མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱོགས་གཉིས་ནས་བཙུར་བའི་གྲྭ་བཙུན། ཕྱོགས་གཉིས་ནས་སྦར་བའི་མེ་ལྕེ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

གནའ་སྔ་མོའི་དུས་ནས་བདེན་དོན་དང་གཞན་གྱི་ཚེ་སྲོག་སྐྱོབ་ཆེད་རང་སྲོག་བློས་གཏོང་མཁན་གྱི་སྐྱེས་བུ་རླབས་ཆེན་དུ་མ་ཞིག་བྱུང་ཡོད་ཅིང་། དེ་དག་གི་ཁྲོད་དུ་ཆུ་དང་མེ་ནང་དུ་མཆོང་མཁན་དང་། གྲི་མདུང་དང་མེ་མདའི་ཁ་རུ་མཆོང་མཁན་སོགས་སྣ་ཚོགས་ཤིག་ཡོད་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་བོ་ཞིག་བསྟན་ཡོད། དཔེར་ན་<<མདོ་མཛངས་བླུན་>>ཞེས་པའི་དཔེ་ཆ་དེའི་ནང་དུ་ཆེས་གནའ་སྔ་མོའི་ནང་པའི་དགེ་ཚུལ་ཞིག་གིས་བུ་མོ་མཛེས་མ་ཞིག་དང་མཉམ་དུ་འདོད་པའི་བདེ་བར་རོལ་ནས་རང་གི་ཚུལ་ཁྲིམས་ཉམས་པར་བྱེད་མ་འདོད་པར་གྲི་ཆུང་ཞིག་གིས་རང་གི་མགྲིན་པའི་འཕར་རྩ་བཅད་པ་ལྟ་བུ་དང་། ཉེ་རབས་རིག་གནས་གསར་བརྗེའི་སྐབས་སུ་ཨ་མདོའི་དགའ་ལྡན་གསེར་ཁྲིའི་ཡང་སྤྲུལ་ཞིག་གིས་ཀྱང་ཆོས་དང་བླ་མར་སྐུར་བ་འདེབ་མ་འདོད་པར་རང་གི་མགྲིན་པ་བཅད་དེ་སྐུ་སྲོག་དོར་བ་སོགས་བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་དགེ་འདུན་པ་ཚོིའི་སྣང་བརྙན་གསོན་པོ་རེ་རེ་བཞིན་ད་དུང་མི་རྣམས་ཀྱི་ཡིད་ངོ་རུ་ཡལ་བ་མེད་པར་གནས་ཡོད།

ཉེ་ཆར་བོད་ནང་དུ་བྱུང་བའི་དགེ་འདུན་པ་དང་བཙུན་མས་བོད་མི་རིགས་ཀྱི་བདེན་དོན་དང་འབོད་སྒྲའི་ཆེད་དུ་རང་ལུས་མེ་རུ་སྦར་བ་དེར་ཧོབ་སྟེ་བལྟས་ན་སྐྱི་གཡའ་བ་དང་འཇིགས་སྐྲག་འཕེལ་བ། ཡིད་སྐྱོ་བ་དང་ངར་ཤུགས་རྒྱས་སུ་འཇུག་པ་སོགས་སྣ་མང་རྙོག་འཛིང་གི་གྲུབ་ཆ་མང་པོ་ཞིག་ལྡན་ཡོད་པ་དང་། དངོས་པོ་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་བར་འདོད་པའི་རང་རེའི་ནང་པའི་གྲུབ་མཐའ་དག་གི་འདོད་ཚུལ་རྨང་གཞིར་བཟུང་སྟེ་བལྟས་ཤིང་། ཕྱོགས་སུ་མ་ལྷུང་བའི་དྲང་ཐིག་ཅིག་ལག་ཏུ་བཟུང་སྟེ་གྲྭ་བཙུན་འདི་དག་གིས་དོར་བའི་ཚེ་སྲོག་གི་རིན་ཐང་དང་དེས་བསྒྲགས་པའི་འབོད་སྒྲ་དེ་ཚོའི་ཐག་ཉེ་རུ་བཅར་བར་བྱའོ།།

དེ་ཡང་བོད་མི་རིགས་དང་རྒྱ་མི་རིགས་གཉིས་ཀྱི་བར་དུ་ལོ་ངོ་སྟོང་ཕྲག་རིང་དམག་འཁྲུག་དང་དབང་སྒྱུར་གྱིས་བཞག་པའི་ཤ་འཁོན་དང་ཞེ་འཁོན་དྲག་པོ་གནའ་ནས་ད་བར་མེ་མུར་ཐལ་བས་གཡོགས་པའི་ཚུལ་དུ་ག་དུས་ཡིན་ཡང་འབར་ཆོག་ཆོག་དང་འཚིག་ཆོག་ཆོག་ཅིག་གི་ངོ་བོར་གནས་ཡོད་ཅིང་། ཡང་རྒྱ་བཟའ་སྔ་ཕྱི་གཉིས་བོད་དུ་ཡོང་བའི་གཉེན་ཉེའི་འབྲེལ་ལམ་ཟབ་མོ་ཞིག་དང་དབོན་ཞང་རྡོ་རིང་བཙུགས་པ་སོགས་ཀྱི་སྲིད་དོན་འབྲེལ་ལམ་དང་། རྒྱ་པཎ་གཉིས་དང་ཀརྨ་པ་སོགས་བོད་ཀྱི་བླ་ཆེན་སྐོར་ཞིག་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ནག་གི་རྒྱལ་བློན་ཚོར་ནང་པའི་ཆོས་འཁོར་བསྐོར་པའི་ཆོས་ཕྱོགས་ཀྱི་འབྲེལ་ལམ་ཧ་ཅང་ཟབ་མོ་ཞིག་ཀྱང་ཡོད་པ་རེད།

གང་ལྟར་གནའ་ནས་ད་བར་ཡོད་པའི་ཞི་དྲག་གི་འབྲེལ་ལམ་རིང་མོ་འདིའི་ཁུག་པ་རུ། སྤྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་ཡོངས་ཁྱབ་ཀྱི་བོད་རྒྱའི་མི་རིགས་ཕན་ཚུན་བར་དགྲར་འཛིན་གྱི་འདུ་ཤེས་དྲག་པོ་ཞིག་བསླངས་ཡོད་ཅིང་། དེ་ཡང་བོད་ཀྱི་ཕྱོགས་ནས་ལོ་དེ་བར་དུ་བསྒོམས་པའི་བཟོད་སྒོམ་གྱི་མཐའ་རྒྱ་རལ་བའི་དཔང་རྟགས་སུ་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་ཆེན་མོ་ཞིག་བསླངས་པ་དང་། རྒྱ་ཕྱོགས་སུ་ལྷ་སའི་ཞི་རྒོལ་སྐབས་རྒྱ་རིགས་བུ་མོ་འགའ་ཚོང་ཁང་མེ་རུ་བསྒྲོན་པའི་ཁྲོད་དུ་འདས་གྲོངས་སུ་སོང་བ་དང་། བོད་པ་ངོ་རྒོལ་བ་ཚོས་དུ་ནག་ལང་ལོང་དུ་འཕྱུར་བའི་ལྷ་སའི་གྲོང་ཁྱེར་དུ་ཚོང་ཁང་དང་དངུལ་ཁང་སོགས་ལ་གཏོར་བཅོམ་བྱེད་བཞིན་པའི་གནས་ཚུལ་ཞིག་རྒྱ་ནག་རྒྱལ་ཡོངས་སུ་དབུས་བརྙན་འཕྲིན་ཁང་སོགས་ཀྱིས་ཉིན་མཚན་མེད་པར་ཡང་སྐོར་སྐྱར་སྐོར་གྱིས་བསྟན་པའི་སྒུལ་ཤུགས་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་གི་རྒྱ་ནག་ཏུ་འཚོག་རྒྱུའི་ཨོ་ལིམ་ཕིས་ཁུ་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་འཛམ་གླིང་གི་ས་གནས་གང་ཞིག་ཏུ་བསླེབས་ཀྱང་ཕྱི་སྡོད་བོད་རིགས་ཚོས་དེ་ལ་ངོ་རྒོལ་སྔ་ན་མེད་པ་ཞིག་བྱས་པ་དང་། ལྷག་པར་དུ་ཡོ་རོབ་གླིང་ཆེན་ནང་ཨོ་རྩེད་དཔལ་འབར་འཕྲོག་རྩོད་ཀྱི་དོན་སྐྱེན་བྱུང་བ་ལ་བརྟེན་ནས། རྒྱལ་ཕྱི་ནང་གང་སར་སྡོད་པའི་རྒྱ་རིགས་རྒྱལ་ཞེན་དང་མི་རིགས་ཀྱི་ཞེན་ཁོག་ཅན་ཚོ་ཁོང་ཁྲོ་ཧ་ཅང་ཆེན་པོ་ཞིག་ལངས་པ་རེད།

སྔོན་ཆད་གོང་ས་ཏྰ་ལའི་བླ་མ་མཆོག་འཛམ་གླིང་གི་རྒྱལ་ཁབ་གང་ཞིག་ཏུ་ཕེབས་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་གྱི་གསལ་བསྒྲགས་སྤེལ་བ་དང་། སྲིད་གཞུང་དེ་དང་དེ་ཚོར་ཏྰ་ལའི་བླ་མར་སྣེ་ལེན་མཇལ་འཕྲད་བྱས་ན་མི་འགྲིག་པའི་གནོན་ཤུགས་སྤྲོད་པ་ཙམ་མ་གཏོགས། རྒྱ་མི་རིགས་འདུ་འཛོམ་གྱིས་ཏྰ་ལའི་བླ་མའི་སྲིད་དོན་དང་ཆོས་ཕྱོགས་ཀྱི་འགྲུལ་བཞུད་ལ་ངོ་རྒོལ་བྱེད་པ་ཞིག་དེ་ཙམ་མཐོང་རྒྱུ་མེད་ཀྱང་། ཨོ་རྩེད་དཔལ་འབར་འཁོར་སྐྱོད་ལ་གཏོར་བརླགས་དང་ས་བྱིའི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་། རྒྱ་ནག་གཞུང་ཕྱོགས་ཀྱི་སྐུལ་མ་དང་མ་སྐུལ་དང་བླངས་སོགས་ཀྱི་སྣེ་ཁྲིད་འོག་ཏྰ་ལའི་བླ་མ་མཆོག་འཛམ་གླིང་གི་ས་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་རིགས་ཚོིས་ངོ་རྒོལ་རྗེས་འདེད་བྱེད་པའི་ལེ་ཚན་གསར་པ་ཞིག་གི་མགོ་བརྩམས་པ་རེད།

སྤྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་སྟེ་བོད་ས་གང་སར་དྲག་པོའི་དམག་དཔུང་དང་ཉེན་རྟོག་པ། སོ་ཉུལ་དང་སྦྱོང་བརྡར་སྤྲད་པའི་སྤྱང་ཁྱི་སོགས་ཀྱིས་ཁེངས་ཏེ། བོད་མི་ཚོར་ཉིན་རེའི་འཚོ་བ་ལྷོད་ལྷོད་ཅིག་རོལ་ཐབས་མེད་པར་ཉི་མ་རེ་རེ་བཞིན་འཇིགས་སྐྲག་དང་དངངས་འཚབ་ཁོ་ནའི་འོག་གནས་དགོས་པ་ཞིག་བཟོས་དང་བཟོ་བཞིན་ཡོད་ལ། རྒྱ་ནག་གི་སྲིད་གཞུང་དང་མི་དམངས་གཉིས་ཀའི་ངོས་ནས་བོད་ཕྱི་ནང་གཉིས་ཀར་བོད་མི་རིགས་ཀྱི་བསམ་པའི་བརྩེ་དུང་ལ་མནར་གཅོད་ཚད་མེད་ཅིག་བཏང་དང་གཏོང་བཞིན་པའི་དྲག་གནོན་གྱི་མེ་ལྕེ་དང་། ཕྱི་ཕྱོགས་སུ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུག་ཅིག་ད་དུང་གནས་ཡོད་ཅིང་། བོད་ཀྱི་བཀའ་ཁྲི་དང་བཀའ་བློན། དེ་ཚོའི་ལས་ཁུངས་དང་འཛམ་གླིང་གང་སར་བོད་དོན་ངོ་སྤྲོད། བོད་ཀྱི་རྒྱལ་དར་འཕྱར་བ་དང་རྒྱལ་གླུ་གཏོང་བ་སོགས་ཆེ་ཆུང་ལ་མ་ལྟོས་པའི་རྒྱལ་ཁབ་ཅིག་གི་བྱེད་སྒོ་དང་ཐག་ཉེ་བའི་ལས་འགུལ་འདི་དག་ད་དུང་མུ་མཐུད་དེ་སྤེལ་བཞིན་ཡོད་པ་དང་། གཞོན་ནུ་ཚོགས་པས་བོད་རང་བཙན་གྱི་ཁ་གཡང་སྒྲོག་བཞིན་བོད་ནང་གི་བོད་མི་ལ་ངར་ཤུགས་འཕེལ་དུ་བཅུག་པ་སོགས། གནའ་སྔ་མོའི་སྒི་རིག་གི་བསམ་བློ་བ་གྲགས་ཅན་ཕིས་ལ་ཁྲོ་ཡི་<<ཕུགས་བསམ་གྱི་རྒྱལ་ཁབ་>>ལྟ་བུའི་མཛེས་སྡུག་ལྡན་པའི་སྟོང་བསམ་གྱི་མེ་ལྕེ་འདི་གཉིས་གཞི་གཅིག་ཏུ་བསྡོངས་ཏེ་། བོད་ཀྱི་གྲྭ་བཙུན་འདི་ཚོའི་རིན་ཐང་བྲལ་བའི་དམར་སྨུག་གི་ཆོས་གོས་དང་དལ་འབྱོར་གྱི་མི་ལུས་གཉིས་མེ་རུ་སྦར་བ་རེད་ཨང་།  

ཆོས་ལུགས་པའི་བཤད་སྟངས་བཞིན་བརྗོད་ན། གཞན་གྱི་བཙན་གནོན་དང་གདུག་རྩུབ་མྱོང་བ་ནི་ཡ་ང་མེད་པའི་དམྱལ་བའི་མེ་ནང་དུ་སྲེག་པ་དང་གཅིག་མཚུངས་ཡིན་ལ། དེ་ལས་བྱོལ་ཏེ་སྐྱེ་བ་རྗེས་མར་བཞུད་པ་ནི་ཐར་པའི་བདེ་བའམ་མཐར་ཐུག་གི་གོ་འཕང་དང་། རང་ལུས་མེ་རུ་སྦར་བ་ནི་དཀའ་ཐུབ་དྲག་པོའི་སྒྲིབ་སྦྱོང་ངམ་བྱིན་རླབས་འཛད་མཐའ་མེད་པའི་ཁྲུས་གསོལ་ཐེངས་ཤིག་དང་ཆེས་འདྲ་ཞིང་། སྡུག་བསྔལ་དྲག་པོ་དང་བདེ་བའི་སྣང་བརྙན་གཉིས་ཀ་སྒྲིབ་སྦྱོང་འདིའི་ཆ་རྐྱེན་གཡོལ་ཐབས་མེད་པ་ཞིག་ཏུ་ངོས་ལེན་བྱེད་ཐུབ་ཚེ། ད་ལྟའི་བོད་ནང་གི་སྲིད་དོན་གྱི་དཀའ་རྙོག་ཆེན་པོ་འདི་དང་མ་འོངས་པའི་བོད་མིའི་ཕུགས་བསམ་གྱི་རྒྱལ་ཁབ་བམ་རང་སྐྱོང་གི་རྨི་ལམ་དེ་གཉིས་ཀས་བོད་མི་བཅུ་གསུམ་གྱི་ལུས་པོའི་སྟེང་དུ་མི་དྲི་བྲོ་བའི་མི་ཞིག་ཡིན་ཕྱིན་ཆེད་འདར་སིག་རྒྱག་དགོས་པའི་དམར་ལྷེམ་ལྷེམ་གྱི་མེ་ལྕེ་རེ་སྦར་ཡོད་ཅེས་བརྗོད་མི་ཐུབ་པ་ཅི་ཡང་མེད་དོ།།

ཁོ་བོའི་གྲོགས་པོ་གྲོགས་མོ་གང་མང་ཞིག་གིས་ཐེངས་འདིའི་བཙུན་མ་ཆོས་མཚོས་རང་ལུས་མེ་རུ་སྦར་བའི་བརྙན་འཕྲིན་དེར་ལྟ་མི་བཟོད་ཅིང་། བལྟས་རྗེས་རྨི་ལམ་འཁྲུག་ཡོང་གི་འདུག་ཅེས་བརྗོད་སོང་ལ། རང་ཉིད་ཀྱིས་ཀྱང་བརྙན་འཕྲིན་དེར་བལྟས་རེ་ཞིག་མིད་པར་ཟས་མི་འགྲོ་ཞིང་སེམས་ནང་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་ཞིག་རང་དབང་མེད་པར་ཡོང་གིན་འདུག དེ་ནི་མེ་ལྕེ་ཡིས་བཏུམས་པའི་བཙུན་མ་དེ་བོད་པ་ཞིག་ཡིན་པ་ཙམ་མ་ཡིན་པར། སྲོག་ལྡན་གྱི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཡིན་ཞིང་། ནམ་རྒྱུན་ཚེར་མ་ཆུང་ཆུང་ཞིག་ཟུག་པའམ་མེ་སྟག་ཆུང་ཆུང་ཞིག་འཐོར་བའི་ཚེ་ན་ཡང་མི་བཟོད་པའི་ལུས་པོ་ཤ་རྗེན་མ་འདིའི་སྟེང་དུ། རེག་བྱ་རྩུབ་ཅིང་སྐད་ཅིག་དེ་ཉིད་ལ་མི་ཞིག་གི་ཚེ་སྲོག་ཁྱུར་མིད་དུ་གཏོང་བར་བྱེད་པའི་མེ་ལྕེ་དམར་པོ་ཞིག་འབར་བཞིན་པ་འདི་མཐོང་ཐེངས་རེ་རེར། རྒྱ་ནག་གི་རྒྱ་མིའམ་ཕྱིར་སྡོད་རྒྱ་མི་སུ་ཞིག་ཡིན་ཡང་སེམས་པར་གཡོ་འགུལ་ཏོག་ཙམ་རེ་ཐེབས་ལོས་ཡོང་བསམ་པ་ཞིག་ཡོད་ནའང་། ཟླ་བ་རེ་ཟུང་སྔོན་རྒྱལ་སྤྱིའི་སྟེང་གི་གསར་འགྱུར་ཆེན་པོ་ཞིག་ཏུ་གྱུར་པའི་རྒྱ་མིའི་བུ་མོ་ཆུང་ཆུང་ཞིག་རླངས་འཁོར་གྱིས་བརྫིས་ནས་ཤི་མ་གསོན་དུ་ཡོད་ཀྱང་རྒྱ་མི་ཉི་ཤུར་ཉེ་བ་ཞིག་གིས་འབུ་སྲིན་ཞིག་གི་ཚོད་དུ་བཞག་སྟེ་མིའི་ཚེ་སྲོག་ལ་སྣང་ཆུང་བྱས་པའི་གསར་འགྱུར་སྐྱུག་བྲོ་བོ་དེ་ཡིད་ངོར་འཆར་ཐེངས་རེར། བོད་མི་འབུམ་གཅིག་གིས་རང་ལུས་ལ་མེ་ལྕེ་སྦར་ཀྱང་འགྲོ་བ་མིའི་ཚེ་སྲོག་ལ་གཅེས་སྤྲས་དང་སེམས་ཁུར་གྱི་ཚོར་སྣང་ཡོངས་སུ་བོར་ཚར་བའི་རྒྱ་མི་རིགས་འདིའི་རྡོ་ལྟར་འཁྱག་ཅིང་ཆུ་བཞིན་གྲང་བའི་སེམས་ཁམས་སུ་གཡོ་འགུལ་ཕྲ་མོ་ཙམ་ཡང་གཏོང་ཐུབ་ཀྱི་མ་རེད་ཀྱང་འདོད།

ད་དུང་སྲིད་ཕྱོགས་ནས་མེ་ལྕེས་ཟོས་ཚར་བའི་བོད་མི་དེ་དག་གིས་བོད་མི་རིགས་འདིའི་སེམས་ཁོང་དུ་ནམ་ཡང་ནུབ་པ་མེད་པའི་དཔའ་བོའི་སྣང་བརྙན་རེ་རེ་བཞེངས་ཡོད་དམ་མེད། ཆོས་ཕྱོགས་ནས་བོད་འབངས་ཡོངས་ཀྱི་སྡུག་བསྔལ་གྱི་ཆེད་དུ་རང་ལུས་མཆོད་སྦྱིན་དུ་ཕུལ་བའི་བོད་མི་འདི་ཚོའི་རྣམ་ཤེས་རེ་རེ་བཞིན་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཁོང་གི་མཛེས་སྡུག་གི་དག་ཞིང་དེར་ཁྲིད་ཡོད་དམ་མེད། རྒྱ་མི་རིགས་དུང་ཕྱུར་བཅུ་ཕྲག་བརྒལ་བའི་ཁྲོད་དུ་བོད་མི་མེ་ལྕེབ་མཁན་འདི་ཚོའི་སྐོར་ཤེས་རྟོགས་ཡོད་མཁན་ག་ཚོད་ཅིག་ཡོད། ཕྱོགས་གཉིས་ནས་སྦར་བའི་སྐྱི་གཡའ་བའི་མེ་ལྕེ་འདི་དག་ད་དུང་དུས་ཚོད་ཅི་ཙམ་ཞིག་གི་རིང་འབར་གྱི་རེད་དམ། ཕྱོགས་གཉིས་ནས་བཙུར་པའི་གྲྭ་བཙུན་འདི་ཚོའི་ངུར་སྨྲིག་གི་ན་བཟའ་དེ་ཚོ་ལོ་ཟླ་ག་ཚོད་ཅིག་གི་ནང་དུ་ཐལ་བར་འགྱུར་གྱི་རེད།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༢༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 14

  1. ཨ་འཇིགས། says:
    ལོ་ 14 སྔོན།

    འདི་ལ་བསམ་ཚུལ་ཐུང་ཐུང་ཞིག་བཤད་འདོད་བྱུང་། ཕྱོགས་གཉིས་ནས་བཙིར་བ་དང་སྦར་བ་རེད་ཟེར་བའི་ཁ་བྱང་འདི་དེ་འདྲའི་རན་པོ་ཞིག་མ་རེད། ཕྱི་ཕྱོགས་སུ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུག་ཅིག་ད་དུང་གནས་ཡོད་ཅིང་། བོད་ཀྱི་བཀའ་ཁྲི་དང་བཀའ་བློན། དེ་ཚོའི་ལས་ཁུངས་དང་འཛམ་གླིང་གང་སར་བོད་དོན་ངོ་སྤྲོད། བོད་ཀྱི་རྒྱལ་དར་འཕྱར་བ་དང་རྒྱལ་གླུ་གཏོང་བ་སོགས་ཆེ་ཆུང་ལ་མ་ལྟོས་པའི་རྒྱལ་ཁབ་ཅིག་གི་བྱེད་སྒོ་དང་ཐག་ཉེ་བའི་ལས་འགུལ་འདི་དག་ད་དུང་མུ་མཐུད་དེ་སྤེལ་བཞིན་ཡོད་པ་དང་། གཞོན་ནུ་ཚོགས་པས་བོད་རང་བཙན་གྱི་ཁ་གཡང་སྒྲོག་བཞིན་པ་འདི་དག་ཕྱོགས་གཅིག་ནས་བཙིར་བ་དང་སྦར་བར་བཤད་ན་ཅུང་ཟད་ཐལ་ཆེ་མེད་དམ།

    འདི་ལྟར་བཤད་ན་བོད་ནང་གི་འགུལ་བསྐྱོད་ཡོད་ཚད་ཕྱི་ལོག་ནས་བཙིར་གྱིན་པ་རེད་དམ། རིགས་ཞེན་དང་ལར་ཞེན་ཡོད་པ་འདི་ཚོ་གཞན་གྱིས་བཙིར་བར་བརྗོད་ན་མི་འགྲིག་པར་སྙམ། ལྷག་པར་རང་ལུས་མེ་རུ་སྦར་བ་དེ་ཕྱི་ནས་བཙིར་བར་བརྗོད་ན་ཨེ་འགྲིག དཔེར་ན། ང་རང་གི་ཕ་མ་ལ་བརྩེ་དུང་དང་ཤ་ཞེན་ཆེན་པོ་ཡོད། ཆུང་དུས་མི་གཞན་གྱིས་ངའི་ཕ་མ་གཉིས་ལ་ངན་བཤད་རྒྱབ་དུས་ངས་ཐེངས་མང་པོར་འཛིང་མྱོང་། དེ་ཕ་མ་གཉིས་ཀྱིས་བཙིར་བ་ཞིག་ཏུ་བརྗོད་ན་མི་འོས།

    རྒྱ་མི་རིགས་དང་རྒྱ་ནག་གཞུང་ལ་ཕོག་ཐུག་གང་ཡང་མ་སོང་ཞིག་བྱེད་རྒྱུ་ཨེ་ཡོད་མི་ཤེས། གལ་སྲིད་ཡོད་ན་རྒྱ་མིའི་ཚེ་གཡོག་བྱེད་རྒྱུ་དེ་མིན་འགྲོ། ཨ་ལ་ཀུ་རེ་ཡིན། གང་ལྟར་རྒྱ་མི་རིགས་ལ་ཕོག་ཐུག་མི་འགྲོ་བའི་ལས་འགུལ་ཞིག་ཕལ་ཆེར་མེད་ཚོད་རེད། གང་ཡིན་ཟེར་ན་རྒྱ་གཞུང་གིས་རྒྱ་མི་རིགས་ག་རེ་བཟོ་བཟོ་རེད། ང་ཚོས་རྒྱ་ལ་ཁ་གཏད་གཅོག་དགོས་ན་ཕོག་ཐུག་གཏོང་དགོས་པ་རེད། འདི་བྱས་ན་རྒྱ་མི་རིགས་ལ་ཕོག་ཐུག་འགྲོ་གི་འདུག དེ་བྱས་ན་རྒྱ་མི་རིགས་ལ་ཕོག་ཐུག་འགྲོ་གི་འདུག་ཅེས་ལས་འགུལ་ཚང་མ་ཕྱིར་བསྡུ་རྒྱག་དགོས་པ་ཡིན་ན། རྗེས་མ་ང་ཚོར་ལས་འགུལ་སྤེལ་རྒྱུ་རྐང་གཅིག་ཀྱང་རག་གི་མ་རེད་དོ། དེ་ཙམ་མ་ཟད་རང་གི་མིང་ནས་འབོད་རྒྱུ་ཡང་རྒྱ་ལ་ཕོག་ཐུག་ཏུ་འགྲོ་བར་སྣང་།

    Reply
  2. ཁྱུང་ཆེན་རང་གྲོལ། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཟེར་བ་འདི་ལ་ལྟོས་དང་། ད་ཁུག་རྟས་འདེད་ས་ཞིག་དེད་འདུག ཧཧཧཧཧ བསྡད་མ་ཐུབ་ན་དེ་འདྲ་རེད།

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ཧ་ཧ་་་་་ ངས་བསམ་བཞིན་དུ་བརྙད་བརྐོས་པ་ཡིན། དྲ་ཐོག་གི་བོད་ཀྱི་ཡིག་འབྲི་བ་ཚོས་ཐལ་རྡུལ་ཇི་ལྟར་གཙུབ་མིན་ཅིག་ལྟ་དགོས་བསམ་བྱུང་ལ། མིང་འབྲེལ་གྱིས་ས་རྡུལ་གཙུབ་མཁན་མང་བོ་ཡོད་རྒྱུ་རེད་བསམ་བྱུང་། སྒུག་སྒུག་པའི་ཐ་མར་བྱེའུ་ཁུག་རྟ་མ་གཏོགས་ཐལ་རྡུལ་གཙུབ་མཁན་སླེབས་མ་བྱུང་། དེ་བས་ད་ཐེངས་ཀྱི་རིམ་པས་ང་ཕམ་པར་བརྩི་ཆོག

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ལགས་། འདི་ལ་གོ་བ་མི་འདུག་ཨེ། ད་ཁྱེད་སྡོད་ཞོག སྐུ་མཁྱེན། སྙིང་རྗེ།

    Reply
  5. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    གྲོགས་བསྟན་ཤེར་ལགས། ཁྱེད་ཀྱིས་འགྲེལ་བཤད་བརྒྱབ་པ་དེ་ལས་ལྷག་ཅིག་ངས་ཀྱང་བཤད་མ་ཐུབ་ཐལ། ཁྱེད་ཀྱིས་ཅང་མ་རག་ཐལ་ཟེར་བ་དང་ངའི་རྩོམ་ལ་འགྲེལ་བཤད་རྒྱག་པ་གཉིས་ཐོ་ཐུག་ཡོད་བསམས་ན་ཁྱེད་ལ་ཀླད་པ་ཡོད་པའི་རྟགས་རེད།

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ཀླུ་སྨྱོན་ལོ་ལོ། ངོ་མས་ཡིན། ཡང་བསྐྱར་ཐེངས་གཅིག་བཀླགས་པ་ཡིན། བརྗོད་དོན་འདི་རེད་ཟེར་བའི་ལག་པ་འཆང་ས་ཞིག་རེག་མ་སོང་།

    Reply
  7. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    རྩོམ་ཡིག་འདིས་ཅི་ཞིག་བཤད་ཀྱི་འདུག་གམ། ངས་ངོ་མས་ཅང་མ་གོ་ཐལ། ཅུང་ཙམ་ཞིག་གོ་བ་ནི། བོད་མི་ཚོས་རྒྱ་མོ་འགའ་མེར་སྲེག་བཏང་བ་རེད་ཟེར་བ་དང་། ལྷ་སའི་ལྗོངས་མེར་སྲེག་ཅིང་ཚོང་ཁང་སོགས་ལ་འཕྲོག་བཅོམ་བྱས་པ་རེད་ཟེར་བ་འདྲ་བོ་ཞིག་གོ་སོང་། དྲ་གྲོགས་ཚོ། རྩོམ་མ་ཡིན་པའི་རྩོམ་འདིས་དེ་འདྲ་ཞིག་བཤད་ཀྱིན་པ་ཨེ་རེད། ཡིན་ན་ངས་གསལ་བཤད་དང་དོན་དངོས་ངོ་སྤྲོད་ཅིག་བྱེད། རྒྱ་མོ་དེ་དག་བོད་མི་ཚོས་སྲེག་སྟེ་ཤི་རུ་བཅུག་པ་མ་རེད། ངོ་རྒོལ་བས་ཁང་བར་མེ་བཏང་བ་བདེན་པ་རེད་མོད། མི་སྲེག་མཁན་ངོ་མ་དེ་རྒྱའི་དམག་མི་རེད། ཁང་བ་མེར་ཤོར་སྐབས་རྒྱ་མོ་དེ་དག་གིས་གཉིས་ཐོག་གི་ཀླད་ནས་སྲོག་སྐྱོབ་པའི་སྐད་འབོད་བྱས་པ་རེད། སྐབས་དེར་བོད་མི་དང་མེ་གསོད་རུ་ཁག་གིས་ལྕགས་སྐས་བཙུགས་ཏེ་རྒྱ་མོ་དེ་དག་སྐྱོབ་རྩིས་བྱས་པ་རེད། སྐབས་དེ་ཏག་ཏག་ལ་དྲག་ཆས་དམག་མི་སླེབས་ཏེ་སྐས་འཛུགས་སུ་མ་བཅུག་པ་དང་། མི་མང་ཕར་འདེད་བྱས་ཏེ་བལྟས་བལྟས་རིག་རིག་ལ་རྒྱ་མོ་དེ་དག་མེར་ཚིག་ཏུ་བཅུག་སོང་། ཐ་མར་མེ་གསོད་རུ་ཁག་དང་དྲག་ཆས་དམག་མིའི་བར་ལ་འགལ་བ་ཡང་ཅུང་ཙམ་ཤོར་འདུག གནས་ཚུལ་འདི་སྐབས་དེར་ས་དེ་རུ་ཡོད་པའི་མི་རྣམས་ཀྱིས་དངོས་སུ་མཐོང་བ་རེད་ལ། ལ་ལས་ཁ་པར་ནང་པར་དུ་བརྒྱབ་འདུག་ཟེར།

    ལྷ་སའི་ལྗོངས་ལ་དུད་ནག་གིས་ཁྱབ་པ་དེ་ནི། དོན་དངོས་སུ་ཁང་བ་སོགས་མེར་སྲེག་བཏང་བའི་དུ་བ་མ་ཡིན་པར། རླངས་འཁོར་སོགས་ཀྱི་འགྱིག་འཁོར་རིགས་མེར་སྲེག་བཏང་བའི་དུ་བ་རེད། དེ་ནི་བོད་མི་ཚོས་ངོ་རྒོལ་ཡར་ལངས་མ་བྱས་པའི་ཉིན་གཉིས་སྔོན་ནས་རྒྱ་དམག་གིས་གཞུང་ལམ་སུམ་མདོ་སོགས་སུ་སྤུངས་ནས་གྲ་སྒྲིག་བྱས་པ་ཞིག་རེད་ལ། བོད་མི་ཚོས་ཡར་ལངས་བྱས་མ་ཐག་སྒུག་ཡོད་པའི་རྒྱ་དམག་གིས་མེར་སྲེག་བཏང་བ་རེད། ལྷ་སའི་བར་སྣང་དུད་ནག་གིས་ཁྱབ་པ་དང་པར་དུ་བརྒྱབ་སྟེ་འཛམ་གླིང་མི་མང་ལ་འགྲེམས་སྟོན་བྱས་པ་རེད། འདི་ཡང་མི་རྣམས་ཀྱིས་དངོས་སུ་མཐོང་བའི་གནས་ཚུལ་དངོས་དེ་རེད། བོད་ཀྱི་གླེན་གཤིས་ཀྱི་འགུལ་སྟངས་སམ་བོད་མི་གཡོ་འཚོང་བྱེད་མཁན་བཙན་བྱོལ་ནང་གི་ཚོགས་པ་ཁག་ཅིག་གི་བྱེད་སྟངས་དང་། རྒྱའི་གཡོ་ཇུས་སམ་ཐབས་ཇུས་ཀྱི་འགུལ་སྟངས་འདི་དག་ནི་བོད་ནང་གི་བོད་མི་ཚོའི་སེམས་ནང་ལ་དུས་ནམ་ཡང་ཡལ་རྒྱུ་མེད་པའི་གདོན་འདྲེ་ཡི་གཟུགས་རིས་ཤིག་ཡིན།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཉེ་རབས་ཀྱི་རྒྱུ་རྐྱེན་འགའ་ཞིག་གིས་དེ་རིང་གི་བོད་ཀྱི་གནས་བབ་འདི་ལྟར་གླེང་སློང་གནང་བ་འདིས་ད་ལྟ་ང་ཚོ་གང་ན་ཡོད་པ་དང། ང་ཚོས་ཅི་ཞིག་བྱེད་དགོས་པ་དང་ཇི་ལྟར་བྱེད་འོས་སམ་ཞེས་འདྲི་གིན་ཡོད་པ་ལས། ད་དུང་ཤུགས་བསྟན་འདྲ་འདུག་གམ།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བརྗོད་བྱ་ལྡན་ལ་རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་མ་ཟད། སུམ་རྟགས་དག་གསུམ་གྱི་འགྲོས་དང་མཐུན་པའི་རྩོམ་ཡིག་དོན་དང་ལྡན་པ་ཞིག་ཏུ་མཐོང་། སླད་ཀྱང་གང་མང་སྤེལ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  10. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    དངོས་གནས་རེད། ཨའོ་ལིམ་ཕུག་དཔལ་འབར་བསྐོར་བསྐྱོད་ལ་ངོ་རྒོལ་བྱས་པས་ཉེར་ལེན་ལ་བརྟེན་ནས་རྒྱ་ནག་མི་མང་དང་བོད་མི་རིགས་གཉིས་ཀྱི་བར་དུ་ཞེ་འཁོན་གྱི་རྨང་གཞི་འདིང་རྒྱུར་ལས་སླ་རུ་ཕྱིན་པ་དང་བསྟུན། དམར་ཤོག་ཚོགས་པས་གང་ཐུབ་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་༧གོང་ས་མཆོག་གི་འགྲོ་ལམ་ཚུན་ཆད་བཀག་ནས་དོགས་མི་བདེ་བ་མང་པོ་བཟོས་ཡོད། ཡིན་ནའང་། བཙན་བྱོལ་ནང་ནས་ངོ་རྒོལ་འདིའི་རིགས་རྒྱ་ནག་མི་མང་ཕོགས་ཐུག་འགྲོ་རྒྱུར་མཁྱེན་མཁན་༧གོང་ས་མཆོག་ཉིད་དང་པོ་རེད། དེ་ནས་བཀའ་ཤག་དང་བཅས་པས་དེའི་ཐོག་འབོད་སྐུལ་གནང་ཡོད་པ་རེད། ལྷག་པར་འཛམ་གླིང་མི་མང་གིས་དགའ་མོས་བྱེད་པའི་རྩེད་མོ་ཞིག་ཡིན་པ་རྒྱུ་མཚན་དུ་བཀོད་ཡོད། ཡིན་ནའང་། གཞོན་ནུ་ལྷན་ཚོགས་སོགས་ཀྱིས་ཉན་འཇོག་གང་ཡང་བྱས་མེད། ཁོང་ཚོར་དོན་དངོས་སུ་གྲུབ་འབྲས་མི་དགོས། གནས་སྐབས་འུར་རྒྱག་ཐུབ་སོང་ན་དེས་འགྲིག་གི་ཡོད། ད་བར་གྱི་ལས་ཀ་བྱེད་སྟངས་ཚང་མ་དེ་འདྲ་རེད།
    ད་ལྟ་ཕྱིར་ལྟོས་བྱས་དུས། ཁོང་ཚོའི་རྗེས་ཤུལ་ཇེ་ནག་ནས་ཇེ་ནག་རེད། བོད་ནང་དུ་ངར་སློང་བར་ཅི་མི་སྙམ་པ་དང་། བཙན་བྱོལ་ནང་དུ་དོན་དག་བྱུང་མིན་ལ་མ་ལྟོས་པར་འུར་རྒྱག་རྐྱང་བྱེད་པ་ནི་གཞོན་ལྷན་གྱི་ད་བར་གྱི་ལས་ཀའི་སྤྱི་སྡོམ་ཞིག་རེད་ལ། འདྲ་གཟུགས་ཀྱང་རེད། དེས་རྐྱེན་པས་སྤྱི་ཡོངས་ནས་ཁོང་ཚོས་༢༠༠༨ ནས་ད་བར་གྱི་ལས་འགུལ་ཚང་མས་བོད་ཀྱི་རྩ་དོན་ལ་ཁེ་ཕན་ཕྲ་མོ་ཙམ་ཡང་ཐོབ་དུ་བཅུག་མེད་ཁར། གཞུང་དང་༧གོང་ས་མཆོག་ལ་མཛད་དཀའ་རྐྱང་རྐྱང་བཟོས་ཡོད། རྒྱ་ནག་གཞུང་གིས་ཁོང་ཚོ་ཁ་གཡར་ནས་ཁྲིམས་དང་དངོས་ཡོད་གཉིས་ལ་མཐུན་པའི་འབྲེལ་མོལ་གྱི་ནང་དོན་ལ་ལན་ལོག་པ་རྐྱང་རྐྱང་རྒྱག་གི་ཡོད། དངོས་གནས་གཞོན་ནུ་འདི་འདི་ལྟར་ཕྱིན་ཚེ། ང་ཚོ་དོགས་གཞི་ཅི་ཞིག་ཡོང་གི་འདུག་ཅེ་ན། འདིའི་རྨང་གཞིའི་ཕུགས་དམིགས་ནང་དུ་ཆོལ་གསུམ་ཡོངས་སུ་ཚུད་མེད་ཟེར་བ་ཞིག་ཡོད་པ་དེ་དང་། ལྷག་པར་གྲུབ་འབྲས་སྐྲ་རྩེ་ཙམ་ཡང་མེད་ནའང་འུར་རྒྱག་པ་དང་གཏོར་བརླག་བྱེད་པ་འདི་དག་གིས། མ་འོངས་པར་ཞིབ་འཇུག་ནན་མོ་ཞིག་བྱེད་དགོས་ཚེ། ཆབ་སྲིད་ཐད་ནས་གཞོན་ལྷན་གྱི་བགྱི་སྒོ་མཐའ་དག་དྲག་སྤྱོད་པ་ཆགས་མི་སྲིད་པ་མ་རེད་ལ། དཔལ་འབྱོར་གྱི་འཁོར་བསྐྱོད་ཐད་ནས་དེ་བས་ཀྱང་རུལ་སུངས་ཆགས་མི་སྲིད་པ་ཅི་ཞིག་ཡོད་དམ།

    Reply
  11. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    ཤག་སྒང་བས་ཅི་ལྟར་བསྒྱུར་དགོས་མིན་མི་བཤད་པར། ནམ་རྒྱུན་སྔགས་ཡིག་ཉིས་བརྩེགས་གསུམ་བརྩེགས་འདྲ་བ་རེ་འབྲི་ལོབ་དུ་ཕྱིན་པ་དེ་གང་མིན་ཚན་རེད་ཅེས་བཤད་ཀྱི་ཡོད་དམ། གསལ་བཤད་གསུམ་བཅུའི་རྒྱ་ལས་མ་བརྒལ་བར་མིང་སྒྲ་ཐད་བསྒྱུར་རྣམས་འདོན་ཀློག་བདེ་བོ་བྱས་ན་ཡང་རྩེ་རེད། དེ་མིན་མི་འཁྱོང་བ་ཁག་ཅག་གིས་མིང་སྒྲ་ཐད་བསྒྱུར་སྐབས་ཡི་གེ་བརྩེགས་མ་འབྲི་རྒྱུར་ངལ་བ་བསྟེན་པ་དེ་ནི་ཅོལ་ཆུང་གི་ལས་ཁོ་ནའོ།

    Reply
  12. བརྩོན་རྒྱམ། says:
    ལོ་ 14 སྔོན།

    རྩོམ་པ་པོ་ཀླུ་སྨྱོན་ལགས་ཀྱི་རྩོམ་ཡིག་འདི་ནི་འདས་མ་དར་གསུམ་གྱི་བོད་ཀྱི་ལས་དབང་གི་ངོ་བོ་མཚོན་པར་མ་ཟད་གང་ལ་ཡང་དགོས་འདུད་ཞིག་ཡོད་ཚོད་བརྗོད་ཀྱི་ཡོད་པ་རེད།  ༧གོང་ས་མཆོག་ཞི་བདེའི་བདེད་དབོན་ཞིག་ཡིན་པར་མ་ཟད་འཛམ་གླིང་གི་ཞི་བདེའི་ལམ་བསྟོན་པ་ཞིག་ཡིན་པར་དངོས་འཛིན་གནང་བཞིན་ཡོད་དུས་རྒྱ་ནག་གཅིག་བུའི་དམར་གཞུང་གིས་ཅི་ལྟར་མཚན་སྨོད་བྱས་ན་ཡང་དེ་ནི་བདེན་དོན་ལ་དགའ་བའི་འཛམ་གླིང་མི་མང་གི་ཡིད་ཆས་བྱེད་མི་སྲིད་པ་ལྟ་བུ་རེད།

    Reply
  13. ཤག་སྒང་པ། says:
    ལོ་ 14 སྔོན།

    ནམ་རྒྱུན་གྱི་བྲིས་ཆ་དག་ཅིང་སྙན་པའི་ཚིག་རིས་ལས་ཅུང་རྙོག་འཛིང་ཆེ་པའི་དཔྱད་བརྗོད་འདིའི་ནང་དོན་ངོ་མ་མ་རྙེད།
    ལར་ནས་རྩོམ་པ་པོ་རྣམས་ནས་ལེགས་སྦྱར་དང་ཨིན་ཧིན་སོགས་ཀྱི་སྐད་ཡིག་བོད་སྐད་དུ་བསྒྱུར་བར་དོ་སྣང་གནང་དགོས་པར་མཐོང་།

    ཨོ་ལིམ་ཕིས་ཁུ༌༌༌༌ལྟ་བུའོ།། མཇལ་བར་དགའ།

    Reply
  14. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཨོ་ལོང་ཕིས་ཁུའི་དུས་ངོ་རྒོལ་ནི་དེའི་དགོས་དམིགས་ཆ་རྐྱེནམ་སྐྲུན་པས་ཡིན་ལ དོན་དངོས་ཐོག་འགྲོ་མིའི་ཐོབ་ཐང་གི་ངོ་རྒོལ་ཞིག་ཡིན་མོད རྒྱ་དམར་གྱིས་དམར་ཕྲུག་ཚོ་ཁག་འགའ་བཏང་ནས་དགའ་བསུ་དང རྗེས་ཙམ་ནས་གོང་ས་མཆོག་ལ་ངོ་རྒོལ་བྱེད་བཅུག ཆེས་ཆུང་བའི་ལས་འགུལ་དེ་འཁྱུག་ཙམ་ནས་རླག་ཟིན་ཚོད་རེད དེ་ནི་རྫུན་ཁྲ་མ་གཉིས་ཀྱི་ཕུ་ཐག་གིས་སོ དེའི་ཕྱིར་ཨ་ལོང་རྩེད་འགྲན་གྱི་རྒྱ་རྒོལ་ནི་དོན་སྙིང་རབ་ཏུ་ཆེ་བའི་གཟི་བརྗིད་ཀྱི་ལས་འགུལ་ཞིག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese