མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་འཁོར་དབང་ཆེན་གོ་སྒྲིག་ཚ་ཚ་འུར་འུར་གྱིས་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པའི་གནས་མཆོག་རྡོ་རྗེ་གདན་དུ། ཐེངས་འདིའི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་མཆོག་ལ། ད་ལྟའི་གོ་སྒྲིག་གི་གནས་སྟངས་དང་དཀའ་ངལ་གང་འདྲ་འཕྲད་ཀྱི་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ། མི་འགྱང་པར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ པ་གནང་འཆར་ཡོད་པ་དེའི་གོ་སྒྲིག་གི་གནས་བབ་ད་ཆར་གང་འདྲ་ཆགས་ཡོད་མེད་ངོ་སྤྲོད་གཅིག་གནང་རོགས།

ལན། བོད་པའི་གསར་འགོད་པ་ཚོའི་གྲས་ནས་ཁྱེད་ཅག་བོད་ཀྱི་དུས་བབ་འདིར་ཆེད་དུ་ཕེབས་པ་ཐོག་མའི་གྲས་རེད་ཐུགས་སྣང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་ཐེངས་འདིའི་དུས་འཁོར་དབང་ཆེན་ལ་བསྟན་པའི་སྦྱིན་བདག་ཁག་སུམ་ཅུ་སོ་གྲངས་ཤིག་ཡོད་པ་རེད། དེ་དག་ལས་གཙོ་བོ་ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་འདས་པོ་རྡོ་རྗེ་མཁའ་འགྲོ་དམ་པ་དེ་ཉིད་ཀྱི་ནང་མི་རེད། ཁོང་ཚོར་གྲ་སྒྲིག་གནང་མཁན་སྡེ་ཚན་གཅིག་དང་རྣམ་རྒྱལ་གྲྭ་ཚང་ལ་སྡེ་ཚན་གཅིག དགེ་ལྡན་སྨོན་ལམ་ཆེན་མོའི་སྡེ་ཚན་གཅིག་བཅས་སྡེ་ཚན་ ༣ ཐུན་མོང་གིས་ཕྱག་ལས་གནང་གི་ཡོད། ཐེངས་འདིའི་དུས་དབང་དང་བསྟུན་ཏེ་༼ རིས་མེད་སྨོན་ལམ་ཆེན་མོ ༽ ཞིག་འཕར་འཛུགས་གནང་གི་ཡོད། འདི་ལ་ཆོས་བརྒྱུད་ཁག་ཚང་མའི་སྐུ་ཚབ་ཕེབས་ཏེ་གོ་སྒྲིག་ཞུ་བཞིན་ཡོད། སྨོན་ལམ་ཆེན་མོ་དེའི་སྟེང་བོད་པའི་ཆོས་ལུགས་ཆོས་བརྒྱུད་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་རྣམ་པ་དང་རྗེས་འཇུག་སློབ་མ་མཉམ་ཞུགས་གནང་གི་ཡོད། དེའི་མཇུག་ཏུ་ལྷ་སྡེ་མི་སྡེ་ཡོངས་རྫོགས་ཟེར་ན་འདྲ། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་རྗེས་འཇུག་ཐུན་མོང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་རེད། ད་ལྟའི་ཆར་ཕྱོགས་ཡོངས་ནས་གྲ་སྒྲིག་གང་ལ་གང་འཚམ་གྲུབ་ཚར་ཡོད། ཟླ་འདིའི་ཚེས་ ༢༥ ནང་ཚུད་དུ་གོ་སྒྲིག་ཡོངས་སུ་འགྲུབ་ཐུབ་པ་བྱ་རྒྱུ་ཡིན།

 

དྲི་བ། ༧གོང་ས་མཆོག་གིས་ད་བར་དུས་འཁོར་དབང་ཆེན་ཐེངས་ ༣༡ ཙམ་གནང་ཟིན་པ་རེད། ཐེངས་འདིའི་དུས་དབང་ལ་སྐབས་སྔོན་མ་དག་དང་མ་འདྲ་བའི་ཁྱད་ཆོས་དེ་འདྲ་ཡོད་དམ།  

ལན། དུས་འཁོར་དབང་ཆེན་རང་སྟེང་ནས་མ་འདྲ་བ་གང་ཡང་ཡོད་པ་མ་རེད། སྔོན་མ་དག་དང་གཅིག་མཚུངས་རེད། འོན་ཀྱང་ཐེངས་འདིར་དམིགས་བསལ་ཅན་འགའ་ཞིག་ཡོད། དང་པོ། ཐེངས་འདིའི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ནང་དུ་ཆོས་བརྒྱུད་རིས་མེད་གཡུང་དྲུང་བོན་དང་བཅས་པའི་སྐུ་ཚབ་ཕེབས་ཏེ་ཕྱག་ལས་གནང་གི་ཡོད་ལ། ལས་རིམ་དངོས་གཞིའི་སྐབས་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་རིས་མེད་ལྷན་འཛོམས་ཀྱིས་སྨོན་ལམ་ཆེན་མོ་ཞིག་ཚོགས་རྒྱུ་རེད། འདི་ཕལ་ཆེར་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། གཉིས་པ། ༧རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཅུ་བཞིའི་བར་བོད་པའི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ཡོང་བ་རེད། སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་ཕེབས་ཏེ་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་དག་ལ་རྩིས་སྤྲོད་གནང་སྟེ། དགའ་ལྡན་ཕོ་བྲང་གི་ཆོས་ཕྱོགས་ཁོ་ནའི་གདན་ཐོག་ནས་དུས་འཁོར་དབང་ཆེན་གནང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། འདི་ཡང་དམིགས་བསལ་ཞིག་ཡིན་བསམ་ཡོད། གསུམ་པ། ཚེས་ ༡༠ ཉིན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སློབ་མ་ཐུན་མོང་གིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ཏེ་གཟེངས་རྟགས་ཤིག་འབུལ་བཞིན་ཡོད། གཟེངས་རྟགས་འདི་རིས་མེད་ཆོས་བརྒྱུད་ཚང་མའི་ངོས་ནས་༼ ཡོངས་རྫོགས་བསྟན་པའི་བདག་པོར་བསྐྱར་གནོན་གྱི་མངའ་གསོལ་རྟེན་འབྲེལ་མཛད་སྒོ ༽ཞིག་ཆགས་ཀྱི་ཡོད། རྟེན་འབྲེལ་མཛད་སྒོའི་ཐོག་བྷེ་ཧར་(Bihar)མངའ་སྡེ་སྤྱི་ཁྱབ་བློན་ཆེན་(Nitish Kumar)མཆོག་དང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Nabam Tuki)མཆོག དེ་བཞིན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གཞན་ཁག་ཅིག་ཀྱང་ཕེབས་འཆར་ཡོད་པ་རེད།

 

དྲི་བ། རིས་མེད་སྨོན་ལམ་ཆེན་མོ་ཟེར་བ་དེར་ཆོས་ལུགས་ཆོས་བརྒྱུད་ག་ཚོད་ཚུད་ཀྱི་ཡོད་པ་དང་། བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་སུ་དག་ཞབས་སོར་འཁོད་ཀྱི་ཡོད།   

ལན། རིས་མེད་སྨོན་ལམ་ཆེན་མོ་དེ་ཟླ་འདིའི་ཚེས་ ༣༡ ཉིན་ནས་དབུ་འཛུགས་ཀྱིས་ཟླ་རྗེས་མའི་ཚེས་ ༦ ཉིན་བར་ཚོགས་གཏན་འཁེལ་ཡོད། སྨོན་ལམ་ཆེན་མོ་དེའི་ཐོག་རིས་སུ་མ་ཆད་པའི་ཆོས་ལུགས་ཆོས་བརྒྱུད་ཁག་ཚང་མ་མཉམ་ཞུགས་གནང་གི་ཡོད་པ་རེད། བོད་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་ཕེབས་ཀྱི་ཡོད། ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་རྙིང་མའི་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། བཀའ་བརྒྱུད་ཀྱི་དཔལ་རྒྱལ་བ་ཀརྨ་མཆོག་དང་སྟག་ལུང་ཞབས་དྲུང་རིན་པོ་ཆེ། བོན་གྱི་སྨན་རི་ཁྲི་འཛིན་རིན་པོ་ཆེ། དགེ་ལུགས་པའི་དགའ་ལྡན་ཁྲི་པ་རིན་པོ་ཆེ་བཅས་ཕེབས་ཀྱི་ཡོད། འབྲི་གུང་ཆེ་ཚང་རིན་པོ་ཆེའི་སྐུ་ཚབ་ཕེབས་ཀྱི་ཡོད་པ་རེད། དེ་མིན། འབྲུག་ཆེན་རིན་པོ་ཆེ་དང་སྟག་ལུང་མ་སྤྲུལ་གཉིས་ཕེབས་ཐུབ་ཀྱི་ཡོད་ས་མ་རེད། ཕྱི་ཚེས་ ༤ ཉིན་༧གོང་ས་མཆོག་གི་བླ་གཟའ་དང་བསྟུན་ཏེ་རྡོར་གདན་མཆོད་རྟེན་ཆེན་མོའི་མདུན་དུ། འཛམ་གླིང་སྤྱི་དང་བྱེ་བྲག་བོད་ནང་བསྟན་སྲིད་མི་རིགས་ཀྱི་སླད་དུ་ཚེ་སྲོག་བཏོར་ཟིན་པ་དག་གི་ཆེད་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་གྲྭ་བཙུན་འདུས་མང་ཡོངས་ནས་མཆོད་འབུལ་འབུམ་ཚོགས་ཤིག་ཚོགས་རྒྱུ་རེད། ཉིན་དེར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཀྱང་དམིགས་བསལ་མཆོད་འབུལ་ཞིག་གནང་རྒྱུ་རེད།

 

དྲི་བ། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ལས་རིམ་ཐོག་མ་གསལ་བསྒྲགས་བྱས་པ་གཞིར་བཟུང་བསྡད་ཡོད་མེད་དང་། གལ་སྲིད་འགྱུར་བ་ཕྱིན་ཡོད་ན་ལས་རིམ་གང་དག་ལ་ཕྱིན་ཡོད་དམ།

ལན། རྩ་བའི་ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ལས་རིམ་ལ་འགྱུར་བ་གཅིག་ཀྱང་ཕྱིན་ཡོད་པ་མ་རེད། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༦ ཉིན་ལ་ང་ཚོས་༧གོང་ས་མཆོག་ལ་དོན་ཚན་ ༩ སྙན་གསེང་ཞུས་ཡོད། དེའི་ཁྲོད་དུས་འཁོར་དབང་ཆེན་གཙོ་བྱས་ཏེ་རིས་མེད་སྨོན་ལམ་ཆེན་མོ་དང་། ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ། ༧གོང་ས་མཆོག་ལ་ཡོངས་རྫོགས་བསྟན་པའི་བདག་པོར་བསྐྱར་གནོན་གྱི་མངའ་གསོལ་རྟེན་འབྲེལ་མཛད་སྒོ་ཞིག་གི་ཐོག་ནས་གཟེངས་རྟགས་སོགས་རེད། ཉིན་རེའི་ལས་རིམ་གྱི་ཐད་ནས་རེ་ཟུང་ཕར་ཚུར་ཕྲན་བུ་འགྱུར་བ་འགྲོ་སྲིད་པ་རེད། སྤྱིར་མི་མང་དང་འབྲེལ་བའི་ཉིན་རེའི་མཛད་རིམ་ཕལ་ཆེ་བ་ཉིན་རྒྱབ་རེད། ཕྱི་ཟླ་ ༡༢ ཚེས་ ༣༡ ནས་ཟླ་ ༡ ཚེས་ ༢ བཅས་སུ་ཞོགས་པ་ཆུ་ཚོད་ ༦ ནས་དབུ་འཛུགས་ཀྱིས་ཕྱི་དྲོའི་ཆུ་ཚོད་ ༢ བར་དཀྱིལ་འཁོར་གྱི་ས་ཆོག་གནང་དགོས་པ་རེད།  ཚེས་ ༣ ། ༤ ། ༥ བཅས་སུ་ཞོགས་པའི་ཆུ་ཚོད་ ༦ པ་ནས་ཉིན་གུང་ཆུ་ཚོད་ ༡༡ བར་༧གོང་ས་མཆོག་གིས་དཀྱིལ་འཁོར་གྱི་བསྒྲུབ་བཞག་གནང་དགོས་པ་རེད། ཉིན་རྒྱབ་སྔོན་འགྲོའི་བཀའ་ཆོས་རེད། ཕྱི་ཚེས་ ༦ ཉིན་ཆོས་གར་དང་། ཚེས་ ༧ ཉིན་སྟ་གོན། ཚེས་ ༨ ། ༩ བཅས་ཀྱི་ཉིན་རྒྱབ་དུས་འཁོར་གྱི་བཀའ་དབང་དངོས་གཞི་རེད།

 

དྲི་བ། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཐེངས་འདིར་ཆོས་ཞུ་བ་ག་ཚོད་ཅིག་འཛོམ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། མངའ་སྡེ་གཞུང་དང་ས་གནས་མི་མང་གི་ངོས་ནས་མཐུན་འགྱུར་གནང་སྟངས་ག་འདྲ་འདུག་གམ།  

ལན། ད་ལྟའི་ཆར་ཆོས་ཞུ་བ་འབུམ་གཉིས་ ༢༠༠༠༠༠ ཙམ་འཛོམ་རྒྱུ་རེད་བསམ་གྱི་ཡོད། ད་ལོའི་ཕྱི་ཟླ་ ༧ པའི་ནང་༧གོང་ས་མཆོག་གིས་ཨ་རིར་དུས་འཁོར་དབང་ཆེན་གནང་སྐབས། ཕྱི་རྒྱལ་ཁག་ནས་ཕེབས་མ་ཐུབ་ན་ཨུ་ཚུགས་མ་བསྐྱོན་རོགས། ད་ལོར་རྡོ་རྗེ་གདན་དུ་ཡོང་ཆོག་གི་རེད་གསུངས་པ་དེ་ལ་གཞི་བཞག་སྟེ་མང་པོ་ཞིག་ཕེབས་ཀྱི་ཡོད་ས་རེད། དེ་བཞིན་བོད་ནང་དང་ཨ་རུ་ན་ཅལ་ཕྱོགས་ནས་ཆོས་ཞུ་བ་ཕོན་ཆེན་པོ་ཞེ་དྲག་ཡོང་གི་ཡོད་ས་རེད། འདི་ག་ས་གནས་མངའ་སྡེ་བློན་ཆེན་དང་ང་ཚོ་ཐེངས་ཁ་ཤས་ཐུག་རྒྱུ་བྱུང་། སྐབས་དེར་ཁོང་གིས་དུས་འཁོར་དབང་ཆེན་ལམ་ལྷོངས་འབྱུང་ཆེད་ཆུ་དང་གློག་གི་མཐུན་རྐྱེན་དང་། མི་མང་ཡར་མར་ཕེབས་སྐྱོད་ཀྱི་ཆ་རྐྱེན་ཆ་ཚང་གཞུང་འབྲེལ་ཐོག་ནས་འགན་ལེན་གནང་གི་ཡིན་གསུངས་སོང་། དེ་བཞིན་ས་གནས་གྷ་ཡཱའི་བློན་ཆེན་གྱིས་ཀྱང་ང་ཚོ་ལ་ཐུན་འགྱུར་གང་ཐུབ་ཞུ་བཞིན་ཡོད།

 

དྲི་བ། གསུང་ཆོས་ར་བ་དང་ཆོས་ཞུ་བའི་སྡོད་གུར་གཉིས་ཅུང་བར་ཐག་རིང་པོ་ཆགས་ཡོད་པ་དེ་ག་རེ་ཡིན་ནམ།  

ལན། གསུང་ཆོས་ར་བ་དང་ཆོས་ཞུ་བའི་བཞུགས་ཡུལ་སྡོད་གུར་བར་སྤྱི་ལེ་ ༣ མ་ཟིན་ཙམ་ཞིག་འདུག ཐོག་མའི་ང་ཚོའི་གྲ་སྒྲིག་སྐབས་གསུང་ཆོས་ར་བ་དང་བར་ཐག་ཉེ་བའི་ཆུ་བོ་ནཱ་རན་ཛ་རཱའི་འགྲམ་རྒྱུད་ཀྱི་ས་ཆ་ཞུས་པ་རེད། ཤཀྱཱ་མི་ནེའི་རྒྱབ་ལོགས་ཀྱི་མི་སྒེར་བའི་ས་ཆ་སྐྱབས་འཇུག་ཞུས་ཀྱང་། གུར་ཧ་ཅང་མང་པོ་ཞིག་རྒྱག་དགོས་དུས་ས་ཆ་དེ་དག་གིས་འདང་གི་མི་འདུག གྲོང་འཁྱེར་འདིའི་མཐའ་འཁོར་གྱི་ཞང་ཁ་དག་ལ་འབྲས་དང་གྲོ་འདེབས་པའི་བར་མཚམས་སུ་འཁེལ་ཡོད་པ་རེད། ཁོང་ཚོའི་འབྲུ་རིགས་ཀྱི་རིན་འབབ་ང་ཚོས་སྤྲད་ཆོག་ཀྱང་། ཞིང་ཁ་རེ་རེའི་བར་མཚམས་སྲེ་ཉན་གྱི་མི་འདུག དེར་བརྟེན་རྡོ་རྗེ་གདན་ཉེ་འཁོར་ནས་ས་ཆ་རག་ཡོད་པ་མ་རེད། མཐའ་མར་ད་ལྟ་སྡོད་གུར་བརྒྱབ་ཡོད་པའི་མཱ་གྷ་ངྷི་(Magadh University)ཟེར་བའི་ས་ཆ་དེ་བདམས་པ་རེད། སྤྱིར་ས་ཆ་དེ་ཧ་ཅང་རྒྱ་ཆེན་པོ་ཡོད་ཀྱང་། གུར་བརྒྱབ་ནས་ཡོང་དུས་ས་ཆ་དེར་ཡང་ཤོང་གི་མི་འདུག ཨ་རུ་ན་ཅལ་ཕྱོགས་ནས་ཕེབས་མཁན་ཚོར་ཀརྨ་པ་དགོན་པའི་ཉེ་འགྲམ་དུ་གུར་ ༤༥༠ ལྷག་བརྒྱབ་ཡོད་པ་རེད། ཕྱི་རྒྱལ་ནས་ཕེབས་མཁན་ཚོར་གུར་ཁག་གཉིས་བརྒྱབ་ཡོད། ༧གོང་ས་མཆོག་གི་གསུང་ཆོས་ཕལ་ཆེ་བ་ཉིན་རྒྱབ་ཆགས་ཡོད་སྟབས་ཕར་འགྲོ་ཚུར་འོང་གི་དུས་ཚོད་མ་འདང་བའི་དཀའ་ངལ་ཡོང་གི་མ་རེད་ལ། རྒན་མགོ་དང་ནད་པ་ཚོར་དམིགས་ཏེ་རླངས་འཁོར་ཆེ་བ་བཅུ་གྲངས་ཤིག་ཀྱང་གོ་སྒྲིག་ཞུ་དགོས་བསམ་ཡོད།

 

དྲི་བ། སྡོད་གུར་མང་ཆེ་བ་དེ་སྔ་ནས་མངགས་ཚར་ཡོད་པའི་སྐད་ཆ་འདུག ད་དུང་ཆོས་ཞུ་བའི་གྲངས་འབོར་ཉིན་རེ་བཞིན་འཕེལ་གྱི་ཡོད་སྟབས་སྡོད་གུར་གྱིས་མ་འདང་བའི་དཀའ་ངལ་འཕྲད་སྲིད་དམ།   

ལན། ད་ལོའི་ཕྱི་ཟླ་ ༡༠ པའི་ནང་ལ་ང་ཚོས་གུར་ ༢༠༠༠ ལྷག་ཅིག་གྲ་སྒྲིག་གིས་མི་མང་ལ་སྔོན་མངགས་གསལ་བསྒྲགས་བསྐྱངས་པ་རེད། རིམ་བཞིན་ཇེ་མང་དུ་ཕྱིན་ཏེ་རྗེས་སུ་གུར་ ༣༠༠༠ ཙམ་ལ་སྤར་དགོས་བྱུང་བ་རེད། ཡིན་ནའང་ད་སྔ་གུར་ག་ཚོད་བརྒྱབ་ཡོད་པ་ཚང་མ་མངགས་ཚར་འདུག ད་དུང་མི་མང་པོ་ཞིག་ལ་གུར་མ་འདང་བ་ཡོང་གི་ཡོད་པ་དངོས་ཡོད་རེད། ང་ཚོས་ཀྱང་ད་དུང་མུ་མཐུད་དུ་གུར་རྒྱག་བཞིན་པ་ཡིན། ད་ལྟ་ཧ་ལམ་གུར་ ༤༠༠༠ ལས་བརྒལ་འགྲོ་བཞིན་ཡོད་པ་རེད། གསང་སྤྱོད་འཁྲུས་ཁང་དང་། ཆུ་གློག་སོགས་བཟོ་བཞིན་པ་རེད། ཕྱི་ཚེས་ ༢༥ ཉིན་བར་གྲ་སྒྲིག་ཡོངས་རྫོགས་ཚར་བ་བྱས་ཏེ་མི་མང་ལ་གུར་སྤྲོད་ཐུབ་པ་བྱ་དགོས་པ་རེད། སྡོད་གུར་སྔོན་མངགས་བྱས་ཡོད་པ་ཡོངས་རྫོགས་ཕྱི་ཚེས་ ༢༥ བར་སྒྲིག་ཨང་གསར་བྱས་རྗེས། དེའི་རྗེས་ལ་སྐབས་བསྟུན་གྱིས་གུར་རྒྱག་རྒྱུ་ཡིན་ལ། ད་དུང་ཉུང་མཐར་ཡང་གུར་བརྒྱ་གཉིས་བརྒྱ་ཞིག་རྒྱག་དགོས་ས་རེད།

 

དྲི་བ། སྡོད་གུར་མང་ཆེ་བ་བརྒྱབ་ཟིན་ཡོད་ཀྱང་མི་མང་ལ་མ་སྤྲད་པའི་དབང་གིས། ཆོས་ཞུ་བ་མང་པོ་ཞིག་སྔ་ས་ནས་འབྱོར་ཏེ། རྡོར་གདན་ཉེ་འཁོར་གྱི་མགྲོན་ཁང་དང་ཡུལ་མིའི་ཁང་པ་སོགས་ལ་རིན་གོང་མཐོན་པོ་སྤྲད་དེ་སྡོད་དགོས་པ་ཆགས་ཀྱི་ཡོད་པ་དེ་གང་འདྲ་རེད་དམ།  

ལན། ང་ཚོ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ལ་གུར་ཡོད་པ་མ་རེད། ཕྱི་ལོགས་ནས་གླ་དགོས་པ་རེད། ཉིན་གྲངས་རྒྱས་བཅད་ཀྱིས་གུར་གླ་སྤྲོད་དགོས་ཀྱི་ཡོད་དུས། ཟླ་འདིའི་ཚེས་ ༢༨ ནས་ཟླ་རྗེས་མའི་ཚེས་ ༡༤ བར་གུར་རེར་ཧིན་སྒོར་ ༣༥༠༠ ཆགས་ཀྱི་ཡོད་པ་རེད། འོན་ཀྱང་ང་ཚོས་འབོད་སྐུལ་ཞུས་ཏེ་ཚེས་ ༢༥ ནས་གཏོང་རྒྱུ་བྱས་པ་རེད། ང་ཚོས་ཐོག་མ་གུར་སྔོན་མངགས་བྱེད་དུས་ནས་ཟླ་ ༡༢ པའི་ཚེས་ ༢༥ བར་གཏོང་རྒྱུ་མིན་པ་ཡིག་ཆའི་ཐོག་གསལ་བོར་བཀོད་ཡོད། ང་ཚོས་ཚེས་བཅུ་བཅོ་ལྔ་ནས་མི་མང་ལ་གུར་བཏང་བ་ཡིན་ན་གུར་གླ་ཕོན་ཆེན་པོ་འཕར་འགྲོ་བཞིན་ཡོད། མི་མང་པོ་ཞིག་ད་ལྟ་ནས་འབྱོར་ཡོང་གི་ཡོད་སྟབས་སྡོད་ས་མ་རག་པ་དང་། རྒྱ་གར་ཁང་པ་དང་མགྲོན་ཁང་སོགས་ལ་གོང་མཐོན་པོ་སྤྲད་དེ་དཀའ་ངལ་འཕྲད་ཀྱི་ཡོད་པ་ང་ཚོས་མཐོང་གི་ཡོད། ང་ཚོས་ཆོས་ཞུ་བ་ཚོའི་དཀའ་ངལ་ལ་བལྟས་ཏེ་གསུང་ཆོས་ར་བའི་གཡས་གཡོན་དུ་འཕྲལ་སེལ་གྱིས་སྡོད་ས་གྲ་སྒྲིག་ཞུ་ཐུབ་མིན་ཐོག་གོ་བསྡུར་བཞིན་ཡོད།

 

དྲི་བ། མི་མང་གི་འཕྲོད་བསྟེན་དང་བཅའ་དངོས་བདག་ཉར་སོགས་ཆོས་ཞུ་བ་དག་གི་བདེ་འཇགས་ཐོག་གྲ་སྒྲིག་གང་འདྲ་ཡོད་དན།

ལན། འཕྲོད་བསྟེན་ཐོག་ལ་གདན་ས་ཁག་གི་འཕྲོད་བསྟེན་སྨན་ཁང་མང་ཆེ་བ་ཕེབས་ཀྱི་ཡོད་པ་རེད། དེ་བཞིན་ངྷ་རམ་ས་ལའི་སྨན་རྩིས་ཁང་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སོགས་ཕེབས་ཀྱི་ཡོད། དེ་བཞིན་རྒྱ་གར་གཞུང་ངོས་ནས་ཀྱང་ཆོས་ཞུ་བ་ཚོར་ཆེད་དུ་འཕྲོད་བསྟེན་སྨན་ཁང་ཞིག་འཛུགས་བཞིན་ཡོད་པ་རེད། བདེ་འཇགས་སྲུང་སྐྱོབ་ཐད་ནས་ཀྱང་གསུང་ཆོས་ར་བ་དང་ཆོས་ཞུ་བའི་སྡོད་གུར། དེ་བཞིན་འགྲུལ་ལམ་སོགས་སུ་རྒྱ་གར་གཞུང་གི་ཉེན་རྟོག་པ་འགྲེམས་འཇོག་དང་། ང་ཚོ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཀྱང་དམིགས་བསལ་གྱིས་དང་བླངས་ཞབས་ཞུ་བ་ ༡༠༠ ལྷག་གོ་སྒྲིག་ཞུས་ཡོད། ཆོས་ཞུ་བའི་སྡོད་གུར་ཡོད་སར་དང་བླངས་པ་ ༤༠ ལྷག་ཆེད་འཛུགས་བྱ་འཆར་ཡོད་ལ། ཡར་མར་འགྲུལ་སྐྱོད་རླངས་འཁོར་ནང་དུའང་ལས་ཀ་བྱེད་མཁན་གོ་སྒྲིག་ཡོད། ཆོས་ཞུ་བ་ཚོའི་དངུལ་དངོས་གལ་ཆེན་རིགས་ཆེད་དུ་ཉར་ས་གོ་སྒྲིག་ཞུས་ཡོད།

 

དྲི་བ། ཐེངས་འདིར་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་སྐུ་ཕྱྭའི་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཐད། མངའ་སྡེ་གཞུང་དང་གོ་སྒྲིག་ཚོགས་ཆུང་ལ་འགན་ལེན་ཁག་འཁུར་ག་འདྲ་ཡོད་དམ།

ལན། སྔོན་མ་ཐེངས་གཅིག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གོ་སྒྲིག་སྐབས། ༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་བདེ་མིན་གྱི་དབང་གིས་ཕྱིར་འཐེན་བྱ་དགོས་བྱུང་བ་རེད། ད་རེབ་དེ་འདྲ་མི་འབྱུང་བའི་ཡིད་ཆེས་དང་གྲ་སྒྲིག་གཉིས་ཀ་ཡོད། ཐོག་མ་ང་ཚོས་༧གོང་ས་མཆོག་ལ་སྙན་གསེང་ཞུས་པའི་དོན་ཚན་མཐའ་མ་དེར་ཐེངས་འདིའི་དུས་དབང་ལ་ཞབས་རིམ་ག་རེ་བསྒྲུབ་དགོས་པ་སྐུ་མདུན་རང་གིས་ཡེ་ཤེས་དབྱིངས་བྱེད་གནང་རོགས་ཞེས་ཞུས་པ་ཡིན། སྐབས་དེར་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་དམིགས་བསལ་ཞབས་བརྟན་དགོས་ཀྱི་མི་འདུག དུས་འཁོར་གྱི་སྔགས་ཅུང་ཙམ་གསོག་རོགས། གལ་སྲིད་རྗེས་མ་དེ་འདྲ་དགོས་པ་བྱུང་ན་ངས་ཐུགས་དམ་གནང་སྟེ་ལན་སྤྲད་ཆོག་གསུངས་སོང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གདན་ས་གསུམ་དང་ཆོས་བརྒྱུད་རིས་མེད་ལ་ཞབས་རིམ་ཞིག་བསྒྲིབས་པ་ཡིན་ལ། རྗེས་སུ་ཡང་བསྐྱར་སྐུ་སྒེར་དྲུང་ཆེ་བརྒྱུད་དེ་གནས་ཆུང་ལ་ཐུགས་དམ་ལུང་བསྟན་ཞུ་དགོས་མིན་ཞུས་སྐབས། རྗེས་སུ་ལྷ་མོའི་བསྐང་གསོལ་ཁྲི་ཚར་དང་མགོན་པོའི་བསྐང་གསོལ་ཁྲ་ཚར་བསག་དགོས་པའི་བཀའ་བརྒྱ་ཕེབས་སོང་། དེ་དག་ཡོངས་རྫོགས་ཟིན་པ་ཡིན། དེ་བཞིན་སྐུའི་སྲུང་སྐྱོབ་ཐད་ནས་ཀྱང་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ངོས་ནས་འགན་ཆེན་པོ་འཁྱེར་གྱི་ཡོད་ལ། བོད་གཞུང་བདེ་སྲུང་ལས་ཁུངས་དང་ང་ཚོ་གོ་སྒྲིག་ཚོགས་ཆུང་བཅས་ནས་གང་ཐུབ་ཀྱིས་དོ་ནན་ཞིབ་ཚགས་གནང་ཡོད་པ་རེད། དེར་བརྟེན། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་ཐོག་མཐའ་བར་གསུམ་དུ་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་སྐུ་ཕྱྭའི་སྲུང་སྐྱོབ་ཐོག་བགེག་བར་ཆད་ཕྲ་མོ་ཙམ་ཡང་མི་འབྱུང་བའི་ཡིད་ཆེས་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།

མཆན། 9

  1. གྲྭ་རྐྱང་། says:
    ལོ་ 13 སྔོན།

    ད་རེས་གནས་མཆོག་རྡོར་གདན་དུ་རིས་མེད་སྨོན་ལམ་གོ་སྒྲིག་གནངམཁན་གྱིས་ངོས་ནས་ལྷག་བསམ་རྣམ་དག་དང་གོང་ས་མཆོག་གིས་རྟག་ཏུ་རང་ཅག་ལ་བཀའ་སློབ་སྙིང་གི་བདུད་རྩི་གནང་བ་ལག་ལེན་དུ་བསྟར་བ་ཞིག་མ་གཏོགས་གཞན་དམིགས་ཡུལ་གང་ཡང་ཡོད་པ་མ་མཐོང་།་་་་་་ང་རྒྱལ་དང་ཕྲག་དོག་གིས་རྒྱུད་དཀྲུགས་པའི་བླུན་པོ་ཞིག་མ་གཏོགས་དཔྱོད་ལྡན་སུ་ཡིས་བལྟས་ན་དགེ་ལྡན་པའི་མི་སེར་སྤེལ་ལུགས་ཤིག་མིན་པ་ཕྱོགས་གང་ནས་བལྟས་ན་གསལ་པོ་ཡིན།་་་་་་ད་རེས་དེ་ཙམ་མོ།

    Reply
  2. ཆོས་འཕེལ says:
    ལོ་ 13 སྔོན།

    རིས་མེད་སྨོན་ལམ་ཟེར་བ་གང་འདྲ་ཞིག་ལ་ཟེར་གྱི་རེད། སྨོན་ལམ་དེ་ཆེས་གསང་ཆེན་ལྟ་བུར་རེད། གལ་སྲིད་རིས་མེད་ཨམ་དེའི་སྨོན་ལམ་ཞིག་འཚོག་ཀྱི་ཡོད་ན། ཆོས་བརྒྱུད་གཞན་གྱི་གནས་ས་རྣམས་ས་མ་མཐའ་ནས་མགྲོན་ཤོག་ཞིག་འབྱོར་དགོས་ཚོད་རེད་དེ་ད་བར་གོ་ཐོས་གང་ཡང་མ་བྱུང་། སྤྱིར་དོན་མཐུན་གྱི་ཆོས་བརྒྱུད་ཚང་མ་མཉམ་འཛོམ་གྱི་སྨོན་ལམ་ཞིག་འཚོག་ཐུབ་ན་ཧ་ཅང་ལེགས། ཡིན་འང་མི་སེར་སྤེལ་ཐབས་དང་། ཆོས་བརྒྱུད་ཆུང་ཚག་རྣམས་མི་འབོར་ཉུང་ནའང་ཁྱད་གསད་མ་ཤོར་བ་ཕན་ཚུན་དོན་ལྡན་གྱི་གུས་ཞབས་ཀྱི་ཐོགས་ནས་གོ་སྒྲིགས་ཞུ་རོགས། རིས་མེད་ཀྱི་སྨོན་ལམ་ཟེར་བ་དེའི་སྦྱིན་བདག་སུ་ཡིན་ནམ། གལ་སྲིད་ཆོས་རིགས་ལས་ཁུང་གིས་སྔོན་དུས་ལྟར་སྦྱིན་བདག་གནང་པ་ཡིན་ན། འབྱོར་བ་དང་མི་འབོར་ཞི་དྲག་མེད་པའི་ཇོ་ནང་སྨོན་ལམ་ལྟ་བུ་ལ་རིས་མེད་སྨོན་ལམ་ཟེར་བཏགས་ན། ཕྱོགས་རིས་ཀྱིས་ཁོངས་ཀྲན་ཆགས་པའི་དགའ་ལྡན་སྨོན་ལམ་ལ་རིས་མེད་སྨོན་ལམ་ཟེར་མཚན་འདོགས་བྱས་པ་ལས་ཀྱང་དོན་དང་མཐུན། སྤྱིར་གོར་ས་མཆོག་གིས་དགའ་ལྡན་པའི་བླ་དགེ་རྣམས་ཀྱིས་ཆོས་བརྒྱུད་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཚུལ་ཕྱོགས་ཙམ་མཁྱེན་ཀྱི་མེད།

    Reply
  3. ཤར་མདའ། says:
    ལོ་ 13 སྔོན།

    དོན་དམ་དགེ་འདུག་པ་ཟེར་པ་འདི་འདྲ་ཞིག་དགོས་པ་རེད་མི་མང་གི་ཆེད་དུ་ཕྱག་ལས་འདི་ལྟ་བུ་གནང་པ་ནི་ངོ་མ་རིན་ཐང་མེད་པ་ཞིག་རེད།  མ་ཟད་ད་སྐབས་བླ་མ་དང་གྲྭ་པ་ཚོ་སྤྱི་ཚོགས་དང་མི་མང་གི་ཁྲག་འཇུབ་མཁན་ཟེར་པ་སོགས་གྲྭ་པ་དང་བླ་སྤྲུལ་ཚོ་ལ་ལྟ་སྟངས་ཞིག་ཡོད་པ་སོགས་སེལ་ནེ་ཕན་ངེས་ཡིན་པས་འདི་ལྟ་བོད་ནས་ཕེབས་མཁན་དང་བོད་མི་ཚོ་དབང་ལ་འབྱོར་སྐབས་དཀའ་ངལ་སེལ་ཐུབ་གནང་པ་ཧ་ཅིང་ཡག་པོ་འདུག་དེ་བཞིན་ཐུགས་རྗེ་ཆེ་ཞུ།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    བཅར་འདྲི་འདི་ལྟ་བུ་ནི་དུས་ཐོག་ཆར་བ་རེད། དེང་སང་ལག་ཁྱེར་ཁ་པར་མང་ཆེ་བའི་ནང་དུ་བོད་ཡིག་ཡོད་པས་དུས་བབ་གཙོས་དྲ་རྒྱ་དག་གི་མཛད་འཕྲིན་རྒྱས་བཞིན་པའི་སྒང་རེད། དེ་རིང་གི་ཁྱོའི་གསར་འགྱུར་འདི་ལ་རེ་སྒུག་བཤད་མཁན་གྱི་མི་བུ་ག་ཚོད་ཅིག་ཡོད་རྒྱུ་རེད། འདི་ལྟར་སྤྱི་ཚོགས་ཀྱི་སེམས་ཁམས་ལ་བསྟུན་ནས་གསར་འགྱུར་སྤེལ་ན་སེམས་དགའ་གི རང་གཞན་གཉིས་ཕན་རེད། བཅར་འདྲི་བྱེད་སའི་རྒན་ལགས་ཀྱིས་གསུངས་པ་ལྟར་བོད་ཀྱིས་གསར་འགོད་པ་ཞིག་གིས་དུས་དབང་སྐོར་ལ་བཅར་འདྲི་བྱས་པ་ཁྱེད་རང་ཐོག་མ་རེད་ཅེས་པ་དེ་ཡང་ཞིབ་ཏུ་བསམ་ན་བརྡ་ཞིག་རེད་ལ། དེ་ལས་རྒྱ་ཆེ་རུ་བཏང་ན་བོད་ཀྱི་གསར་འགོད་པ་ཚོས་འགན་འཁྲི་དང་ལེན་བྱས་མེད་པ་དང་། ཡང་ན་གནད་འགག་ཅན་གྱི་གསར་འགྱུར་ལ་ལྟ་ཤེས་ཀྱིན་མེད་པ་འདྲ། གང་ལྟར་ཁྱེད་ཀྱིས་འཇོན་འདུག་པས་དགའ་ཡོད། གོ་སྒྲིག་ཚོགས་ཆུང་གིས་ངོས་ནས་ཧ་ལས་པའི་གོ་སྒྲིག་གནང་ཡོད་པ་འདྲ་བས་དགའ་ཡོད།
    ཁྱེད་ཀྱིས་གནས་ཁྱད་པར་པ་རྡོ་གདན་ནས་འདི་དང་ལྟ་བུའི་གསར་འགྱུར་གང་མང་ཞིག་སྤེལ་བར་ཡིད་ཆེས་དང་རེ་བས་སྒུག་ཡོད།

    Reply
  5. བཀྲ་ཤིས་སྒྲོལ་མ། says:
    ལོ་ 13 སྔོན།

    གསར་འགོད་པ་དང་རྩོམ་སྒྲིག་པ་གཅིག་ལྕོག་སྐུ་ཞབས་དོན་བཀྲ་ལགས་ལ་ཐུགས་རྗེ་ཆེ། དོན་གནད་འདུས་ཤིང་ཉོག་བཤད་མེད་པའི་བཅར་འདྲི་ཞིག་བྱས་འདུག

    Reply
  6. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    བཅར་འདྲི་ཡག་པོ་བྱས་འདུག བོད་ནང་གི་དེ་ཚོ་ལ་སྣེ་ལེན་གང་ལེགས་རེ་བྱ་རྒྱུ་གལ་ནང་གི་དོན་ཆེན་རེད། སྤྱིར་ན་ལས་པ་རེད།

    Reply
  7. མྱི་ནག་ཚང་། says:
    ལོ་ 13 སྔོན།

    བསམ་ཚུལ་བཤད་པ་ཡག་པོ་རེད། གྲ་སྒྲིག་ཀྱང་ལེགས་པོ་ཡོད་ས་རེད། ལན་རེ་འབྱོར་མདོག་ཁ་པོ་རེད།

    ༡༩༩༧ ལོར་ཤིརི་ཀོ་རི་ནས་དུས་འཁོར་དབང་ཆེན་གནང་དུས་ངས་བག་ལེབ་བཙོང་བ་ཡིན། ཐེངས་ཤིག་ངས་བག་ལེབ་བཙོང་བས་ཕྱིར་ཡོང་སྐབས་ངའི་རོགས་པ་ཞིག་གིས་བག་ལེབ་སླེ་བོའི་ནང་ལ་ཁུར། ཁོ་རང་གཉིད་ཁུག་ནས་འགྲོ་གི་འདུག ཨ་རོགས་ཨ་རོགས་ཞེས་སྐད་བརྒྱབ་དུས་ཁོ་གཉིད་ལས་སད་བྱུང་། དེ་ནས་སེམས་ཆུང་བྱོས། སྡུག་རུས་བྱོས་ལབ་རྗེས་ལབ་རྗེས་ཁོ་ཕྱིན་ཏེ་བག་ལེབ་བཙོང་ནས་ཕྱིར་བསླེབས་བྱུང་།
    དེང་སྐབས་ནི་འདུག་ས་དང་ཟ་ས། འགྲོ་ས། གཙང་སྤྱོད་དང་བཅས་པ་གྲ་སྒྲིག་ཁྲ་གྲིག་གེར་དགོས་ཀྱི་ཡོད་པ་རེད། སུ་ཞིག་གི་དྲིན་ཆེན་ཕེབས་གིན་ཡོད་པའི་བཟོ་འདྲ་ཞིག་འདུག དུས་ཀྱི་འགྱུར་བ་མིན་འགྲོ།

    Reply
  8. མཚོ་པདྨ། says:
    ལོ་ 13 སྔོན།

    སྤྱིར་ད་ལྟ་བར་དུ་དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་བྱེད་ཚུལ་གྱི་སྐོར་ཨ་རི་རླུང་འཕྲིན་ཁང་ལ་སོགས་པས་ཕྱོགས་ཡོངས་ནས་བཅར་འདྲི་མང་པོ་ཞེའུ་བྱས་ཡོད་ལ་མི་མང་གི་དོགས་པ་རྣམ་རྟོག་མང་པོ་ཡང་དེའི་བརྒྱུད་ནས་གསལ་ཁ་བྱུང་ཡོད། བོད་ཀྱི་དུས་བབ་ཀྱི་གཙོས་ཚང་མར་ཐུགས་རྗེ་ཆེ་ཞུ།
    ཡིན་ནའང་། མི་མང་གི་ཞལ་ལག་ཇི་ལྟར་བཟོ་དགོས་མིན་གྱི་གྲ་སྒྲིག་སྐོར་སུས་ཀྱང་བཅར་འདྲི་ཞུས་པ་བྱུང་མིན་སོང་བསམ་པ་འབྱུང་།
    དུས་འཁོར་གྲ་སྒྲིག་ཚོགས་ཆུང་གིས་ཁུར་སྡེ་སོ་སོར་ COMMON KITCHEN རེ་རེ་གྲ་སྒྲིག་བྱེད་པ་དེ་སྤྱི་ཐབས་ཀྱི་ཚུལ་ཡིན་ནམ་ཡང་ན་ཁུར་སྡེ་གཅིག་གི་ནང་མི་སོ་སོས་ཞལ་ལག་བཟོ་ས་ཐབ་དང་གཻ་སི་སོགས་ཡོད་པའི་གནས་ཤིག་ཡིན། དངོས་ཡོད་གནས་ཚུལ་གང་ཡིན་པ་ཤེས་པ་ཅིག་གིས་ལན་གནང་ན་བསྔགས་བརྗོད་ཡོད།

    Reply
  9. མྱི་ནག་ཚང་། says:
    ལོ་ 13 སྔོན།

    གསར་འགྱུར་འདི་བཀླགས་ན་བདེ་སྐྱིད་ཅིག་ངང་གིས་ཡོང་གི་འདུག དོན་བཀྲ་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese