མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གེ་སར་རྒྱལ་བོ་དང་ཏཱ་ལའི་བླ་མ། མྱི་ནག་ཚང་།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་ཚོས་མཐོ་སྒང་ལ་གནས་བཅོས་ནས་ལོ་ག་ཚོད་ཅིག་ཕྱིན་མིན་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་ལ། དེ་བཞིན་དུ་མཐོ་སྒང་འདིར་རང་ས་རང་སྲུང་དང་། རང་ཁ་རང་གསོའི་དོན་དུ་ཁོང་ཚོས་རང་སྲོག་ཅི་ཙམ་ཞིག་བཏང་བའི་ཁ་གྲངས་ཀྱང་ཁ་ཚོན་གཅོད་ཐུབ་མཁན་ག་ལ་ཡོད། ཡིན་ཡང་། ལོ་སྟོང་ཕྲག་སྔོན་མི་རིགས་རང་གི་ལོ་རྒྱུས་ཟིན་ཐོར་བཀོད་པ་ནས་ད་བར་དུ། རང་ལུས་མེར་སྲེག་གིས་མཐོ་སྒང་འདི་དང་མི་རིགས་འདི་སྲུང་སྐྱོབ་བྱས་པའི་འཐབ་རྩོད་ཀྱི་མེ་ལྕེ་དྲག་པོ་དེ་ད་ལོར་མངོན་སུམ་དུ་འབར་བྱུང་། ང་ཚོས་དོན་རྐྱེན་འདི་ལ་ཅི་ཟེར། འདི་ལོ་རྒྱུས་ཀྱི་ལེའུ་ཞིག་ལ་ཇི་ལྟར་འཁོད་རྒྱུ་ཡིན།

ང་ཚོ་ནི་མེ་ཕུང་དེ་དག་གི་ཆ་ཤས་རེ་ཡིན་སྲིད་ལ། མིན་ཀྱང་སྲིད། འོན་ཀྱང་། ང་ཚོ་ནི་མེ་ཕུང་འདི་དག་འབར་དུས་ཀྱི་དཔང་བོ་རེ་ཡིན་པ་སྙོན་དུ་ག་ལ་ཡོད། གལ་སྲིད་དེ་ཡིན་ན་ནི་འགན་ཅི་ཡོད།

ང་རང་ལ་མཚོན་ན་ཕྱི་བཤོལ་དང་། བག་ཡངས་ཀྱི་རྣམ་པར་ཡོད་དུས་ཤིག་ལ། ཛ་དྲག་གི་གནས་ཚུལ་དེ་དག་བསྟུད་མུར་འབྱོར་ཞིང་། གློ་བུར་ཐོད་རྒྱག་ཏུ་མིག་ལམ་དང་རྣ་ནང་། ཐ་ན་སྙིང་ཁ་གང་སར་གནས་ཚུལ་དེ་དག་གིས་ཁེངས། འགྲོ་འདུག་ཆག་གསུམ་ཀྱང་དེའི་དབང་དུ་གྱུར། ཁ་པར་ལག་ཏུ་བླངས་ཐེངས་ཀྱང་བརྗོད་གཞི་དེ་ལས་ལྷག་པའི་འཚམས་འདྲི་དང་བརྗོད་གཞི་ཡང་མེད་པར་གྱུར།

ངས་ནི་བོད་མི་འདི་དག་གི་བློས་གཏོང་གི་སྙིང་སྟོབས་བཙལ། བློས་གཏོང་འདི་དག་ལ་འབྲེལ་བ་ཡོད་དགོས་ངེས་ཀྱི་༧གོང་ས་མཆོག་གི་ཞི་བདེའི་དགོངས་གཞི་ཡང་བཙལ། མཚམས་རེར་ངས་འཚོལ་བཞིན་པའི་འདི་ལྟ་བུའི་འབྲེལ་བ་ཞིག་ཁ་ཐུག་ཏུ་མི་རག་དུས། ཡུལ་ལུང་གཞན་དང་རིག་གཞུང་གཞན་ལ་མྱུལ་ནས་འཚོལ་རྒྱུ་ཡང་གལ་ཆེན་པོ་རེད་འདོད། དེ་ལྟར། ངས་བརྒྱུད་ལམ་བཙལ་ཞིང་། ད་དུང་དུད་སྨུག་ཡལ་མེད་པའི་དབུས་ཤར་ཨེ་ཤ་ཡའི་ནང་དུ་མྱུལ། དེབ་འགའ་རེ་ཉོས། གསར་འགྱུར་དང་ཆེད་བརྗོད་དེ་དག་བཀླགས། ཐ་མ་དེར་ཨ་རབ་མི་དམངས་ཀྱི་བློ་སྟོབས་དང་དཔའ་ངར། རང་དབང་གི་ཆེད་དུ་བློས་གཏོང་བའི་ཆོད་སེམས་ཀྱི་ཁུངས་ཤིག་བརྙེད།

དབུས་ཤར་ཨེ་ཤ་ཡའི་ནང་ཆེད་དུ་ཞིབ་འཇུག་བྱེད་མཁན་ནེའུ་ཡོག་དུས་བབ་ཀྱི་ཆེད་བརྗོད་པ་ བྷ་རུ་སི་ ཧྥེལ་ལར་ལྟར་ན། ཨ་རབ་པ་འདི་ཚོར་ལོ་ངོ་སྟོང་ཕྲག་གི་རིང་ལ་རང་དབང་འཐབ་རྩོད་ཀྱི་འདུ་ཤེས་དང་། རིག་གཞུང་། བསམ་བློའི་དབུ་ཁྲིད་དེ་འདུག ཁ་ཆེ་དང་ཡི་ཤུ། རྗེའུ་མི་རིགས་གསུམ་སྟེ། ད་ཆ་རྒྱབ་ཁབ་ཀྱི་ངོ་བོར་གླེང་ན། ཨ་རབ་དང་ཨ་རི། ཨི་སི་རལ་བཅས་གང་ཡིན་རུང་། རང་དབང་ལ་དགའ་ཞིང་། རང་དབང་གི་ཆེད་དུ་བློས་གཏོང་ཐུབ་པ། བཙན་གནོན་ལ་མགོ་མི་སྒུར་བ། གཉའ་མི་ཞུམ་པ། ལོ་ངོ་སྟོང་ཕྲག་ཁ་ཤས་འགོར་རུང་མི་ཉམ་པ་བཅས་ཀྱི་ཁུངས་ནི་ཁོ་རང་ཚོའི་ཆོས་རྒྱུད་ཀྱི་ཡབ་མེས་ མོ་ཤི་ Moses ཞེས་པ་དེར་ཐུག་འདུག མོ་ཤི་ནི་འཛམ་གླིང་སྟེང་གསར་བརྗེའི་ལས་འགུལ་སྤེལ་མཁན་གྱི་དཔའ་བོ་ཐོག་མ་དེ་ཡིན་ཚུལ་ཡང་གླེང་།

ཕྱིར་རང་ཅག་བོད་ལ་ལྟ་སྐབས་ང་ཚོར་ནམ་ཡང་ཉམ་པ་མེད་པ་དང་མུན་པ་དང་ཕྱི་དགྲ་ཡི་འོག་ནས་ཐར་ལམ་ལ་དབུ་འཁྲིད་མཁན་གྱི་འཕགས་པ་སྤྱན་རས་གཟིགས་འདུག ཁོང་ཉིད་ནི་བོད་གངས་ཅན་པའི་ལྷ་སྐལ་་རེད། ཁོང་ཉིད་སྐུའི་རྣམ་པ་དང་བཀོད་པ་མི་འདྲ་བ་དུ་མའི་སྒོ་ནས་ཕེབས་གི་རེད། དཔེར་ན། སྲོང་བཙམ་སྒམ་པོ་དང་།་གེ་སར་རྒྱལ་བོ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་རེད། ཁ་སང་དེ་རིང་བོད་མི་རིགས་ཀྱི་སེམས་ན་འཕགས་པ་སྤྱན་རིས་གཟིགས་གཉིས་ཡོད་ལ། དེ་ནི་གེ་སར་རྒྱལ་བོ་དང་ཏཱ་ལའི་བླ་མ་མཆོག་རེད། བོད་དོན་འཐབ་རྩོད་ཀྱང་འཕགས་པ་སྤྱན་རས་གཟིགས་འདི་གཉིས་ཀར་བརྟེན་ཡོད། ཁོང་གཉིས་ཀའི་ཤུགས་རྐྱེན་ཡང་བོད་མི་ཀུན་ལ་མཉམ་པོར་ཐེབས་ཡོད།

སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས། རྒྱལ་བ་རིན་པོ་ཆེ་ནི་ང་ཚོའི་བོད་དོན་འཐབ་རྩོད་ཀྱི་གོང་བུ་དང་མཚོན་དོན་ཡིན་པར་གསུངས་ལ། རྒྱལ་བ་རིན་པོ་ཆེ་ཁོ་ནས་ང་ཚོ་རང་དབང་རང་བཙན་གྱི་ལམ་ཁར་འཁྲིད་ཐུབ་པར་གླེང་། ཁོང་གིས་རྒྱལ་བ་རིན་པོ་ཆེ་ཡིས་བོད་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་དམངས་ལ་རྩིས་སྤྲོད་བྱས་པར་མོས་མཐུན་མེད་ལུགས་ཀྱང་གསུངས།

དེ་བཞིན་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་ཀྱང་། ༧རྒྱལ་བ་རིན་པོ་ཆེར་བསྐྱར་དུ་གསོལ་འདེབས་ཞུས་ཏེ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་རོགས་ཞུ་རྒྱུ་ཡིན་ཟེར། གོང་གསལ་མི་སྣ་གཉིས་ནི་བོད་དོན་འཐབ་རྩོད་ཁྲོད་ཀྱི་ཚབ་མཚོན་མི་སྣ་གཉིས་ཡིན། མི་མང་པོ་ཞིག་གིས་ཁོང་གཉིས་ནི་༧རྒྱལ་བ་རིན་པོ་ཆེར་དད་པ་མེད་མཁན་དང་ཁོང་གི་དབུ་ཁྲིད་ཀྱི་འོག་ལ་མི་འགྲོ་མཁན་ཡིན་པར་གླེང་། ཡིན་ཡང་། ཁོང་གཉིས་ཀས་༧རྒྱལ་བ་རིན་པོ་ཆེར་བཟུང་བའི་ཡིད་ཆེས་བློ་གཏད་ནི་བོད་མི་གཞན་ལས་དམའ་བ་ཞིག་གཏན་ནས་མ་རེད།

དེ་བཞིན་དུ། འདས་པའི་ལོ་ ༣༠ ལྷག་གི་རིང་གཞིས་ལུས་མི་དམངས་ཀྱིས་ཚེ་སྲོག་ལ་མ་འཛེམས་པར་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་བཙན་བྱོལ་དུ་འབྱོར་ཡོད་ལ། ཆེད་དུ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་མཇལ་དང་གསུང་ཆོས་ཞུ་བར་ཡོང་མཁན་ཡང་མང་པོ་རེད། བོད་ནང་དུ་ཡང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ཕྱིར་གདན་འདྲེན་ཞུ་དགོས་ཀྱི་ཡོད། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པར་ཤོག ཅེས་སོགས་སྐད་འབོད་དང་རང་ལུས་མེར་སྲེག་གཏོང་གི་ཡོད།

ཡིན་ཡང་། བོད་ཕར་ཕྱོགས་ལ་བསམ་བློ་བཏང་ན། གནད་དོན་གཞན་པ་ཞིག་ནི། བོད་མི་རིགས་ཀྱི་སེམས་ན་ནམ་ཡང་ཉམ་པ་མེད་པའི་གེ་སར་རེད། གེ་སར་ནོར་བུ་དགྲ་འདུལ་རེད། ཁོང་ནི་བོད་མི་རིགས་ཀྱི་སེམས་ཁོང་ན་ནམ་ཡང་ཉམ་པ་མེད་པའི་འཕགས་པ་སྤྱན་རས་གཟིགས་རེད། ལྷག་པར་དུ། ཁ་སང་དེ་རིང་གི་བོད་མི་རིགས་ཀྱི་བླ་དང་སྲོག་ལ་བལྟས་ན་གེ་སར་གྱིས་གོ་ས་ཆེན་པོ་ཞིག་བཟུང་འདུག་སྙམ། བོད་ནང་ལ་མཚོན་ན་བོད་དོན་གྱི་བློས་བཏང་ནི་བོད་ཕྱི་ལོག་ལས་རྒྱ་ཆེ་བ་ཡོད་པ་རེད། ཆོད་སེམས་དང་སྙིང་སྟོབས་ཀྱང་བོད་ཕྱི་ལོག་ལས་ཆེ་བ་ཡོད་པ་རེད། འདི་དག་གིས་སླར་ཡང་བོད་དོན་འདི་ལ་འགྲེལ་བཤད་དང་གསལ་བཤད་གལ་ཆེན་པོ་རེ་སྤྲོད་ཀྱི་འདུག་སྙམ། མ་མཐར་ཡང་རྒྱ་ནག་གཞུང་གིས་བོད་དོན་འདི་ཏཱ་ལའི་བླ་མའི་གནད་དོན་ལ་རྩི་བཞིན་པ་འདིར་ཡང་ལན་འདེབས་གཞན་པ་ཞིག་བྱས་འདུག་སྙམ།

བོད་དོན་ནི་རིག་གནས་དང་ཆོས་ལུགས། གོམས་གཤིས། ཁོར་ཡུག་བཅས་ཕྱོགས་གང་ཐད་ཀྱི་གནད་དོན་རེད། འདི་དག་གེ་སར་སྒྲུང་གི་ནང་དུ་ཡང་གསལ་བོ་ཡོད་པ་རེད་འདོད།

མུ་མཐུད་ནས་བཤད་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་ནི་འཕགས་པ་སྤྱན་རས་གཟིགས་མཆོག་སྐུ་དངོས་སུ་བོད་ཁ་བ་གངས་ཅན་གྱི་ཡུལ་དེ་ཕེབས་རུང་། རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་དབང་གིས་བོད་གངས་ཅན་ཡུལ་དུ་ཚེ་སྟོད་ཙམ་མ་གཏོགས་བཞུགས་ཐུབ་ཡོད་པ་མ་རེད། འདི་ལྟའི་ཉེར་ལེན་ལ་བརྟེན། བོད་མི་ཚོས་སླར་ཡང་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབས་རེད། ཐེངས་འདིར་གཞིས་ལུས་མི་དམངས་ཀྱི་མགོན་དང་སྐྱབས་སུ་ཕེབས་མཁན་དང་པོ་དེ་གེ་སར་རྒྱལ་བོ་རེད། ཁོང་གིས་གཞིས་ལུས་བོད་མི་རིགས་ལ་ཐེབས་པའི་ཤུགས་རྐྱེན་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད།

དཔེར་ན། བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེའི་གསུང་ལས་གེ་སར་གྱི་སྒྲུང་མང་བ་གོ་ཡོད་པ་རེད། ལྷ་ས་བརྙན་འཕྲིན་དང་མཚོ་སྔོན་རླུང་འཕྲིན་ཁང་སོགས་ཀྱིས་འདས་པའི་ལོ་ ༥༠ ལྷག་གི་རིང་ལ་གེ་སར་གྱི་སྒྲུང་བཤད་རྒྱང་སྲིང་བྱས་ཡོད་པ་རེད། དེ་བཞིན་༧རྒྱལ་བ་རིན་པོ་ཆེའི་གསུང་དཔེ་ལས་གེ་སར་རྒྱལ་བོའི་སྒྲུང་དེབ་མང་བ་ཡོད་པ་རེད། དཔེ་དེབ་ ༧༠ ལྷག་བཤད་ཀིན་ཡོད་པ་རེད། འཛམ་གླིང་སྟེང་གི་དཔའ་བོའི་རྟོག་བརྗོད་ཀྱི་སྒྲུང་རིང་ཤོས་དེ་རེད། ༼ང་ཚོའི་ཕ་ཡུལ་ནས་བོད་མི་ཚོ་ཡིག་རྨོངས་སེལ་དགོས་པའི་རྒྱུ་མཚན་ཡང་གེ་སར་གྱི་སྒྲུང་གླུ་དེ་གོ་བའི་ཆེད་ཙམ་དུ་བསླེབས་པ་རེད།་༽དཔེར་ན། མདོ་སྨད་ས་ཁུལ་དུ་གེ་སར་གྱི་སྒྲུང་དར་བའི་རྩེ་མོར་སོན་ཞིང་དུད་ནག་ནང་བཞིན་གྱུར་བའི་སྐབས་ཤིག་ལ་གཏམ་དཔེ་འདི་འདྲ་ཡང་བྱུང་བར་འདོད། ༼མི་ཚེ་སྟོང་ཟད་ལ་གཏོང་ན། གེ་སར་སྒྲུང་གླུ་ལ་ཉོན།༽ ཅེས་པའི་སྐད་ཆ་བྱུང་བ་འདྲ། མི་ཚང་མས་གེ་སར་གྱི་སྒྲུང་གི་ཕན་ནས་ནང་བའི་ཁ་འདོན་དགེ་སྦྱོར་དང་དེའི་ཕན་གྱི་མི་ཚེ་འཁོས་ཀ་གཞན་དག་བཞག་ཚར་བའི་སྐབས་ཤིག་ལ་གཏམ་དཔེ་འདི་འདྲ་ཡང་བཤད་ཡོད་ཚུལ་འདུག

དེ་བཞིན་དུ། མདོ་དབུས་ཁམས་གསུམ་གྱི་ས་ཁུལ་གང་སར་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་བརྙན་དང་བྱིན་རྟེན་ལས། གེ་སར་རྒྱལ་བོའི་རྟ་ཕུར་དང་། མདའ་གཞུ། ཁྲབ་སྨོག དེ་བཞིན་དུ་སེང་ལྕམ་འབྲུག་མོའི་ཕྱུར་བ་དང་ཐབ་ཀ་སོགས་གནའ་ཤུལ་གྲགས་ཅན་མང་པོ་ཡོད་པ་རེད། འདི་དག་ལ་བལྟས་ན། བོད་དོན་འཐབ་རྩོད་ཅེས་པ་འདི་མི་རིགས་འདིའི་རུས་རྐང་ལ་ཟུག་བསྡད་པའི་བསམ་བློ་དང་ལྟ་སྟངས་ཀྱི་ཕུག་གང་སར་ཡོད་པ་མ་གཏོགས། དེང་སྐབས་རྒྱ་ནག་དམར་ཤོག་པ་དང་། ཕྱི་གླིང་གི་བོད་དོན་ཆེད་ལས་པ་དག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ལ་ཚད་བཙུགས་འདུག་པ་འདི་ཡང་བོད་ཀྱི་རིག་གནས་དང་སེམས་ཁམས་ངོ་མ་མ་ཤེས་པའི་སྐད་ཆ་ཙམ་རེད་འདོད།

དེས་ན་རང་ཅག་གིས་བོད་མི་རིགས་ཀྱི་རིག་གཞུང་གི་མ་རྐང་ལྟ་བུ་དང་། བོད་མི་རིགས་ཀྱི་སེམས་ཁམས་དང་རེ་བ་ཡོངས་སུ་མཚོན་ཐུབ་མཁན་ཏེ། ༼བྱམས་སྙིང་རྗེ་༽དང་༼དཔའ་བློ་སྟོབས་༽ ཞེས་པ་འདི་གཉིས་ཀ་ཅིག་ཅར་དུ་འཛིན་རྒྱུ་དང་། རང་གི་སྤུན་ཟླ་ནང་ཁུལ་ལ་མི་རིགས་རང་གི་བླ་དང་སྲོག་དེ་གང་ཐུབ་ཐུབ་ཅིག་བསྐྱར་གསོ་བྱ་རྒྱུ་གལ་ཆེན་པོ་རེད་འདོད།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 55

  1. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་ཅུང་ཁྲོ་ཡི་ཡོད་ས་རེད། སོ་སོས་རང་དགར་འཇོག་གི་མེད་པ་དེ་ཚོར་བཤད་རྒྱུ་བགྲོ་རྒྱུ་ཡོད་ན་ཅི་དགར་གནང་རོགས།

    ཡིན་ཡང་། བགྲོ་གླེང་ངོ་མ་དེ་ཁོར་ཡུག་དང་སེམས་རྒྱ་དམིགས་བསལ་ཞིག་གི་འོག་སྟེ། གུ་ཡངས་དང་དཀྱེལ་ཡངས་ཤིག་གི་འོག་ནས་མ་གཏོགས་ཡོང་ཐུབ་གི་མ་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་གཞུང་གིས་ལྷ་སྒྲུང་ལྟ་བུར་བསམས་ནས་བཀག་སྡོམ་མ་བྱས་པ་ཡིན་སྲིད་ཀྱང་དེ་ནི་ཁོ་ཚོར་མཚོན་ན་ནོར་འཁྲུལ་ཞིག་ཆགས་ཡོད། རྒྱུ་མཚན་གེ་སར་སྒྲུང་ནང་ན་བོད་དང་རྒྱ་དཀར་ནག་བཅས་རྒྱལ་ཁབ་སོ་སོ་ཡིན་ཚུལ་དང། བོད་ཅེས་པ་དེ་ཡང་བོད་ཁ་བ་ཅན་ཡོངས་ལ་གོ་དགོས་པ།(ང་ཆུང་དུས་གེ་སར་སྒྲུང་ནང་ནས་རྒྱ་ལ་དམག་བརྒྱབ་ཚུལ་ཡོད་པ་ཡང་གོ་མྱོང།) བཙན་པོའི་གཉའ་གནོན་དང་མི་རིགས་རང་སྲུང་གི་དཔའ་སྟོབས་དགོས་པ། ནང་པའི་ཆོས་སྤེལ་དགོས་པ། འཛམ་གླིང་ཞི་བདེར་འགོད་དགོས་པ་སོགས། མདོར་ན། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། ལས་འབྲས་བརྩི་ཞིང་ཐབས་ལ་མཁས་པའི་འཛམ་གླིང་གི་ཡང་རྩེ་ལྟ་བུའི་རྒྱལ་ཁབ་དཔལ་དང་ལྡན་པ་ཞིག་འཛུགས་སྐྲུན་དགོས་པའི་དོན་སྙིང་ལྡན་ཡོད།
    དེ་བས་གེ་སར་གྱི་སྒྲུང་གི་བསྟན་པ་ཅི་ཙམ་དར་ན་བོད་མི་རིགས་ཀྱི་ངོ་བོ་དེ་ཙམ་དུ་བརྟན་བརླིང་དང་ཉམས་པ་མེད་པར་གནས་རྒྱུར་ཚོད་དཔག་ཐུབ་པ་ཞིག་རེད།
    དེས་ན་དཔའ་བོའི་ལོ་རྒྱུས་དོན་སྙིང་ཅན་འདིའི་ཐོག་ལ་ཡིད་བཞིན་ནོར་བུའི་ཐབས་མཁས་མཛད་པ་དང་ལམ་སྟོན་ལྷན་ཐབས་སུ་གྱུར་ན་ང་ཚོས་རང་ཉིད་ལ་རེ་བ་དང་གདེང་འཇོག་མཐོ་རུ་འདེགས་ཐུབ་པ་ཞིག་མ་རེད་དམ།

    Reply
  3. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ནད་པ་ནི་ནད་པ་རང་རེད་འདུག། མྱི་ནག་ཚང་གིས་གང་བཤད་ཀྱིན་འདུག་དེའི་ཕྱོགས་སུ་བགྲོད་གླེང་བྱེད་ཐུབ་ན་ཕན་ཐོག་ཡོད་ངེས་རེད།
    མདོར་དོན་གེ་སར་དང་༧གོང་ས་མཆོག་གཉིས་བོད་མི་རིགས་ཀྱི་སེམས་ཁུངས་ན་གོ་གནས་སམ་མཐོང་ཅི་ཙམ་འདུག།
    རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་གསུང་སྐུ་པར་བཀྲམ་བཅུག་ཡོད་མེད་ཀྱི་རྒྱུ་མཚན་མ་རེད་བསམ་གྱིས་འདུག།

    Reply
  4. ནད་པ says:
    ལོ་ 14 སྔོན།

    དཔེར་ན། བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེའི་གསུང་ལས་གེ་སར་གྱི་སྒྲུང་མང་བ་གོ་ཡོད་པ་རེད། ལྷ་ས་བརྙན་འཕྲིན་དང་མཚོ་སྔོན་རླུང་འཕྲིན་ཁང་སོགས་ཀྱིས་འདས་པའི་ལོ་ ༥༠ ལྷག་གི་རིང་ལ་གེ་སར་གྱི་སྒྲུང་བཤད་རྒྱང་སྲིང་བྱས་ཡོད་པ་རེད། དེ་བཞིན་༧རྒྱལ་བ་རིན་པོ་ཆེའི་གསུང་དཔེ་ལས་གེ་སར་རྒྱལ་བོའི་སྒྲུང་དེབ་མང་བ་ཡོད་པ་རེད། དཔེ་དེབ་ ༧༠ ལྷག་བཤད་ཀིན་ཡོད་པ་རེད། འཛམ་གླིང་སྟེང་གི་དཔའ་བོའི་རྟོག་བརྗོད་ཀྱི་སྒྲུང་རིང་ཤོས་དེ་རེད།

    མི་ནག་ཚང་ལགས་མི་ལོ་ ལྔ་བཅུའི་ནང་གེ་སར་གི་སྒྲུང་ས་དར་རྡོ་དར་ཏུ་བཏང་ཏེ་བོད་མི་ཚོས་གོ་ཐུབ་པ་དང་། རྒྱལ་བ་རིན་པོའི་ཆེའི་གསུང་དང་། གསུང་། ཐ་ན་སྐུ་པར་ཙམ་ཡང་མཐོང་རྒྱུ་མེད་པའི་གནད་དོན་དེ་གང་ཡིན་ནམ།

    ངས་བསམ་ནས་རྒྱ་མིས་རྒྱལ་བ་རིན་པོའི་སྐུ་དཔར་དང་། བཀའ་སློབ། དཔེ་དེབ། བརྙན་འཕྲིན་སོགས་ཚང་མ་བཀག་པ་དང་། དཔའ་བོ་གེ་སར་གེ་སར་གྱི་སྒྲུང་ཤོད་པ་དང་། ལོ་རྒྱུས་བརྗོད་པ། དཔེ་དེབ་ ༧༠ ལྷག་འགྲེམས་སྤེལ་བྱས་པ་བཅས་ཀྱི་བོད་མི་རིགས་ཀྱི་ལས་དབང་ལ་བསམས་ན་གནད་འགག་ཅན་ཞིག་ཆགས་ཀྱིན་ཡོད་པ་འདྲ།

    དམོར་བསྡུས་ནས་བཤད་ན་རྒྱལ་བ་རིན་པོའི་བཀའ་སློབ་དང་དཔེ་དེབ་སོགས་ཀྱི་བོད་དང་བོད་མི་རིགས་ལ་རྩ་དོན་ལ་ཕན་གྱི་ཡོད་ཙང་རྒྱ་ནག་གིས་བཀག་སྡོམ་ནན་པོ་བྱས་པ་རེད།

    གནའ་བོའི་ལྷ་སྒྲུང་གེ་སར་གྱི་སྒྲུུང་ཇི་ཙམ་ཁྱབ་སྤེལ་དང་གསལ་བཤད་བྱས་ནའང་བོད་དང་བོད་མི་རིགས་ཀྱི་ད་ལྟའི་རྩ་དོན་ཕན་ཐོགས་མེད་ཙང་རྒྱ་མིས་འགྲེམས་སྤེལ་བྱེད་དུ་བཅུག་པ་ཞིག་རེད།

    Reply
  5. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    རྩོམ་ཡིག་འདི་ལ་ངོ་མ་གོ་བ་ལེན་རྒྱུ་འདུག། བསམ་བློ་གཏོང་རྒྱུ་ཡང་འདུག། ཅིའི་ཕྱིར་མི་རིགས་ཤིག་གི་སེམས་ཁུངས་ནས་གླིངརྗེ་གེ་སེར་རྒྱལ་བོ་འདི་མི་རབས་ནས་མི་རབས་བརྒྱུད་དུས་རབས་དང་དུས་རབས་བསྟུན་ཁོང་གི་མཛད་པ་དང་ལོ་རྒྱུས་མཐའ་དག་ཟམ་མ་ཆད་པར་ད་ལྟའི་བར་ཏུ་བོད་མི་རེ་ཁ་ན་སྒྲུང་རེ་ཞེས་དཔེར་གྲགས་ཏེ་བོད་མི་རིགས་ཀྱི་སེམས་ངོགས་ན་དགའ་གུས་དད་གསུམ་གྱི་སྒོ་ནས་རྒན་གཞོན་དང་མཁས་བླུན་ལ་དབྱེ་བ་མེད་པར་སྒྲུང་རིང་མོ་དེ་དག་དུས་རབས་ཉེར་གཅིག་པ་བར་དུ་རྒྱུན་བསྲིང་བ་རེད།

    Reply
  6. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    གསར་བརྗེ་སྐྱབས་འདི་ལུང་རིགས་དང་མཐུན་ཕྱོགས་ཅན་དང་ནང་ཕན་ཚུན་བསྟོད་རེ་ཅན་ཞིག་ཡིན་པ་དྲ་འབུ་ཚང་མས་ཤེས་གསལ་རེད། ཅིའི་ཕྱིར་རང་གི་རྩོམ་ཅིག་བྲིས་རྗེས་གཞན་གྱི་གོ་བ་ལེན་ཕྱོགས་ཐད་སེམས་ཁྲལ་བྱེད་ཀྱི་ཡོད་ན། ཡ་མཚན་རེད། མི་བསམ་ཤེས་དག་གིས་འདི་འདྲ་གནང་ན་སྙིང་རྗེ་བ་ཞིག་མ་རེད་དམ།

    Reply
  7. གསར་བརྗེ་སྐྱབས། says:
    ལོ་ 14 སྔོན།

    རྩོམ་ཡིག་འདིར་མང་པོ་ཞིག་གིས་མཆན་བཏབས་སོང་། རྩོམ་འདིའི་དོན་གོ་མཁན་དེ་བཀྲ་ཤིས་སྒྲོལ་མ་ལགས་གཅིག་བུ་རེད། བུ་མོ་འདི་ལ་ཐུགས་རྗེ་ཞུ་འདུན་བྱུང་།

    Reply
  8. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    མྱི་ནག་ཚང་གི་རྩོམ་ཡིག་འདིར་གནད་དོན་གཉིས་གླེང་འདུག
    གཅིག་ནས་གླིང་རྗེ་གེ་སར་རྒྱལ་པོ་དང་༸གོང་ས་ཏཱ་ལའི་བླ་མ་གཉིས་བོད་མི་རིགས་ཀྱི་སེམས་ཁོངས་སུ་ཡང་སྙིང་ཇི་ལྟར་བྱས་ཏེ་འཛུལ་ཡོད་མེད་དང་དེ་གཉིས་ཀྱི་ཤུགས་རྐྱེན་གྱི་སྐོར་ནས་རེད།
    གཉིས་ནས་བོད་སྐྱོབ་དགོས་ན་བོད་མི་རྣམས་ལ་ཅི་ཞིག་མཁོ་བ་རེད་ཅེས་དྲི་བ་ཞིག་དྲིས་ནས་དེ་ལ་ལན་འདེབས་བྱས་འདུག བོད་སྐྱོབ་ཀྱི་རྐང་དེ་བཞིན་དཔའ་ངར་ཞུམ་མེད་ཀྱི་རང་གཤིས་དང་ཚུལ་མཐུན་ཞི་བའི་ཀུན་སྤྱོད་གཉིས་ཀྱི་སྟེང་ནས་འཛུགས་དགོས་སྐོར་བཤད་འདུག

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ལུང་རིགས་ལགས། ཁྱེད་ཀྱི་རྩོམ་ཡིག་འདི་ང་ཁོ་ནས་རིན་མེད་དུ་མཐོང་བ་ཅི་གང་མ་རེད། རྒྱ་ཆེའི་དད་ལྡན་མི་མང་གིས་བསྟོད་པ་བཏང་གིན་འདུག་གཱ ངས་རྩོམ་ཡིག་འདི་དང་འདི་འདྲ་བ་དག་གིས་ཅི་ཞིག་གླེང་གི་ཡོད་མེད། གླེང་སྟངས་ག་འདྲ་ཡིན་མིན། ཚིག་གི་ངོ་གདོང་ག་འདྲ་ཡིན་མིན། སུ་ལ་མགོ་བསྙས་པ་དང་གསེག་འབྲེད་ཀྱི་ཡོད་མེད་མེད་གསལ་བཤད་ཙམ་བྱས་ཏེ། གད་མོ་ཞིག་ཤོར་སོང་བ་རེད། དེ་མིན་བསམ་ཚུལ་གཞན་ཅི་གང་བཤད་མེད། བཤད་དགོས་དོན་ཀྱང་མི་འདུག ཡིན་ཡང་། རིགས་གཅིག་གིས་ཆེན་པོ་ཞིག་བཤད་ཀྱི་ཡིན་མདོག་གིས་ཟུར་དང་ཟུར་ལ་ཐལ་བ་གཙུབ་པ་འདི་ངས་རང་དགར་འཇོག་གི་མེད། དེ་ཁྱེད་ཁོ་ན་མིན། དེ་ཙམ་བྱས། བདེ་མོ།

    Reply
  10. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ནད་པ་ལགས། ང་ཚོས་གང་བཤད་ཀྱིན་པ་དེ་གཞི་རྩར་བཟུང་ན་ཡག་གི་རེད། དོན་དག་ཡོད་པ་རེད། དེ་ལས་ལྷག་པའི་ཉེས་མེད་ཉེས་འགེལ་གྱི་སྐད་ཆར་རྫོགས་མཐའ་མེད་པ་ཁྱེད་ལ་ཡང་གསལ་ཆ་ཡོད་པ་རེད། དེ་དག་གིས་ཁུངས་འཁྱོལ་གི་མ་རེད། ཉེས་ལ་དེ་མི་གཅིག་གི་མགོ་ལ་འགེལ་ས་ཡོད་པ་མ་རེད། མི་རིགས་རང་གི་ལས་རེད། ད་རྩོད་ན་ཡང་མི་རིགས་རང་གི་རྣམ་དཔྱོད་དང་བློ་སྟོབས་ལ་ཐུག

    Reply
  11. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཐེ་བོ་ཤེས་རབ་ལགས་ལ་ལན་ཞིག་ཕུལ་ཡོད་བསམ། མཆན་སྔོན་མ་དེར་གཟིགས་རོགས།

    Reply
  12. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟས་ལན་བདེ་མོ་ཞིག་སྤྲད་འདུག ཡིན་ཡང་རང་རང་ལ་དངོས་གནས་རྩ་འཛིན་ལྟ་བུའི་ལངས་ཕྱོགས་དང་ལས་ཕྱོགས་ཤིག་ཡོད་ན་དེ་རྩ་འཛིན་བྱ་རྒྱུ་གལ་ཆེན་པོ་རེད། གནས་ལུགས་དང་རྒྱུ་མཚན་ཞེས་པ་དེ་ཡང་བཙན་པོ་ཡིན་སྟབས་མགོ་བསྒུར་ཤེས་དང་ཁས་ལེན་ཤེས་བྱས་ན་མཛེས་པ་དང་དེ་ལྟར་ཕྱིན་ན་རང་ཉིད་ཀྱང་ཚད་ཐུབ་ལ་འགྲོ་གི་རེད། ཆོས་མཐུན་གྱི་མི་ཚེ་ཡང་དེ་འདྲ་ཞིག་ཡིན་རྒྱུ་རེད་འདོད།

    Reply
  13. དུག་མདའ། says:
    ལོ་ 14 སྔོན།

    རྒན་མྱི་ནག་ལགས། ངས་འགའ་ཟེར་བ་ཞིག་དང་ཤས་ཟེར་བ་ཞིག་དང་སུ་ཟེར་བའི་ཡི་གེ་གསུམ་ཆད་པས་རང་བཞིན་གྱིས་ཕྱོགས་རིས་བཤད་པ་ལྟ་བུ་ཞིག་ཆགས་སོང་། མདོ་དོན་གནས་ཆུང་མི་དགའ་དོན་ཅི་རེད་ཅེས་པའི་ལན་ལས་འཕྲོས་ཏེ་སྲུང་མ་ལའང་བཀའ་འཇོག་དམ་འཇོག་གི་བླ་མའི་ཤུགས་རྐྱེན་ལས་གྲུབ་མཐའི་ཕྱོགས་རིས་ཤུགས་ཆེན་ཡོད་ས་རེད་ཅེས་པ་ཙམ་ཡིན། རི་ཁུག་ལུང་ཁུག་ཏུ་ཨ་སྤྱི་བར་གནས་ཚང་དབྱར་བ་ཙམ་ལའང་འཁུར་ཙ་ཕྱི་ནང་སློག་པའི་ལོ་རྒྱུས་མང་པོ་ཡོད་རེད། 
    ལར་ནས་འདིར་འཛོམས་མཁན་ནང་གྲྭ་སའི་འཛིན་གྲྭའི་གྲབ་མ་ཆོད་པའི་བན་ལོག་དང་ཀ་ངོ་ཡིག་ངོ་ཆོད་ཙམ་གྱི་གནག་རྫིའི་རིགས་ཀྱིས་མང་ས་བཟུང་ཡོད་པས། འགའ་ཤས་ཀྱིས་ང་དང་ང་ལྟ་བུ་མིན་པ་དག་ཁ་གྲགས་ས་མིན་སྙམ་པའང་རིགས་ཤིག་གི་གཤིས་ཀ་མཚོན་གྱི་ཡོད་པ་རེད། སྙན་ངག་གི་དཔེར་བརྗོད་འཇོག་མྱོང་ཡོད་མེད་ཀྱི་ཁྱད་པར་ཙམ་མ་གཏོགས་བོད་སྤྱི་བའི་ཕྱོགས་ལ་བསྐོར་ཚེ་ཚང་མ་ལས་མེད་དུ་ལྷག་ཡོད་པ་འདྲ་མཉམ་ཡིན་འདོད་ཡོད། གལ་སྲིད་སྐྱབས་མགོན་རིན་པོ་ཆེ་ལ་གྱེས་ཕྱག་འཕུལ་ཏེ་ཕྱིར་བོད་ལ་ཕེབས་ནས་ལུག་འདྲ་འཚོས། དབྱར་རྩྭ་དགུན་འབུ་འདྲ་བརྐོས། ཚ་བོ་ཚ་མོ་ལ་ཁ་ལ་སློབ་གསོ་བཏང་ནས་བོད་རང་བཙན་གྱི་རྨང་གཞི་མ་བརླག་པར་འབད་བརྩོན་བྱེད་མཁན་ཞིག་ཡིན་ན་ཧ་ཅང་བཀུར་འོས་མོད། མང་ཆེ་བ་རྡ་སའི་རང་བཙན་དང་དབུ་མའི་ལམ་མདོ་ན་ང་རང་བཙན་ཕྱོགས་ཡིན་དང་ང་འཇམ་ནོར་ལ་དགའ་གི་མེད་ཟེར་ནས་བསྡད་ཡོད་ལ། འགའ་རེས་ད་དུང་ནུབ་ཕྱོགས་ཀྱི་སྡུག་ལས་ལ་མི་ཚུད་པའི་ཆེད་དུ་ནམ་ཞིག་སྤྱི་འཐུས་ལ་འདེམ་མི་ཡོང་ངམ་སྙམ་ནས་བསྡད་ཡོད་པ་རེད། ཤེས་མཁན་དང་མི་ཤེས་མཁན་ཞེས་དབྱེ་བར་ངོ་གནོང་དགོས་པ་ཞིག་རེད། མཆན་ཚང་མ་བཀླགས་ནས་གང་དྲན་པ་ཙམ་བྲིས་པ་ཡིན་མ་གཏོགས་མི་རེ་ཟུང་དམིགས་སུ་བཀར་ནས་ཚིག་འཕེན་གྱིན་མེད་དོ།། 

    Reply
  14. མྱི་ནག་ཚང་། says:
    ལོ་ 14 སྔོན།

    མཆན་དང་པོ་འབྲི་མཁན་གྱིས། རྒྱལ་བ་རིན་པོ་ཆེ་གླིང་གེ་སར་ལ་སྦྱར་ནས་བཤད་ན་གནས་ཆུང་ཆོས་རྒྱལ་གྱི་ཐུགས་ཁྲོས་འགྲོ་ནི་རེད་ཅེས་བྲིས་འདུག

    གྲོགས་པོ་ཞིག་གིས་ཀྱང་སྒྲུང་ཅུང་ཡ་མཚན་རེ་བཤད་སོང་། འདི་ན་ཆོས་བརྒྱུད་ནང་ཁུལ་གྱི་ན་ཚ་དེ་འདྲ་ཡོད་ཚེ་བློ་ཕམ་གྱི་གནས་ཚུལ་རེད། མཆན་མཁན་ཚོའི་ནང་དུའང་དོན་དངོས་ལས་ཕར་གཡོལ་ཚུར་གཡོལ་གྱི་ལམ་ནས་འབྲི་མཁན་འདུག

    འཇམ་ནོར་དང་ལྷ་ཚེ་གཉིས་ནི་ད་ལྟ་ཁྱེད་ཚོས་དམོད་བཞིན་པའི་གནས་སྟངས་དེའི་འོག་ནས་གླེང་ཡོད། ཁོང་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེར་བཟུང་བའི་ཡིད་ཆེས་ནི་བོད་མི་ཀུན་ལས་དམའ་བ་ཞིག་མ་རེད་ཅེས་ལབ་ཡོད།

    རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ནི་ང་ཚོ་ཚང་མས་མཉམ་དུ་ཤེས། མཉམ་དུ་ཚོར་ཡོད་པ་རེད་འདོད། ཡིན་ཡང་། ཁོང་ཉིད་ལག་རྡོ་དང་ལག་དབྱུག་ལ་བཀོལ་ནས་གཞན་གྱི་མགོར་གཞུ་མཁན་འདི་དག་ག་ལེར་རྩབ་ཧྲལ་དུ་གཏོང་རྒྱུ་ནི་ང་ཚོའི་ཐུན་མོང་གི་ལས་དོན་རེད་འདོད། འདི་དག་གིས་ཐ་ན་མཆན་ཐིག་ཤར་འགའ་རེ་བྲིས་ན་ཡང་རྒྱལ་བ་རིན་པོ་ཆེ་གླེང་གི་རེད། ཁ་གྲགས་ཚད་ལ་རྒྱལ་བ་རིན་པོ་ཆེ་གླེང་གི་རེད། རྒྱལ་བ་རིན་པོ་ཆེ་ཨང་དང་པོ་དང་། གནས་ལུགས་དང་རྒྱུ་མཚན་ཞེས་པ་ཨང་གཉིས་པར་འཇོག་གི་རེད། རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལས་བརྒལ་བའི་གླེང་མོལ་ཞིག་མགོ་བཙུགས་ཡོད་པ་རེད། འདིའི་རིགས་ནི་ད་གཟོད་དམར་པོ་དམར་རྐྱང་རེད་འདོད།

    Reply
  15. ནད་པ says:
    ལོ་ 14 སྔོན།

    མི་ནག་ཚང་ལ་ཡང་འཇམ་ནོར་དང་ལྷག་བསམ་ཚེ་རིང་གི་སེ་དྲི་ངན་པ་དེ་ཏོག་ཙམ་འགོས་ཀྱི་ཡོད་པ་འདྲ། སྤྱིར་བཏང་རྩོམ་གཞི་གང་ཙམ་ཡག་པོ་བྲིས་འདུག

    འོན་ཀྱང་གདོད་མའི་ལྷ་སྒྲུང་གེ་སར་རྒྱས་པོས་དམག་འཁྲུགས་བརྒྱབས་ཏེ་བོད་མི་རིགས་ལ་བྱས་རྗེས་བཞག་རབ་དང་། སྙན་གྲགས་ཆེ་རབ་ཀྱི་ཚུལ་དང་༸ གོང་ས་ཏྰ་ལའི་བླ་མའི་འཚེ་མེད་ཞི་བའི་འགོ་འཁྲིད་དང་། གཉིས་ཕན་གྱི་ལམ་དེས་བོད་མི་རིགས་ཅུང་དྲིན་ཆུང་བའི་རྣམ་ཚུལ་ཞིག་ཤུགས་ལས་གོ

    གེ་སར་དང་ཏྰ་ལའི་བླ་མ་གཉིས་ཀ་སྤྱན་རས་གཟིགས་སུ་གྲུབ་ཀྱང་རུང་མ་གྲུབ་ཀྱང་རུང་གང་ལྟར་ན་ལོ་རྒྱུས་ཀྱི་ཚངས་ཐིག་ཐོག་ནས་གསལ་པོར་བཤད་ན་ཏྰ་ལའི་བླ་མའི་མཛད་རྗེས་དང་། རྣམ་དཔྱོད། བཀའ་དྲིན་སོགས་བོད་རིགས་ཚོས་གཞལ་དུ་མེད་པ་དེ་ཤེས་དགོས།

    Reply
  16. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    མྱི་ནག་ཚང་གི་བསམ་ཚུལ་སྤྱི་ཡོངས་ལ་མོས་མཐུན་ཡོད། མྱི་ནག་ཚང་འདི་ནམ་རྒྱུན་དོན་གྱི་གནད་ལ་འཇུ་ཐུབ་ངེས་རྩོམ་པ་པོ་ཞིག་ཡིན། འོན་ཀྱང་། སྐུ་ཞབས་འཇམ་དབྱངས་ནོར་བུ་དང་སྐུ་ཞབས་ལྷ་བཟང་ཚེ་རིང་གཉིས་བོད་དོན་འཐབ་རྩོད་ཀྱི་ཚབ་མཚོན་མི་སྣ་གཉིས་ཡིན་ལབ་ན། ངས་ནི་ཁ་ཐུག་ལ་རྩོམ་རིག་གི་སྐད་ཆ་བཤད་སྐབས་ཚབ་མཚོན་རྩོམ་ཡིག་ཅེས་པ་དེ་དང་འདྲ་བོ་ཞིག་གོ་ཡོང་གི་འདུག དེ་ལྟར་ཡིན་ན། འདས་མ་ད་གསུམ་གྱི་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་ཁོང་གཉིས་ལྟ་བུ་ཞིག་བྱུང་མ་མྱོང་བའམ་འབྱུང་མི་སྲིད་པར་ཐག་བཅད་ནས་བཤད་པ་ལྟ་བུ་ཞིག་ཏུ་གོ་སོང་། འོན་ཀྱང་དེ་ལྟ་བུ་ཞིག་མིན་པར་སྨོན། འོན་ཀྱང་ཚང་མས་གསལ་པོ་ཤེས་དགོས་པ་ཞིག་ལ་ངས་ཁོང་གཉིས་ལ་ནམ་ཡང་བརྩི་བཀུར་བྱེད་པ་ལས་སྡང་སེམས་བྱེད་ཀྱིན་མེད་ལགས་ཞུ་བ་ཡིན།

    Reply
  17. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ད་བྱས་དུས་མྱི་ནག་ཚང་གི་དམིགས་གཟས་དང་གླེང་ཕྱོགས་ངོས་འཛིན་བྱས་པ་དེ་འགྲིག་བསྡད་ཡོད་ས་རེད། དེ་ཁས་བླངས་པ་ཡིན་ན་དེ་གས་འགྲིག ཞོགས་པ་བདེ་ལེགས།

    Reply
  18. མྱི་ནག་ཚང་། says:
    ལོ་ 14 སྔོན།

    བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བཤད་པ་ལྟར་རེད། ལོ་ཤས་གོང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་འདྲ་ཞིག་གསུངས་པ་དྲན་གི་འདུག བོད་པ་ཚོ་མཚམས་རེར་ནང་ཁུལ་ན་འཆམ་པོ་མཐུན་པོ་མེད་པ། ཕྱོགས་རིས་འཐེན་འཁྱེར་ཡོད་པ་འདྲ་ཞིག་ཡིན་ཡང་། ཨུ་ཐུག་དུས་དེར་ཚང་མ་རྡོག་རྩ་གཅིག་སྒྲིལ་དང་གཅིག་རྒྱབ་གཅིག་ལངས་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་ཅེས་གསུངས་སོང་། དེ་འདྲ་ཞིག་ཡིན་ཀྱང་ལོས་དགོས། ཁོང་གི་བཀའ་མོལ་དེ་ནི་བོད་ཤོར་མཚམས་ཀྱི་ཉམས་མྱོང་ལས་བསགས་པའི་སྡོམ་ཚིག་ཅིག་ཡིན་པ་འདྲ། དེས་ང་ཚོར་གནས་སྟངས་གང་དུ་ལྷག་ཀྱང་གདེང་ཚོད་ཅིག་སྟེར་གི་འདུག

    Reply
  19. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ད་ལྟ་ང་ཚོས་ཤེས་ཐུབ་ཀི་མེད་པའི་གནད་དོན་ཞིག་ནི བོད་མི་རིགས་འདི་བཙན་སྙོམ་དང་དབུལ་ཕྱུག མཁས་བླུན་དབྱེ་འབྱེད་ཀྱིས་མཐོང་ཆུང་ལ་གཏན་མི་དགའ་བ་ཙམ་མ་ཡིན་པར དེའི་ཁ་གཏད་དུ་ལང་ངེས་ཤིག་དང དེའིསྐབས་གཅིག་རྒྱབ་གཅིག་ལང་གིས་མགོ་འཁྲིད་དཅིག་གདམ་ནས་ཁགཏད་གཅོག་ཐག་ཆོད་ཅིག་ཡིན་པ་དེའོ

    Reply
  20. མྱི་ནག་ཚང་། says:
    ལོ་ 14 སྔོན།

    བཙན་བྱོལ་བ་ལགས། ངས་ནི་ཤུགས་རྐྱེན་དེ་གཉིས་ཀ་ད་སྐབས་བོར་མི་རིགས་ཀྱི་སེམས་ཀྱི་གོ་ཆ་རེར་གླེང་གིན་ཡོད་མ་གཏོགས། དམག་འཁྲུག་ལ་འགྲོ་དགོས་ཚུལ་བཤད་མེད་ལ། དེ་འདྲའི་དུས་སྐབས་ཤིག་མིན་པ་གླེན་པ་ཁ་ནག་ཞིག་ཡིན་ཡང་ཤེས་གི་རེད་འདོད།

    གེ་སར་རྒྱལ་བོ་དང་༧གོང་ས་མཆོག་བསྡུར་ཐུབ་གི་མི་འདུག་ཅེས་པ་དེ་ཁྱེད་ལ་ཐུགས་ཁག་མི་འདུག་སྟབས། ཡིན་གཅིག་མིན་གཅིག་བསྡུར་དགོས་པའི་ངེས་པ་ཡོད་པ་མ་རེད། རང་ཉིད་ལ་བསམ་ཚུལ་མི་འདྲ་བ་ཞིག་ཡོད་པ་ཇི་བཞིན་དུ་མི་གཞན་པ་ལ་ཡང་སོ་སོའི་བསམ་ཚུལ་རེ་ཡོད་སྟབས། ཡིན་གཅིག་མིན་གཅིག་བསམ་ཚུལ་མཐུན་དགོས་པའི་ངེས་པ་ཡོད་པ་མ་རེད་ལ། ཕོག་དགོས་པའི་རྒྱུ་མཚན་ཡང་ཡོད་པ་མ་རེད། གནས་སྐབས་དེ་ཙམ་ཡིན།

    Reply
  21. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཤར་ཁུགས་ལགས། ད་ནི་ང་ཁྱོད་ལ་ཧང་སངས། ཁྱོད་ང་ལ་ཧང་སངས་ཏེ། གཅིག་གཅིག་ལ་ཧང་སངས་ནས་བསྡད་ན་དོན་དག་མི་འདུག་པས་ཅི་བྱ།

    སྔོན་ཆད་ངས་སྐད་གྲགས་བཞག་པའི་ལོ་རྒྱུས་འདྲ་ཅི་ཡང་མེད་བསམ་སོང་། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པའི་དམར་ཤོག་ཚོགས་པའི་སྲིད་བྱུས་ཀྱི་ཁ་གཡང་དེ་འདྲ་བ་གངས་ཅན་སྐྱིད་གཤོངས་ནས་སྒྲོག་མྱོང་ཡོད་པ་རེད། དེ་དོན་སྐབས་དེ་དུས་བཤད་པ་ཡིན།

    ཡིན་ལུགས་རྣལ་མ་རྟོགས་པའི་ཤེས་རབ་ཟེར་བ་དེ་འདྲ་ང་ལ་མེད་སོང་བ་རེད། ཀླད་པའི་འཁོར་ཤུགས་ཀྱང་དོག་སོང་བ་རེད། གལ་སྲིད་ཡོད་ན་ནི་ངས་ཀྱང་ཁྱེད་རང་ནང་བཞིན་དོན་དག་རེ་ཟུང་སྔ་མོ་ནས་བསྒྲགས་ཚར་ཡོད་ཀྱི་རེད། འདི་ཙམ་གྱིས་འཐུས་པར་བྱོས།

    Reply
  22. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གླིང་རྗེ་གེ་སར་རྒྱལ་པོ་དང་། ཨ་ཁུ་སྟོན་པ་དང་། འབྲུག་པ་ཀུན་ལེགས་རྣམས་བོད་ཀྱི་ལོ་རྒྱུས་ནང་དུ་བྱུང་ཡོད་མེད་ནི་ཉམས་ཞིབ་ཀྱི་ཡུལ་ཡིན། གལ་སྲིད་དེ་དག་བྱུང་ཡོད་པའི་དབང་དུ་བཏང་རུང་། ང་ནི་དུས་ནམ་དུ་ཡང་གླིང་གེ་སར་རྒྱལ་པོ་༸གོང་ས་མཆོག་དང་མཚུངས་བསྡུར་བྱེད་ཕོད་ས་མ་རེད། རྒྱུ་མཚན་ནི། ཞི་དྲག་གཉིས་མཚུངས་བསྡུར་བྱ་ཐབས་མེད་པས་རེད། གལ་སྲིད་འཇུག་འབྲས་དང་ཀུན་སློང་ལ་གཞིགས་ནས་མཚུངས་བསྡུར་བྱེད་པ་ཡིན་ན། མ་འོངས་ལོ་ཤས་གང་མཚམས་སོང་རྗེས་༸གོང་ས་སྐུ་ཕྲེང་བཅོ་ལྔ་པ་དང་ཨ་འབྲུག་མགོན་པོ་བཀྲིས་གཉིས་མཚུངས་བསྡུར་བྱེད་མི་སྲིད་པ་མ་རེད། ངས་བལྟས་ན་རྩོམ་འདི་ནི་གེ་སར་རྒྱལ་པོ་འུར་སྒྲོག་གིས་བསྟོད་བསྔགས་བྱེད་པའི་ཆེད་དུ་༸གོང་ས་མཆོག་གི་མཚན་མཉམ་དུ་དྲུས་པ་ཞིག་ཏུ་མཐོང་།

    Reply
  23. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཨོ། ཁྱེད་ཀྱིས་མི་ཆུང་ལ་བཏབས་པའི་མཆན་དེ་ལྟོས་ན། དོན་དམ་ཁྱེད་ཀྱིས་རིག་གནས་གླེང་གི་མི་འདུག་ལ་གླེང་འདོད་ཀྱང་མི་འདུག མདོ་དོན་༧གོང་ས་མཆོག་སོགས་ལ་ཚིག་གི་ཟུར་ཁ་རེ་ཐེབས་སོང་ན་ཆོག་པ་དེས་རེད། སྔ་མོ་མང་གཙོ་དང་༧གོང་ས་མཆོག་བསྡུར་ནས་སྐད་གྲགས་བཞག་ཡོད་པ་རེད། ད་དེས་འགྲིག་གི་མི་འདུག་གམ། ང་ཁྱེད་ཚོའི་ཀླད་པ་དེའི་འཁོར་ཤུགས་ལ་གད་མོ་ཤོར་གི དཀོན་མཆོག་གསུམ།

    Reply
  24. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གླིང་གེ་སར་བོད་མི་རིགས་ཀྱི་འཚོ་བ་དང་སེམས་ཁམས་ནས་ཐོན་པའི་རིག་གནས་ཤིག་ཡིན་པ་བསྙོན་དུ་གང་ན་ཡོད། འོན་ཏེ་དེ་༧ཏཱ་ལའི་བླ་མའི་རིག་གནས་དང་ལྷག་པར་དུ་༧གོང་ས་བཅུ་བཞི་པ་ཆེན་པོ་བསྡུར་གྱི་ཡོད་ན་དེ་དེ་ཙམ་གྱི་སྐད་ཆ་ཞིག་ལས་ས་རྒྱ་ཅི་གང་མེད་པ་གསལ་བོ་རེད། གཞན། ༧ཏཱ་ལའི་བླ་མ་སྤྱན་རས་གཟིགས་སུ་རྟོག་བཟོ་བྱས་པ་མ་རེད། རྟོག་བཟོ་དང་དངོས་པོའི་ཡིན་ལུགས་རྣལ་མ་ཞིབ་འདེད་ཀྱི་ཤེས་རབ་བམ། ཡིན་ལུགས་རྣལ་མ་རྟོགས་པའི་ཤེས་རབ་གཉིས་གཏན་དུ་བསྡུར་ས་མི་འགྲོ ཁྱེད་ནས་རང་གིས་སྤྱན་རས་གཟིགས་སུ་ལྟ་བའི་རྒྱུ་མཚན་ལ་བསམ་བློ་བཏང་ནས་༧གོང་ས་མཆོག་ཀྱང་གེ་སེར་ལྟ་བུའི་རྟོག་བཟོའི་སྒྱུ་རྩལ་ཞིག་གིས་མི་རྣམས་ཀྱི་ཁ་མིག་ནས་ཁོག་དང་། ཁོག་ནས་རུས་པའི་གསེང་དུ་ཐིམས་པ་མིན་ནམ་བསམས་ན་ཁྱེད་ནོར་བ་རེད་ལགས། དེ་གཉིས། དངོས་པོ་གཉིས་ཀྱི་ཡོན་ཏན་བསྡུར་ན་དང་པོ་དངོས་པོ་རེ་རེའི་ཡོན་ཏན་རང་རྒྱུད་དུ་ཆུད་པ་བྱེད་རོགས།
    དེ་ཙམ་ཡིན། དེང་སང་རྡོར་གདན་དུ་ཁང་པ་མ་རེག་པས་བྲེལ་འཚུབ་ཡིན། འཐེན་ཐུག་འཐུང་ཞོར་མ་འདིས་ཐུགས་དམ་བསྐང་མི་ཐུབ་མ་རྗེས་ནས་ག་ལེར་ཡིན།

    Reply
  25. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༡། མི་ཆུང་དང་ཀརྨ་རྡོ་རྗེ་ལགས། ཉིད་ཀྱི་སྐད་ཆའི་ཤུགས་ལ་བལྟས་ན་ལོ་ཤས་གོང་མི་རེ་འགའ་ཡིས། ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། ད་དུང་བོད་ཀྱི་བླ་ཆེན་རྣམས་ནི་རྒྱ་གར་གྱི་སེམས་དཔའ་ཆེན་མོ་གྷན་རྡི་ནང་བཞིན་མ་རེད། གང་ཡིན་ཟེར་ན། ཁྲི་ཐོག་ལ་བཞུགས་ནས་བཀའ་མོལ་གནང་བ་མ་གཏོགས་གཞི་རིམ་མང་ཚོགས་ནང་དངོས་སུ་ཕེབས་ཏེ་ལས་འགུལ་རྩོམ་གི་མི་འདུག་ཅེས་པ་འདི་དང་འདྲ་བོ་རེད་འདོད།

    ཉིད་ཀྱི་གླེང་ཕྱོགས་ལྟར་བྱས་ན། ང་ཚོར་དོན་དམ་གྱི་འཐབ་རྩོད་པ་ཞིག་ལ་མཛུབ་མོ་འཛུགས་ས་མི་རག་པའི་དཀའ་ངལ་ཡང་འཕྲད་སྲིད་པ་རེད།

    ༢། ཤར་ཁུག་ལགས། དེ་འདྲའི་ཡིད་སྐྱོ་དགོས་དོན་ཞིག་ཨེ་ཡོད། ༼རྟོག་བཟོ་༽ཞེས་པ་འདི་ལས་སླ་བོ་མ་རེད། མི་སུ་ཞིག་གིས་ད་གཟོད་མི་སུ་ཞིག་སྤྱན་རས་གཟིགས་ལ་རྟོག་བཟོ་བྱས་པ་རེད། མི་སུ་ཞིག་གིས་ད་གཟོད་མི་སུ་ཞིག་སངས་རྒྱས་ལ་རྟོག་བཟོ་བྱས་པ་རེད། ཤེས་རབ་ཅེས་པ་དེ་ཡང་སྐུ་ཉིད་ཀྱིས་མཁྱེན་གི་ཡོད་ན་གནས་ཚུལ་ཁ་ཁ་རེད་མ་གཏོགས། བོད་མི་རིགས་ཀྱི་སེམས་ཁམས་དང་ཉིན་རེའི་འཚོ་བའི་ཁྲོད་ནས་ཕྱིར་མངོན་པའི་རིག་གནས་ཤིག་ལ་དེ་འདྲའི་མཐོང་ཆུང་བྱེད་རྒྱུ་ཨེ་ཡོད། གནས་སྐབས་དེ་ཙམ་མོ།

    Reply
  26. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    མྱིའི་གཟུགས་སུ་འཇིག་རྟེན་འདིར་ཡོང་མིན་ད་དུང་གསལ་བོ་མ་ཆགས་པའི་རྟོག་བཟོའི་ཚབ་མཚོན་གྱི་གེ་སེར་རྒྱལ་བོ་དེ་ལ། བོད་ལུང་ཁུག་རེ་ན་བཤད་སྲོལ་སྣ་ཚོགས་ཤིག་འདུག་པས། ཆོས་སྲིད་གཉིས་ཀྱི་དཔའ་སྟོབས་འཛམ་གླིང་ལ་མ་ཤོངས་པའི་༧རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ་ལྷ་མིན་མི་མིན་གེ་སེར་རྒྱལ་བོ་དང་མཚུངས་བསྡུར་བྱས་པ་ནི་ཅི་འདྲིའི་ཡིད་སྐྱོ་བ་ཞིག་རེད་ཨང་།
    མ་གཞི་ནས་རྩོམ་འདི་བཀླགས་དུས། ཤེས་རབ་རྣམ་དཔྱོད་ཀྱི་ཐོན་རྫས་མཚུངས་བསྡུར་བྱ་རྒྱུ་ལས་ལྡོག་སྟེ། སྒྲུང་རིང་དུ་ཆགས་པའི་མི་ཤི་རྟ་འགྱེད་ཀྱི་རང་ས་སྲུང་སྐྱོབ་བྱེད་སྟངས་༧གོང་ས་མཆོག་གི་བྱམས་སྙིང་རྗེའི་ཁར་སྣོན་དགོས་ཀྱི་འདུག་ཟེར་ཁུལ་ཡིན་མོད། དུས་མ་འདྲ་བས་དཔའ་བློ་སྟོབས་སྟོན་ཚུལ་མ་འདྲ་བ་ཞིག་ཡུལ་ལུང་ཀུན་པོར་ཡོད་ངེས་ཀྱང་། ཨ་པ་ལུང་རིགས་ཀྱིས་ཞི་དྲག་ཟུང་སྦྲེལ་ལས་དྲག་པོའི་འདོད་མོས་ཆེན་པོ་ཞིག་སྟོན་པ་འདི་ཕལ་ཆེར་རང་གི་འདོད་འདུན་གྱི་ཤུགས་དྲག་ནས་མཚུངས་ཆོས་སྦྱར་རྒྱུ་རྦད་དེ་ནོར་སོང་བ་ཡིན་པ་འདྲ།
    ད་དུང་ཆོས་པ་ཞིག་ཡིན་ན། འཇིག་རྟེན་པའི་ལྷ་འདྲ་བོ་ཞིག་༧གོང་ས་མཆོག་དང་མཚུངས་བསྡུར་བྱེད་པ་ཧམ་པ་ཚ་དྲག་འདུག་ཅེས་ཟེར་ངེས་པ་རེད། ངའི་རེ་བར་ཆོས་དང་འཇིག་རྟེན་པ་གང་ཡིན་ན་ཡིན། གང་ལྟར་མཚུངས་བསྡུར་གྱི་ཆ་དེ་ཞིབ་ཚགས་ཤིག་ཡོད་ན་གོ་བརྡ་ཞིག་འཕྲོད་ངེས་རེད།

    Reply
  27. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མ་གཞི་ནས་དེང་ཁོང་གཉིས་ཀ་རང་བཙན་གླེང་མཁན་ཙམ་ལས། རང་བཙན་འཐབ་རྩོད་པ་ཞིག་མིན་པ། ས་རིས་ཐང་གསལ་རེད། ཟེར།

    Reply
  28. མི་ཆུང་། says:
    ལོ་ 14 སྔོན།

    ཞིབ་པར་བཀླགས། འོན་ཀྱང་འཇམ་ནོར་དང་ལྷག་བཟང་ལགས་ཁོང་གཉིས་ཀྱི་སྐད་ཆ་རྩེ་གཉིས་མ་འདི་ཀོ། ལངས་ཕྱོགས་པར་རློམ་པའི་འཐབ་རྩོད་པ་ཞིག་གི་སྐད་ཆ་མ་རེད། ལར་ནས་དེང་ཁོང་གཉིས་ཀ་རང་བཙན་གླེང་མཁན་ཙམ་ལས། རང་བཙན་འཐབ་རྩོད་པ་ཞིག་མིན་པ་ས་རིས་ཐང་གསལ་རེད།

    ང་ཚོས་ལོ་ངོ་བཅུ་ཕྲག་གོང་ནས་བྱང་ཐང་སྟོང་པ་འདིར་ཁོང་གཉིས་སྒུག་ནས་ཡོད་ཀྱང་། ད་ལྟ་ད་དུང་ཡང་དྲག་འགུལ་ཅི་ཡང་མེད། འཐབ་རྩོད་པ་འདི་འདྲ་ཞིག་ཡིན་རྒྱུ་མ་རེད། འཇམ་ནོར་ལགས་ཀྱི་གྲང་དམག་དང་། ལྷག་བཟང་ལགས་ཀྱི་དུག་སྦྲང་གི་འཆར་གཞི་རྣམས་དགུན་གྱི་འཁྱགས་རོམ་ནང་ཐིམ་ཚར་བ་རེད།

    Reply
  29. མི་ཆུང་། says:
    ལོ་ 14 སྔོན།

    ཞིབ་པར་བཀླགས། འོན་ཀྱང་འཇམ་ནོར་དང་ལྷག་བཟང་ལགས་གཉིས་ཀྱི་སྐད་ཆ་རྣམས། ལོ་མང་གོང་ནས་རྣ་བ་རྡོལ་རྡོལ་གོ་མྱོང་། སྐད་ཆ་རྩེ་གཉིས་མ་འདི་ཀོ་ལངས་ཕྱོགས་ཡོད་པའི་རང་བཙན་འཐབ་རྩོད་པའི་སྐད་ཆ་ཞིག་མ་རེད།
    མ་གཞི་ནས་དེང་ཁོང་གཉིས་ཀ་རང་བཙན་གླེང་མཁན་ཙམ་ལས། རང་བཙན་འཐབ་རྩོད་པ་ཞིག་མིན་པ། ས་རིས་ཐང་གསལ་རེད།

    Reply
  30. གཙང་ཞོལ་བདེ་གསལ། says:
    ལོ་ 14 སྔོན།

    གླིང་གེ་སར་རྒྱལ་པོ་དང་། རྒྱལ་བ་རིན་པོ་ཆེ་ནི། བོད་མི་རིགས་ཀྱི་མགོ་བོ་འདེགས་བྱེད་ཀྱི་སྟོབས་ཤུགས་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་མི་རྗེ་སེང་ཆེན་ནོར་བུ་ལ་འདི་ལྟར་གསུངས་ཏེ། ཀྱེ། རྨད་བྱུང་བསོད་ནམས་ཡེ་ཤེས་ལས་གྲུབ་པའི།། རྨ་གཡང་ནོར་བུའི་ཡུལ་གྱི་རྒྱན་གཅིག་པོ།། འཛམ་གླིང་རྒྱལ་པོ་ནོར་བུ་དགྲ་འདུལ་ཞེས།། རྒྱལ་དབང་པདྨའི་ཕོ་ཉ་འཁོར་དང་བཅས།། ཞེས་སོགས་བསྟོད་གསོལ་གལ་ཆེན་གནང་པ་དང་། མཚོ་སྔོན་ཞིང་ཆེན་གེ་སར་གཞན་ཕན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས། རྨོག་དཀར་དར་འཕྲུ་ལྡེམ་པ་འཚུབས་སེ་འཚུབ།། འགུགས་བྱེད་དབང་ཞགས་དམར་པོ་འཁྱུགས་སེ་འཁྱུག། ཤེས་རབ་རལ་གྲིའི་རྣོ་དབལ་རྔམས་སེ་རྔམ།། བསྟན་དང་འགྲོ་བའི་མགོན་དུ་ད་བཞེངས་ཤིག། མཆོག་དཀར་གཞུ་རྒོད་མཉེན་འགྱུར་ལྡེམས་སེ་ལྡེམ།། རྣོ་མྱུར་ཉག་ཕྲན་རྩེ་ཁ་ཐགས་སེ་ཐག། དགྲ་འདུལ་མདུང་རིང་འགུལ་སྟངས་ལྷམས་སེ་ལྷམ།། བསྟན་པའི་དགྲ་སྡེ་འཇོམས་པའི་ལས་ལ་བཞེངས།། འཇིགས་རུང་སྟ་ཆེན་འབར་བ་ཤགས་སེ་ཤག། རྒྱབ་གོས་ཆུ་དར་དམར་པོ་ལྷབས་སེ་ལྷབ།། འདོད་འབྱུང་ལྕག་ཚན་གཟི་བྱིན་ལྷངས་སེ་ལྷང་།། རྣལ་འབྱོར་རླུང་རྟ་སྐྱེད་ལ་ད་ཚུར་ཕེབས།། ཞེས་དང་། དབང་ཞལ་སྨུག་པོའི་གཟི་མདངས་འཕྱུར་རུ་རུ།། ཁྲ་ཡག་སྤྱན་མདས་རྩེད་ཞགས་ཤ་ར་ར།། སོ་འཛུམ་མི་ཏིག་འོད་དཀར་འཚེར་རེ་རེ།། སྙིང་གི་རེ་བའི་དཔལ་ཁྱོད་འཛུམ་གྱིས་བསྐྱོད།། རོ་སྟོད་རི་རྒྱལ་ལྷུན་པོ་ཡོ་རོ་རོ།། ཤ་རྒོད་གྲུ་གུ་སྒྲིལ་མ་ལྷོགས་སེ་ལྷོག། ཤེད་ཆེན་བརླ་གཉིས་སྒ་འགྱུར་ཡ་ལ་ལ།། མཛེས་བརྗིད་སྟོང་གི་དབང་ཕྱུག་ཚུར་ལ་ཕྱོགས།། ཞེས་སོགས་(བསྟོད་བསྐུལ་འཛམ་གླིང་དགྱེས་པའི་དབྱངས།) གེ་སར་རྒྱལ་པོའི་དཔའ་ཉམས་དང་འཕྲིན་ལས་ལ་སྦྱར་ཏེ་སྔ་ན་མེད་པའི་འབྲི་སྟངས་ཁྱད་པ་ཞིག་སྤྱད་འདུག གཞན་ཡང་། གངས་རིའི་རངས་མངས་ནི་གེ་སར་རྒྱལ་པོའི་རྗེས་ཤུལ་ཡིན་ལ། གེ་སར་རྒྱལ་པོའི་རྗེས་ཤུལ་ནི་གངས་རིའི་ལ་རྒྱ་ཡིན། ཞེས་དང་། མི་རིང་མི་ཐུང་བའི་མགོ་ལོག་ལོ་རྒྱུས་ཁྲོད་གེ་སར་དཔའ་བོའི་བཀའ་དྲིན་དྲན་མཁན་ཐོག་མ་དང་། གེ་སར་དཔའ་བོའི་སྒྱུ་རྩལ་ལྟད་མོ་སྟོན་མཁན་དང་པོ། གེ་སར་རྒྱལ་པོའི་རྗེས་ཤུལ་སྔོག་མཁན་སྔོན་མ། གེ་སར་མགོ་ལོག་དང་། མགོ་ལོག་གེ་སར་གྱི་རྣམ་ཐར་འཁྲབ་མཁན་ཐོག་མ་ནི་ང་ཚོ་ཡིན་ལ། ང་ཚོ་ནི་རྨ་ཡུལ་གེ་སར་རིག་གནས་སྟེ་བ་ཡིན། རྨ་ཡུལ་གེ་སར་རིག་གནས་ལྟེ་བ་ནི། སྐྱིད་དུ་གེ་སར་དགའ་བའི་དགོད་སྒྲ་ཞིག་མ་ཟད། སྡུག་དུས་གེ་སར་སྐྱོ་བའི་གླུ་ཆུང་ཞིག་ཀྱང་ཡིན། རྨ་ཡུལ་གེ་སར་རིག་གནས་ལྟེ་བ་ནི། གེ་སར་རྣམ་ཐར་ལྟད་མོར་འབུལ་བའི་ཟློས་གར་བ་ཞིག་མ་ཟད། གེ་སར་རྣམ་ཐར་བཞེངས་བཀོད་ཆེ་བའི་གཏོང་ཕོད་པ་ཞིག་ཀྱང་ཡིན། ཞེས་སོགས་གསུངས་ཏེ། གླིང་གེ་སར་གྱི་འཕྲིན་ལས་དར་སྤེལ་དང་རིག་གནས་འཛིན་སྐྱོང་གི་གལ་ཆེན་མི་སྣ་ཞིག་ཏུ་གྱུར་འདུག།

    Reply
  31. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཨ་རོ། ངས་རྩོད་གཞི་རེད་ཅེས་ཅང་བཤད་མེད་པ། འདིའི་སྐོར་ལ་བགྲོ་གླེང་རྒྱ་ཆེན་པོ་གཏིང་ཟབ་པོ་ཡོད་ངེས་པ་རེད། གླེང་ཤེས་མིན་དང་ཐུབ་མིན་མི་ཤེས། དུས་ཚོད་ཡོད་དུས་ཡོང་གི་ཡིན།

    Reply
  32. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས་ལ་བཀའ་དྲིན་ཆེ་ཞུ།

    Reply
  33. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱིས་ཐལ་ཆེ་བའི་སྐད་ཆ་བཤད་གིན་འདུག་སྙམ། དེ་ཚོ་རྩོད་གཞི་མ་རེད། མི་དངོས་སུ་ཤ་དར་ཁྲག་དར་ལ་ཡོད་པ་རེད། གནས་ཚུལ་དང་བསམ་ཚུལ་ཡང་རྒྱ་ཁྱབ་ཏུ་ཚང་མས་བཀླགས་པ་རེད། སྐུ་ཉིད་ཀྱིས་འདི་ལྟ་བུའི་གདེང་འཇོག་ཅིག་གནང་བ་ནི་བོད་ཡིག་གི་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན་གསར་པ་དང་བསམ་བློའི་ཚད་འཛིན་ས་ཞིག་ཀྱང་རེད། ད་ནི་བགྲོ་གླེང་ཞིག་ཨེ་ཡོང་བརྒྱུད་ལམ་ལ་ཞུ་རྒྱུ་ལས་གཞན་མི་འདུག་སྙམ།

    Reply
  34. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མི་ནག་ཚང་ལགས།
    བོད་ནང་ལ་མཚོན་ན་བོད་དོན་གྱི་བློས་བཏང་ནི་བོད་ཕྱི་ལོག་༼ལོགས་༽ལས་རྒྱ་ཆེ་བ་ཡོད་པ་རེད། ཆོད་སེམས་དང་སྙིང་སྟོབས་ཀྱང་བོད་ཕྱི་ལོག་༼ལོགས་༽ལས་ཆེ་བ་ཡོད་པ་རེད། ཅེས་པའི་ཕྱི་ལོགས་་ལ་ཡང་འཇུག་ས་དེ་ངེས་པར་བསྐྱོན་དགོས།
    ངས་ཨ་མ་དམ་དེས་ཀྱང་གེ་སར་རྒྱལ་པོའི་ལྷ་སྒྲུང་ནང་གི་གེ་སར་དང་སྲུ་མོ་འབྲུག་མོའི་ལོ་རྒྱུས་རྣམས་རྒྱ་གར་གྱི་གཏམ་བརྒྱུད་ནང་གི་དགའ་བྱེད་རམ་དང་སི་ཏའི་ཆོས་སྒྲུང་ལྟར་ཉམས་ལེན་བྱས་ཐུབ་ངས་མིག་མཐོང་ལག་ཟིན་བྱུང་མྱོང་ཡོད་ལགས།

    Reply
  35. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འཇམ་ནོར་ལགས་ཀྱིས་༸གོང་ས་མཆོག་གིས་ཐེངས་འདིའི་སྐུ་དབང་རྩིས་སྤྲོད་སྟངས་ཀྱི་ཆ་ནས་མ་འདོད་པའམ་མ་དགའ་བའི་སྐད་ཆ་བཤད་པ་མ་རེད་དམ།
    ༸གོང་ས་མཆོག་གིས་རང་བཙན་གྱི་ལམ་དུ་འཁྲིད་ལོས་ཐུབ། བོད་མིའི་བློ་ཁ་གང་དུ་སྒྱུར་བའི་བྱིན་རླབས་ཀྱི་མཐུ་རྩལ་ཅན་དེ་ཡིད་བཞིན་ནོར་བུ་མཆོག་རེད། འོན་ཀྱང་ཁོང་གིས་རང་བཙན་གྱི་ལམ་དུ་ཁྲིད་ན་ཕན་ཐོགས་དང་རེ་བ་མེད་པར་དགོངས་པ་རེད། འཇམ་ནོར་ལགས་ཀྱིས་ནུས་པ་ཞིག་ཡོད་པ་ཁས་བླངས་པ་ལས་ནུས་པ་དེ་འདོན་སྟངས་ལ་ཁས་ལེན་གྱིན་མེད་པ་མ་རེད་དམ།
    ལྷ་བཟང་ལགས་ཀྱི་ཁ་ནས་ཡིད་བཞིན་ནོར་བུས་དགོངས་པ་ཞུ་དགོས་པ་རེད་ཟེར་བ་དང་དགོངས་པ་ཞུས་ན་ཡང་མ་འགྲིགས་པ་འདྲ་བོ་བཤད་སྟངས་འདི་རང་ཚུགས་མེད་པའམ་སེམས་ཁམས་ཐང་པོ་མེད་པའི་སྐད་ཆ་འདྲ་བོ་ཞིག་རེད། དེ་བས་དེ་ལ་ཆགས་འཇོག་དང་གདེང་འཇོག་བྱེད་དཀའ་བ་ཞིག་མ་རེད་དམ།
    གང་ལྟར་ཁོང་གཉིས་ཀྱིས་རང་བཙན་འཐབ་རྩོད་ཐད་ལ་ལུས་ངག་ཡིད་གསུམ་གྱི་ནུས་པ་གང་ཡོད་བཏོན་དང་འདོན་བཞིན་པ་མ་རེད་ཅེས་ཀྱང་བདག་གིས་བཤད་མི་ཐུབ།
    ངས་དེང་སང་གེ་སར་གྱི་སྒྲུང་དང་ཨ་ཁུ་སྟོན་པའམ་བསྟན་པའི་གཏམ་རྒྱུད་སྐོར་ལྷག་དཀར་ཉིན་མོ་སྲུང་བརྩིའི་བོད་ཀྱི་རིག་གཞུང་གི་སྙིོང་བོ་ཞིག་ལ་བརྩིས་ཡོད་ལ། མུ་མཐུད་དུ་བྱེད་སྒོ་འདི་སྤེལ་ཐབས་བྱེད་ངེས།
    གླེང་གཞི་འདི་ཉིད་ལ་རིན་ཐང་ཆེ་བར་འདོད། དེ་བས་མྱི་ནག་ཚང་ལ་བཀའ་དྲིན་ཆེ་ཞུ།

    Reply
  36. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “།ང་སྐྱེ་ས་བོད་ཡུལ་གླིང་དཀར་སྟོད། །ངའི་འགྲོ་དོན་བསྟན་དང་འགྲོ་བ་ཀུན།
    །ངའི་མཛད་པ་དྲག་པོའི་དམག་དཔོན་ཚུལ། །དོན་དེ་ཕྱིར་གླིང་རྗེ་སེང་ཆེན་ཐོགས།
    །ད་གོང་མ་ལྷ་ན་བཞུགས་ན་ཡང༌། །ངའི་འགྲོ་དོན་འཛམ་བུ་གླིང་ན་ཡོད།
    །རྗེ་རྒྱལ་བ་ཞི་བདེའི་དེད་དཔོན་དེ། །ང་ཞི་བའི་ཚུལ་དུ་བྱོན་པ་ཡིན།
    །བཀའ་ཇི་བཞིན་སྒྲུབ་ན་བསམ་དོན་འགྲུབ། །ཆོས་སངས་རྒྱས་བསྟན་པ་རྒྱས་གྱུར་ནས།
    །དགྲ་ཀླ་ཀློ་མཐའ་དག་ཞི་འགྱུར་ཅིང༌། །སྤྱིར་འཛམ་གླིང་ཞི་བདེའི་དཔལ་གཡང་དང༌།
    །སྒོས་གངས་ཅན་བོད་ལ་བདེ་སྐྱིད་འཆར། །སྐྱིད་རང་ལ་རག་ལས་གཞན་གྱིས་མིན།
    །གཞན་གཅེས་འཛིན་སྐྱིད་ཀྱིགཞི་མ་ཡིན།”

    Reply
  37. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    སྐུ་ཞབས་ལུང་རིགས་ལགས་ཀྱིས་རྨད་དུ་བྱུང་བའི་རྩོམ་ཡིག་ཞིག་སྤེལ་འདུག་མོད། ཅང་མི་ཤེས་ན་འང་ཡིན་ཅིག་མིན་ཅིག་ཅིག་བཤད་དགོས་མཁན་སྐོར་ཞིག་གིས་གླེང་གཞི་འདི་དང་མ་འབྲེལ་བའི་སྐད་ཆ་འགའ་དྲུད་འོང་ནས་བརྩམས་ཆོས་འདིའི་བརྗོད་གཞི་གཞན་ལ་སྐོར་འགྲོ་གི་འདུག འདི་ནི་བློ་ཕམ་ཞིག་རེད། སྐོར་ཞིག་གིས་གེ་སར་རྒྱལ་བོ་དྲག་ལས་མཁན་ཡིན་ཚུལ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་སྤྲུལ་བ་ཡིན་མིན་སོགས་བརྗོད་པ་ནི་སྐབས་དོན་དང་འབྲེལ་བ་དེ་ཙམ་མི་འདུག་སྙམ། དོན་དངོས་ཐོག་གེ་སར་རྒྱལ་བོ་ངེས་པར་དུ་ཡོད་དགོས་པ་ཞིག་ཀྱང་མིན། འོན་ཀྱང་བོད་མི་མང་གི་སེམས་ནང་གི་གེ་སར་རྒྱལ་བོའི་སྣང་བརྙན་གཙོ་བོ་རེད། ད་དུང་སྒྲུང་པ་དག་གིས་འཆར་ཡན་གྱི་ལམ་ནས་བཞེངས་པའི་གེ་སར་ལྷ་སྒྲུང་གིས་བོད་མི་མང་ལ་བཞག་པའི་རང་སྲུང་གི་འདུ་ཤེས་དང་། ༧གོང་ས་མཆོག་གིས་བོད་མི་རིགས་ལ་བཞག་པའི་རང་སྐྱོངས་ཀྱི་བག་ཆགས་གཉིས་མཚུངས་བསྡུར་བྱེད་རྒྱུ་དེ་སྐབས་འདིའི་བརྗོད་གཞི་རེད། གལ་སྲིད་དེ་གཉིས་ཕྱོགས་ཡོང་ནས་འདྲ་མཚུངས་ཡིན་ཚེ། གེ་སར་རྒྱལ་བོ་ནི་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དང་། སངས་རྒྱས་སྟོང་གི་ཐུགས་སྲས་སུ་ཁས་བླངས་ཀྱང་ངེད་ཅག་གི་ལག་ནས་ཤོར་འགྲོ་བ་ཅི་ཡང་མེད། མ་གཞི་གེ་སར་རྒྱལ་བོར་ཞིབ་འཇུག་བྱེད་ན་གདོང་མ་བཞིའི་དཔོན་པོ་ཁྲོ་ཐུང་གི་སྐད་ཆར་ཞིབ་འཇུག་བྱ་དགོས་མོད། སྐབས་དོན་དང་འབྲེལ་བ་མེད་པས་མཚམས་འདི་ནས་ཁྱི་ཁ་བཙུམས་ཀི་ཡིན།

    Reply
  38. གནས་ཚང་། says:
    ལོ་ 14 སྔོན།

    ཡག་པོ་ཞེ་དྲག་གསུངས་ཤག བཙན་པོ་འདུལ་བའི་ཐོ་བ། གཉོམ་ཆུང་སྐྱོང་བའི་ཕ་མ་ནི་གླིང་རྗེ་གེ་སར་རྒྱལ་བོ་རེད། དེང་སྐབས་ཁག་ཅིག་གཉོམ་ཆུང་འདུལ་བའི་ཐོ་བ། བཙན་པོར་བསྟུན་པའི་སྡར་མ་རང་ཆགས་ཡོད་པ་རེད།

    Reply
  39. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རེད། རྣམ་པ་ཐམས་ཅད་དུ་ཞི་བ་ནི་མ་རེད། དམག་འཁྲུག་རེད། ཡིན་ཡང་མའོ་ཙེ་རུང་དང་ཧི་ཐུ་ལིར་གྱི་དམག་འཁྲུག་གི་ཀུན་སློང་ནི་ད་སྐབས་གསལ་བོ་རེད། མཇུག་འབྲས་ཀྱང་ལྷང་ལ་བུད་ཡོད་པ་རེད། རེད་དེ། གེ་སར་རྒྱལ་བོའི་དམག་འཁྲུག་དེ་དག་གི་མཐའ་མར་ཆོས་ཁྲིམས་སམ་འཇིག་རྟེན་མི་ཆོས་རྩ་བར་བཟུང་བའི་ཁྲིམས་ཤིག་གི་འོག་ལ་བཞག་ཡོད་པ་རེད་འདོད། མི་རིགས་དང་ཚོ་ཁག་གང་ཡིན་རུང་མཐའ་མ་དེར་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ལ་རོལ་རྒྱུ་ཞིག་ལ་དམིགས་འདུག་པ་སྒྲུང་དཔེ་ཚང་མར་ཁ་མཐུན་དུ་འདུག་སྙམ།

    Reply
  40. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་བཏང་ཡག་པོ་བྲིས་འདུག་པ་ངོས་རང་གིས་ངོས་ལེན་བྱེད་བཞིན་ཡོད། འོན་ཀྱང་གེ་སར་རྒྱལ་པོའི་སྒྲུང་ནི་མགོ་འཇུག་ཚང་མར་དམག་འཁྲུག་རྒྱབ་བའི་ལོ་རྒྱུས་ཤ་སྟག་རེད། སྲུང་སྐྱོབ་ཀྱི་ཆེད་དུ་རེད་ཟེར་བ་ནི། ཐ་ན་མའོ་ཙེ་ཏུང་དང་ཧིཊ་ལར་སོགས་ཀྱིས་ཀྱང་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཟེར་བཞིན་ཡོད། འོན་ཀྱང་སྲུང་སྐྱོབ་བྱ་ཚུལ་གྱི་ཐབས་ལམ་དེ་དྲག་པོ་ཞིག་ཡིན། གེ་སར་རྒྱལ་པོ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་མིན་ད་ལྟ་བཤད་ཚོད་མི་ཐིག རྒྱུ་མཚན་འཕེར་བ་ཞིག་མེད།

    Reply
  41. འཇམ་ཚུལ། says:
    ལོ་ 14 སྔོན།

    མཚུངས་ན་ཆ་ཐམས་ཅད་ནས་མཚུངས་མི་དགོས་པར་སེམས།
    སྤྱི་བཏང་གི་ཡག་པོ་བྲིས་འདུག་སྙམ་བྱུང་བས་ཡི་རིང་ཡོད།

    Reply
  42. མྱི་ནག་ཚང་། says:
    ལོ་ 14 སྔོན།

    གེ་སར་རྒྱལ་བོའི་སྒྲུང་གི་ནང་དུ། ཕར་བཙན་གནོན་དང་བཤུ་གཞོག ཉེས་མེད་མནར་གཅོད། དཔུང་མེད་ཐུབ་ཚོད། རྒྱུ་འབྲས་ལ་མི་རན་པའི་ལས་ཤིག་བརྩམས་པ་གོ་མྱོང་མེད། དེ་ལས་ལྡོག་སྟེ། མགོན་མེད་ལ་མགོན་སྐྱབས། བྱམས་སྙིང་རྗེ་གཞི་རྩར་བཟུང་བའི་༼སྲུང་སྐྱོབ་ཀྱི་དམག་འཁྲུག་༽རྐྱང་བརྒྱབ་ཡོད་པ་རེད། འདི་ལ་ནོར་འཁྲུལ་ཡོད་ན་ནི་སླར་ཡང་གེ་སར་གྱི་སྒྲུང་ཀློག་ནས་ཞིབ་འཇུག་བྱ་དགོས་པ་རེད། འོན་ཀྱང་། དེ་འདྲའི་བར་དུ་འགྲོ་མི་དགོས་པ་བོད་པ་རྩམ་གཟན་ཚང་མས་ཤེས་གི་རེད་འདོད།

    Reply
  43. འཇམ་ཚུལ། says:
    ལོ་ 14 སྔོན།

    དུག་མདའ་ཁྱོད་ཀྱིས་དབྱེ་ཞིབ་མེད་པའི་སྐད་ཆ་མཐོང་ཡོང་ན་སེམས་རྩ་འཁྲུགས་ཡོང་བ་དེ་འདྲ་མ་ཤོད་རོགས་ཞུ་རྒྱུ་ཡིན།
    དགེ་ལུགས་ཁོ་ན་ཡོད་སའི་ས་ཁུལ་གང་རེད། དཔེར་ན་གདན་ས་གསུམ་ལྟ་བུ་ལ་ཆ་བཞག་ན་སློབ་གཉེར་བྱེད་པའི་གཞུང་དེ་དག་རྩོམ་པ་པོ་དགེ་ལུགས་པ་རྐྱང་པ་མ་ཡིན་པར་བོད་ཀྱི་མཁས་པ་གཞན་གྱི་གསུང་རྩོམ་ཡོད་པ་ཤེས་ཨེ་ཡོད། ཨོལ་མདུད་མེད་པའི་སྐད་ཆ་མ་བཤད་ནའང་ཁྱོད་ལྐུག་པ་རེད་ཟེར་མཁན་ཡོད་ཚོད་མ་རེད།

    Reply
  44. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་༸གོང་ས་མཆོག་དང་གེ་སར་རྒྱལ་པོ་གཉིས་མཉམ་དུ་བསྲེས་ནས་མཚུངས་བསྡུར་བྱེད་པ་ནི་མི་འོས་པ་ཞིག་ཏུ་མཐོང་། གང་ཡིན་ཟེར་ན། གཅིག་ནི་ཞི་བདེའི་དེད་དཔོན་དང་། ཡང་གཞན་ནི་དྲག་པོའི་རྒྱུན་འཛིན་ཞིག་ཡིན

    Reply
  45. མྱི་ནག་ཚང་། says:
    ལོ་ 14 སྔོན།

    གསལ་བོར་ཤེས་རྒྱུ་ཞིག་ནི། འཇམ་དབྱངས་ནོར་བུ་ནི་རང་བཙན་འཐབ་རྩོད་པ་ཞིག་ལས་ཆབ་སྲིད་པ་ཞིག་མ་རེད། དེ་ཡིན་ན་ནི་ཁོང་བཀའ་ཁྲི་དང་། ཨ་རིའི་གྲོང་སྡེ་དང་གྲོང་ཁྱེར། མངའ་སྡེ། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྒྲིག་འཛུགས་གང་རུང་ནང་ཞུགས་ཆོག་གི་རེད། དེ་འདྲ་མ་རེད། ཁོང་རང་དབང་གི་རྩོམ་པ་པོ། ཟིན་བྲིས་པ། བོད་རང་བཙན་འཐབ་རྩོད་པ་ཞིག་རེད། འདི་ཙམ་ལ་ཡང་རྒྱུས་མེད་བཞིན་དུ་ཁོང་ལ་ཁ་བཏང་བས་ཅི་བྱ།

    Reply
  46. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    འཇམ་ནོར་གྱིས་ཆབ་སྲིད་ཁྱེད་ཚོས་ཤེས་ཐུབ་ཀྱིན་མི་འདུག ཆབ་སྲིད་པ་ཞིག་གི་སྐད་ཆ་ལ་ཆ་འཇོག་བྱེད་རྒྱུ་ཡོད་ན་རང་ཉིད་ཆབ་སྲིད་མི་ཤེས་པའི་རྟགས་ཁོ་ནའོ།
    དེ་རིང་ལྷ་རེད་ལབ་ན་སང་ཉིན་བདུད་རེད་ལབ་ཀྱི་རེད། ལེགས་པར་བརྟག་དགོས་པར་སེམས་སོ།

    Reply
  47. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ང་ཚོའི་ཕ་ཡུལ་ནས་ས་དགེ་བཀའ་རྙིང་ཚང་མ་ལབ་ན་གང་ཤེས་ཏེ། རྙིང་མ་དང་དགེ་ལུགས་གཉིས་ཀའི་ཆོ་ག་ཕྱག་ལེན་སྒྲུབ་གི་རེད། མཚམས་རེར་ནང་བ་ཡིན་པ་མ་གཏོགས་དམིགས་བསལ་ཆོས་རྒྱུད་གང་ཡིན་མི་ཤེས་པའི་ཚད་དུ་ཡོད་པ་རེད། དེས་ན་ཕྱོགས་རིས་པའི་སྐད་ཆ་དེ་འདིར་འབྲེལ་བ་མི་འདུག་སྙམ།

    Reply
  48. དུག་མདའ། says:
    ལོ་ 14 སྔོན།

    མི་ལ་ཉེ་རིང་ཆགས་སྡང་ཡོད་རེད། ལྷ་ལ་འང་ཕྲག་དོག་འགྲན་སེམས་ཡོད་རེད། དགེ་ལུགས་ཁོ་ན་དར་སའི་ས་ཁུལ་དུ་ཁྱིམ་ནང་ལ་གྲུབ་མཐའ་གཞན་པའི་དཔེ་ཆ་ཤོག་ལྷེ་འགའ་ཐོན་ཙམ་ལའང་ལྷ་འཁྲུག་འདྲེ་འཁྲུག་བཀྲ་མི་ཤིས་སྣ་དགུ་ཡོང་གི་ཡོད་པ་བོད་མིའི་མྱོང་བས་གྲུབ་ཡོད། དེང་སང་སྤྱི་ཚོགས་ཀྱིས་བསམ་ཤེས་བྱེད་ཐུབ་ས་སྲུང་མས་བསམ་མི་ཐུབ་ས་ཡོད་པ་ཡིན་ས་རེད།

    Reply
  49. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྒྱུ་མཚན་ཅི་ཡིན་ནམ། བོད་མི་རིགས་ལ་ཤ་འཐིམ་རུས་འཐིམ་དུ་གྱུར་བསྡད་པ་ཞིག་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཅིག་ཤོས་དེར་དེ་འདྲ་ཞིག་མི་དགའ་རྒྱུའི་གནད་དོན་ཨེ་ཡོད། ཞིབ་ཏུ་བསམ་ན་ཁོང་རྣམ་གཉིས་ཀྱི་བྱང་སེམས་དང་འགྲོ་དོན། བོད་མི་རིགས་ཀྱི་དགོས་མཁོ་བཅས་ཀྱང་གཅིག་པ་རེད་འདོད།

    Reply
  50. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    རྒྱལ་བ་རིན་པོ་ཆེ་གླིང་གེ་སར་ལ་སྦྱར་ནས་བཤད་ན་གནས་ཆུང་ཆོས་སྐྱོང་མ་དགའ་ནས་གད་འགྲོ་ནི་རེད་ཀོ

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese