ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་བློ་རིས་ཚང་གི་བུ་ཚེ་རིང་ལ། རྔ་པ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་བློ་རིས་ཚང་གི་བུ་ཚེ་རིང་ལ། རྔ་པ་རྫོང་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། མི་འགྱངས་བར་ས་གནས་གཞན་དུ་སྐྱེལ་རྒྱུ་ཡིན་འདུག
ཕ་བློ་རིས་དང་མ་ཆོས་སྐྱོང་གཉིས་ཀྱི་བུ་ཚེ་རིང་ལགས་ནི་ད་ལྟ་རང་ལོ་ ༢༦ ཡིན་པ་དང་། ཁོང་ཆུང་དུས་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ཕྱི་ལོ་ ༢༠༠༧ ཙམ་ལ་གྲྭ་པ་ལོགས་རྗེས་འབྲོག་སར་ནང་མི་དང་མཉམ་དུ་བསྡད་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་གཅའ་ཞང་ཐོག་ཏུ་བྱུང་བའི་ངོ་རྒོལ་སྐད་འབོད་ནང་མཉམ་ཞུགས་བྱས་པའི་རྗེས། རྒྱ་གཞུང་གི་བདའ་འདེད་འཇུ་བཟུང་ལ་གཡོལ་ཆེད་བྲོས་བྱོལ་བྱས་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༤ ཡས་མས་བར་བྲོས་ཡིབ་བྱེད་ཐུབ་པ་བྱུང་ཡོད་ཀྱང་། རྗེས་སུ་རྔ་པ་རྫོང་ཐོག་གི་ཟ་ཁང་ཞིག་ནས་འཛིན་བཟུང་གིས། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ བར་ཐག་གཅོད་གང་ཡང་མ་བྱས་པར་རྔ་པ་རྫོང་གི་བཀག་ཉར་ཁང་སོགས་སུ་བཀག་ཉར་བྱས་ཡོད་འདུག ཁོང་བྲོས་བྱོལ་བྱས་པའི་དུས་ཡུན་རིང་རྒྱ་གཞུང་གིས་གཅའ་ཞང་ཐོག་གི་ངོ་རྒོལ་གྱི་སྣེ་ཁྲིད་པ་དང་ཉེས་ཅན་གཏེ་བོ་ཡིན་སྐོར་བརྗོད་དེ། ་འབྲེལ་ཡོད་ཀྱི་ས་གནས་མང་པོར་རྩད་གཅོད་རིམ་པར་བྱས་ཡོད་འདུག