭ་ལོག་ཇེ་མང་ལ་འགྲོ་བཞིན་པ་འདི་རེད། དེ་བས་སྒྲུབ་གནས་ཀྱི་དགོན་པ་རེ་གནས་དབེན་པར་ཡོད་ན་ཆོས་རྣལ་མ་རེ་སྒྲུབ་མཁན་ཚོ་དེ་རུ་ཕེབས་ཆོག་གི འཆད་ཉན་གྱི་དགོན་སྡེའི་ནང་ལ་མི་སྐྱ་ཕོ་མོ་ཡང་རིམ་བཞིན་ཡོང་ཆོག་པ་ཞིག་ཆགས་རྒྱུ་རེད། ཡང་མིན་ན་མི་སྐྱ་ཕོ་མོར་ནང་ཆོས་འཆད་ཉན་གྱི་སྡེ་གསར་བ་རེ་འཛུགས་གལ་ཆེ། འདི་ཕྱི་གླིང་དང་གང་དུ་བཙུགས་ཀྱང་འོས།
    ནང་ཆོས་གཤའ་མ་རེ་གནང་མཁན་ཚོར་དགོས་ངེས་ཀྱི་མཐུན་རྐྱེན་རེ་སྦྱོར་རྒྱུ་གལ་ཆེ་ལ། ནང་ཆོས་དེ་བསམ་སྤྱོད་ཀྱི་ཤེས་ཡོན་ཞིག་གི་ཚད་གཞི་ནས་སློབ་གྲྭ་སོགས་སུ་ཡང་རྒྱ་ཆེར་སྤེལ་འོས་པར་མཐོང།
    མདོར་ན་ཕྱིའི་རྣམ་པ་དང་གྲངས་ཚད་ཉུང་བར་སོང་ཡང་ནང་གི་ཡོན་ཏན་མི་དམན་པ་རེ་གནས་ཐབས་ལ་བརྩོན་པར་རིགས། དེ་མིན་ཕྱི་གླིང་དུ་དགོན་པ་གསར་རྒྱག་གིས་བསྟན་པ་ནུབ་ནས་ནུབ་ཏུ་སྤེལ་ཐུབ་རེ་མཐོང་གིན་མི་འདུག དེང་སང་ཆོས་ཚོགས་མང་པོ་དང་དགོན་པ་ཆུང་ངུ་རེ་གང་སར་འདུག་མོད་ནང་ན་ཉམས་ལེན་གནང་མཁན་ཧ་ཅང་ཉུང་ཉུང་རེད། གལ་ཏེ་ཉམས་ལེན་པ་མང་སོང་ནས་ཤོང་གིན་མེད་པའི་གནས་སྟངས་འདྲ་བོ་ཡོད་ན་རྒྱ་ཆེར་བསྐྱེད་ལོས་འོས། དེང་སང་སྐལ་བ་བཟང་ངན་གང་ཡིན་མི་ཤེས་མོད། ཆོས་སྲིད་གང་སར་ཁ ལག་གཉིས་ཀ་རང་དབང་མེད་པར་ཤོར་འགྲོ་བས་འཁྲུལ་བར་གྱུར་ན་དགེ་བའི་བཤེས་གཉེན་རྣམ་པར་བཟོད་གསོལ་དང་མཐོལ་བཤགས་འབུལ་ལོ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དང་པོ། ནུབ་གླིང་ཆོས་ཚོགས་ནང་དུ་དཀོན་གཉེར་བོད་པ་རེར་བཙུག་ཨ་ཐུབ་ལྟོས། དེ་ནས་ཆོས་ཚོགས་དེས་བོད་མིར་ཕན་ཐོགས་ཆ་ཚང་མི་ཡོང་བ་མཐོང་ཡོང་། དེ་ནས་བོད་མགོན་བཙུག་དགོས།
    བོད་དགོན་དེ་ཡང་དང་པོ་ཁྱིམ་པའམ། དགེ་བསྙེན་ནམ་སྔགས་འཆང་ཁག་གཅིག་གིས་ནང་ཆོས་སློབ་གཉེར་བྱ་ས་གཅིག་དགོས། དེས་ཀྱང་མ་འཚིམ་ན་གཞི་ནས་དགེ་ཚུལ་དང་དགེ་སློང་གི་སྡེ་བཙུག་ཐུབ་ན་རྨང་གཞི་བརྟན་ལ་དགེ་མཚན་ཆེ་བར་མི་འོངས་སམ།

    Reply
  7. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    གྲྭ་བ་ཉུང་དུ་འགྲོ་ནའི་གནད་འགག་གཙོ་བོ་ནི. ཕྲུ་གུ་སྐྱེས་ཚད་ཉུང་དྲག་པས་རེད. དེ་ནི་གཙོ་བོ་དཔལ་འབྱོར་དང་ཕ་མ་ས་དཀའ་ལས་རྒྱག་འདོད་མེད་པས་སོ. ཐབས་ལམ་གཅིག་རང་གཅིག་ཡོད་པ་ནི. ཚང་མ་ཆོས་སྒོར་ཞུགས་ནས་ལོ་ངེས་ཅན་ཞིག་ལ་སྡད་རྗེས་སྐྱ་བོ་བྱས་ཆོག་རྒྱུ་དང. དགེ་བཤེས་ཡིན་ན་གྲྭ་བ་ཡིན་དགོས་མེད་པ་བྱེད་རྒྱུ་དེའོ

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    གྲྭ་ལོག་ཚོས་དགོན་པའི་ནང་ལག་བསྲིང་མ་ཡོང་། ང་ངོ་ཚ་ནས་འབར་ཐལ།

    Reply
  9. མྱི་ནག་ཚང་། says:
    ལོ་ 14 སྔོན།

    བོད་པ་ཞིག་ཡིན་ན་ནང་བ་ཞིག་ཡིན་པའི་བསམ་ཚུལ་དེ་གླིང་སྡེ་བ་གཉིས་ཀར་ཡོད་པ་རེད། དེ་འདྲའི་རང་རློམ་ཞིག་བོད་པ་ཚོའི་རྒྱུད་ན་ཡང་ཡོད་པ་རེད། འོན་ཀྱང་། ང་ཚོར་དགོན་པ་རེ་ག་ས་གང་དུ་ཡོད་རུང་། བོད་པ་ཚོར་གྲྭ་བཙུན་ཞིག་མིན་པའི་ཕར་ནས་ནང་ཆོས་སྦྱོང་སའི་བསྟི་གནས་དམིགས་བཀར་བ་ཞིག་ད་བར་དུ་མི་འདུག

    ད་ནི་བོད་པའི་གྲྭ་བཙུན་ཚོའི་རྒྱུན་ཆད་སོང་ན། མི་རིགས་གཞན་པ་དང་། ཐ་ན་ཕྱི་གླིང་བ་ཡིན་ཡང་གྲྭ་བཙུན་གྱི་རྣམ་པར་ཕེབས་པ་ཡིན་ན་སྒོ་ཕྱེ་རྒྱུ་མ་གཏོགས། བོད་རིགས་མི་སྐྱ་ཕོ་མོ་ཚོར་དགོན་སྡེ་ཁག་གི་སྒོ་མོ་དེ་གསལ་བོ་ཞིག་ཕྱེ་ཡོད་པ་མ་རེད། དེའི་རྐྱེན་གྱིས་ང་ལྟ་བུ་ཞིག་ལ་མཚོན་ན་ཆོ་ག་ཕྱག་ལེན་གྱི་རྒྱུན་སྲོལ་ཙམ་དང་། ཕ་རིང་བུ་བརྒྱུད་ལ་ནང་བ་ཞིག་ཡིན་ཅེས་པ་ཙམ་ལས་ནང་ཆོས་སློབ་གཉེར་གྱི་གོ་སྐབས་ནི་ཤར་མྱོང་མེད། ཁ་སང་དེ་རིང་ནི་ཉམ་རྒུད་ཀྱི་དུས་ཡིན་སྟབས། བསམ་ཚུལ་འདི་ལྟ་བུ་རེ་ཡང་མི་འཁོར་རང་འཁོར་རེད།

    Reply
  10. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཨ་འཇམ་ལགས་ཀྱི་ཐུགས་ཁྲལ་དང་དེ་སེལ་ཕྱོགས་ཀྱི་ཐབས་ལམ་གཉིས་ཀར་རྒྱུ་མཚན་འདུག ཡིན་ཡང་། ང་རང་གི་ཀླད་པའི་རྒྱ་ཐག་ལ་ཆོས་བརྒྱུད་སོ་སོའི་བུ་དགོན་རེ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་རམ་གྲོང་སྡེ་རེ་ནས་འཛུགས་ཐུབ་ན་བསམ་པའི་བློ་ཞིག་འཁོར་མྱོང་མེད། ཐ་ན་ཁོང་གིས་བསམ་ཚུལ་བཏོན་རྗེས་ཀྱང་དེ་ལྟར་བྱུང་ན་ཅི་མ་རུང་སྙམ་པའི་བློ་དེ་འཁོར་གི་མི་འདུག

    གཙོ་བོ་དེ། གྲྭ་རྒྱུན་ཆད། དགོན་པ་རྫིག་པོ་དེ་ཚོ་སྟོང་བར་ལུས་འགྲོ་རྒྱུ་དེ་རེད། དེའི་གོ་དོན་ནི་ནང་ཆོས་འདི་ཡང་རང་བཞིན་གྱིས་ཉམ་འགྲོ་རྒྱུ་དེ་རེད། འདི་ལ་ཐབས་ཤེས་རེ་ཡོད་ན་འཐེན་རན་རེད། དཔེར་ན། ནང་ཆོས་འདི་ཆོས་ལུགས་ཙམ་མིན་པར་ཚན་རིག་གི་ངོ་བོར་བཤད་གི་ཡོད་ཚུལ་འདུག དེ་ལྟར་ཡིན་ན། ཚན་རིག་དེ་སྦྱོང་ས་ལ་ཡིན་གཅིག་མིན་གཅིག་དགེ་སློང་ངམ་སེར་མོ་བའི་སྡེ་གཅིག་པུ་འཛུལ་དགོས་པའི་ངེས་པ་ཡོད་ཀྱི་མ་རེད་འདོད། མི་སྐྱ་དང་ཕོ་མོ་གང་ཡིན་ཡང་འཛུལ་ཞུགས་ཀྱིས་སྦྱང་ན་ཕན་ཐོགས་ཡོད་སྲིད་པ་རེད། དེ་ལ་འདུལ་ཁྲིམས་སམ་སྒྲིག་གཞི་གསར་པ་ཡང་བཟོ་མི་ཆོག་པ་ཅི་ཡོད་འདོད། སྲོལ་རྒྱུན་དང་ཀླང་རྙིང་མཁྲེགས་འཛིན་གཉིས་ཀྱི་གོ་དོན་ཡང་ཁ་ཁར་ཕྱེ་སྟེ་ཐབས་དང་ཤེས་རབ་གཉིས་ཀ་སྤྱད་ན་ལམ་ཁ་ནི་ད་དུང་ཡོད་པ་ཙམ་དུ་མ་ཟད། སྔར་ལས་མང་བ་ཡོད་པ་དང་། ནང་ཆོས་འདི་ཡང་སེར་མོ་བའི་སྡེ་གཅིག་པུ་མིན་པར་སྐྱ་སེར་གཉིས་ཀའི་ཐོས་བརྩོན་གྱི་ཡུལ་དུ་འགྱུར་རྒྱུ་རེད་འདོད། ད་དུང་སྤུས་ཀ་ཡང་ཇེ་ལེགས་པ་འགྲོ་སྲིད་པ་རེད། འདི་ནི་རྒྱུས་མེད་རྒྱུས་གཏམ་ལྟ་བུར་གྱུར་ཀྱང་གནས་སྐབས་དེ་ཙམ་ཡིན།

    ནམ་རྒྱུན་རྩོམ་ཡིག་ཅིག་དྲ་ཐོག་ལ་སླེབ་ཐེངས་རེར་སོ་སོའི་ཁ་ལག་གཉིས་ཀ་དེར་ཐོན་གི་འཇུག་རྒྱུ་དེ་ངའི་དམིགས་ཡུལ་མིན་ལ། དེར་རྒྱུ་མཚན་ཡང་མི་འདུག ཡིན་ཡང་། ད་སྐབས་ཤར་ནུབ་གང་དུ་བསྡད་རུང་། གནས་ཚུལ་དང་བསམ་ཚུལ་ནི་འབེལ་འབེལ་ལྷུག་ལྷུག་རེད། དེའི་ཁར། མཆན་བུ་འདེབས་ས་དང་འདེབས་མཁན་ཡང་དེ་བཞིན་རེད། སྔར་མེད་པ་ཞིག་ད་ལྟ་ང་ཚོར་ཡོད་པར་གྱུར་བ་ནི་ང་རང་ཚོར་སྐལ་བ་ལྡན་སོང་བའམ། ལས་འགན་འཁྲི་སོང་བ་གང་ལྟར་ཕུན་སུམ་ཚོགས་པ་ཞིག་རེད། དེ་བས་མཚམས་རེར་སོ་སོའི་སྐབས་ཐོག་གི་འཆར་སྣང་མཚོན་པའི་མཆན་བུ་རེ་བཏབ་ན་རང་གི་སེམས་ཀྱི་ཟ་འཕྲུག་དེ་སོད་པའི་ཁར། གཅིག་བྱས་ན་རྩོམ་ཡིག་འབྲི་མཁན་དང་ཀློག་མཁན་ཚང་མར་ཡང་དེ་བཞིན་གྱི་སྤྲོ་བ་ཡོད་པར་འདོད་ནས་འབྲི་གིན་ཡོད།

    Reply
  11. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ཨ་འཇམ་ལགས་ཀྱི་གསུང་ལ་སྤྱིར་བདེན་པ་རེད། འོན་ཀྱང་༧གོང་ས་མཆོག་གི་དུས་རྟག་པར་བཀའ་གནང་གི་ཡོད་པ་ལྟར་སྤྱིར་བོད་ལ་མཚོན་ན་གྲྭ་པ་མང་མེད་ན་ཉུང་མི་འདུག་བསམ་བྱུང་གང་ཡིན་ཟེར་ན་བོད་མི་རིགས་འདི་གྲངས་ཉུང་མི་རིགས་ཤིག་ཡིན་དུས་ད་དུང་མི་སྐྱེ་སྲང་བྱེད་རྒྱུ་གལ་ཆེན་རེད་དྲན་སོང་།  མ་ཟད་ད་སྐབས་ཀྱི་གྲྭ་བཙུན་གྱི་གྲངས་ཚད་ལ་ལྟས་པ་ཡིན་མི་རིགས་ལ་ལྟས་ན་མང་མེད་ན་ཉུང་མེད་པས་གནས་སྟངས་ཤིག་རེད། དེ་འདྲ་ཡིན་དུས་མི་རིགས་འདི་ད་དུང་མང་ཐབས་ལ་འབད་དགོས་པ་གལ་ཆེན་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese