མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོར་གདན་དུས་དབང་དང་ཞབས་ཞུའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp


ཉིན་ལྟར་
གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་ཁྲི་ཕྲག་མང་པོ་འཛོམ་བཞིན་ཡོད་ཅིང་། བོད་ནས་ཕེབས་མཁན་མང་པོ་ཞིག་གིས་སྐད་མ་གོ་བ་དང་། འགྲོ་ལམ་མ་ཤེས་པ་བཅས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཅིང་། གཞོན་ནུའི་དང་བླངས་ཞབས་ཞུ་བ་རྣམས་ཀྱང་དུས་ཐོག་ཏུ་འཛོམ་མིན་དང་མི་འབོར་གྱི་འདང་མིན་སོགས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་འདུག

སྤྱི་ནོར་༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་ནས་ཟླ་རྗེས་མའི་ཚེས་ ༡༠ ཉིན་བར། རྒྱ་གར་གྱི་ནང་པའི་གནས་ཆེན་བཞིའི་ཡ་གྱལ་སྟོན་པ་ཐུབ་པའི་དབང་བོ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ པ་སྩོལ་ལ་ཉེ་བའི་སྐབས་འདིར། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་གཙོས་འཛམ་གླིང་ཡུལ་ལུང་ཁག་གི་མི་རིགས་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་ཁྲི་ཕྲག་མང་པོ་ཉིན་མཚན་སྦྲེལ་ཏེ་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་བཞིན་འདུག

རྒྱ་གར་གྲོང་ཁྱེར་ཆེ་ཁག་གི་མེ་འཁོར་དང་རླངས་འཁོར་འབབ་ཚིགས་ཁག་ཏུ་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོས་སྐད་མ་ཤེས་པ་དང་། ཡུལ་མིའི་འགྲོ་ལུགས་མ་ཤེས་པ་སོགས་ཀྱི་དབང་གིས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་མ་ཟད། གནས་མཆོག་རྡོ་རྗེ་གདན་དུ་འབྱོར་རྗེས་ཀྱང་དངུལ་དངོས་བོར་བརླག་དང་། ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་ཀྱིས་བོད་མི་ཚོར་རིན་འབབ་གང་བྱུང་དུ་ལེན་པ། བོད་ནས་ཕེབས་མཁན་ཚོར་ས་ཆུ་མ་འཕྲོད་པར་སྨན་ཁང་དུ་སྡོད་དགོས་པ་སོགས་ཀྱང་གང་འཚམ་འབྱུང་བཞིན་འདུག

ཆོས་ཞུ་བ་མང་པོ་ཞིག་ཕྱི་ཟླ་ ༡༡ པའི་ཟླ་མཇུག་ཙམ་ནས་རྡོ་རྗེ་གདན་དུ་འབྱོར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༠ ཡས་མས་ནས་སྔར་བའི་མང་དུ་ཕྱིན་ཏེ་ཉིན་ལྟར་ཆོས་ཞུ་བ་སྟོང་ཕྲག་མང་པོ་འབྱོར་ཡོད་ཅིང་། དེ་དག་ཁྲོད་ཀྱི་བོད་ནས་ཕེབས་མཁན་མང་པོ་ཞིག་གིས་སྐད་མ་གོ་བ་དང་ལམ་ཁ་ནོར་བ། བཅའ་དངོས་བོར་བརླག རྒྱ་གར་བས་མགོ་སྐོར་གཏོང་བ་སོགས་ཀྱང་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་འདུག དཀའ་ངལ་དེ་དག་འོག་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་བརྒྱུད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་འབོད་སྐུལ་ཞུས་ཏེ། གཞོན་ནུའི་དང་བླངས་ཞབས་ཞུའི་ལས་དོན་མགོ་འཛུགས་དུས་བཅད་སྔ་བསྣུར་གྱིས་ཞབས་ཞུ་བ་གང་མང་མང་ཆོས་ཞུ་བ་ཕེབས་པའི་ས་ཚིགས་ཁག་དང་རྡོ་རྗེ་གདན་གྱི་ས་གནས་ཁག་ཏུ་འགྲེམས་འཇོག་དགོས་ཚུལ་བརྗོད་ཡོད་འདུག

གནས་ཚུལ་འདིའི་སྐོར་རྡོར་གདན་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་བཞིན་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། སྤྱིར་གཞོན་ནུའི་ཐོག་མའི་འཆར་གཞི་ལྟར་ན་ཕྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་དང་བླངས་ཞབས་ཞུའི་ལས་དོན་མགོ་འཛུགས་ཞུ་རྒྱུ་ཡིན་པ་ས་གནས་ཁག་ཏུ་བརྡ་ཁྱབ་བཏང་ཡོད་ཀྱང་། ཉེ་ལམ་ས་ཚིགས་ཁག་ཏུ་དཀའ་ངལ་འཕྲད་ཀྱི་ཡོད་པ་ཐོས་འཕྲལ་དུས་བཅད་སྔ་བསྣུར་གྱིས་ཕྱི་ཚེས་ ༢༢ ཉིན་ལས་དོན་དངོས་སུ་མགོ་འཛུགས་གནང་ཡོད་ཀྱང་། གཞོན་ནུའི་ཚོགས་མི་རྣམས་དུས་ཐོག་ཏུ་འཛོམ་མིན་གྱི་དཀའ་ངལ་འཕྲད་ཡོད་པ་དང་། ད་ཆར་རྡོར་གདན་ས་གནས་གཞོན་ནུའི་དང་བླངས་ཞབས་ཞུ་བ་ ༥༠ ཙམ་གྱིས་ལས་ཀ་མགོ་འཛུགས་བྱས་ཡོད་ཀྱང་། ད་དུང་ས་ཚིགས་ཁག་ཏུ་ཞབས་ཞུ་བའི་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་ཚུལ་དང་། དུས་དབང་དངོས་གཞིའི་སྐབས་སུ་དང་བླངས་པ་ ༡༦༠ ལྷག་གིས་ལས་དོན་བསྒྲུབ་རྩིས་ཡོད་སྐོར་བརྗོད་བྱུང་།

ཚོགས་གཞོན་ལགས་ཀྱིས་བརྗོད་དོན། “ཉེ་ལམ་གྷ་ཡཱ་འབབ་ཚུགས་སུ་གསར་འབྱོར་བ་ཁག་ཅིག་ལ་དཀའ་ངལ་འཕྲད་ཡོད་པ་དངོས་ཡོད་རེད་ལ། ཁག་ཅིག་གིས་ཅ་དངོས་བོར་བརླག་ཏུ་ཕྱིན་ཡོད་པ་རེད། ཡིན་ནའང་། གཞོན་ནུ་ཚོགས་པས་མི་ཚང་མར་ལག་པ་སྙོབ་ཐུབ་ཀྱི་ཡོད་པ་མ་རེད། མི་ཚང་མར་ལག་པ་སྙོབ་རྒྱུ་དེ་གཞུང་ཞིག་ལ་མཚོན་ནའང་ཧ་ཅང་ཁག་པོ་རེད། གང་ལྟར་གཞོན་ནུ་ཚོགས་པའི་ངོས་ནས་གང་ཐུབ་ཞུ་བཞིན་ཡོད། གཞོན་ནུའི་དུས་དབང་སྐབས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ལོ་ ༣༠ གོང་ནས་ཡོང་བའི་ལམ་སྲོལ་ཞིག་ཡིན། གཞོན་ནུར་མིའི་ནུས་ཤུགས་དང་ཉམས་མྱོང་གཉིས་ཀ་ཡོད་དུས། ཚོགས་པ་གཞན་དག་དང་བསྡུར་ན་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་མང་བ་ཡོད། དེའི་ཐོག་ནས་ད་ཐེངས་དུས་དབང་དངོས་གཞིའི་སྐབས་ད་ལྟ་ལས་ཚགས་ཚུད་པ་ཞིག་གནང་ཐུབ་པའི་ཡིད་ཆེས་ཡོད ” ཅེས་བརྗོད།

ཁོང་གིས་མུ་མཐུད་དུ་བརྗོད་དོན། “ད་ཆར་དཀའ་ངལ་ཆེ་ཤོས་དེ་བོད་ནས་ཕེབས་པའི་གསར་འབྱོར་བ་ཚོས་སྐད་མ་ཤེས་པའི་དཀའ་ངལ་རེད། དཀའ་ངལ་དེའི་ཐོག་ནས་ཅ་ལག་ཉོ་འཚོང་དང་འགྲིམ་འགྲུལ། ཅ་དངོས་རྐུ་ལ་ཤོར་བ། ཁང་པ་དུས་ཐོག་མ་རག་པ། གཟུགས་པོ་བདེ་མིན་གྱིས་སྨན་ཁང་དུ་འགྲོ་བ་བཅས་ཀྱི་ཐོག་དཀའ་ངལ་འཕྲད་ཀྱི་འདུག སང་ཉིན་གནངས་ཉིན་ང་ཚོས་གྷ་ཡཱ་འབབ་ཚིགས་སུ་མི་ ༡༥ དང་བོད་གཞུང་སྣེ་ལེན་ཁང་ལ་ནད་གཡོག་དང་སྐད་བསྒྱུར་བཅུ་གྲངས་བཅས་བསྣོན་རྒྱུ་ཡིན་ལ། འདིར་གསལ་བསྒྲགས་ཁང་དང་ཛ་དྲག་ལས་ཁུངས་བཙུགས་ཏེ་དམིགས་བསལ་ཞབས་ཞུ་སྒྲུབ་བཞིན་ཡོད” ཞེས་བརྗོད་བྱུང་།  

གཞན། གཞུང་འབྲེལ་མིན་པའི་ཚོགས་སྡེ་བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དབུ་མའི་ལམ་མི་མང་ལས་འགུལ་ཁང་། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་སོགས་ཀྱིས་ཀྱང་རང་རང་ས་ན་ལས་འགུལ་འདྲ་མིན་སྤེལ་རྒྱུར་སྟ་གོན་ཞུ་བཞིན་འདུག་ཅིང་། དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིར་ཁོང་ཅག་གིས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ཐོག་རྒྱུས་ལོན་དང་བཙན་བྱོལ་བོད་མིའི་གནས་བབ་ངོ་སྤྲོད། བོད་ནང་སྡུག་སྦྱོང་མྱོང་བཞིན་པའི་ཆབ་སྲིད་བཙོན་པའི་སྐོར་གྱི་གཏམ་བརྗོད་འཁྲབ་སྟོན་སོགས་གོ་སྒྲིག་ཞུ་འཆར་ཡོད་ཚུལ་བརྗོད་བྱུང་།  

དབུ་མའི་ལམ་ལས་འགུལ་ཁང་གི་ལས་བྱེད་བློ་བཟང་ཆོས་འབྱོར་ལགས་ཀྱིས་བརྗོད་ན། ཁོང་ཅག་གིས་ཆེད་དུ་བོད་ནས་ཕེབས་མཁན་ཚོར་དམིགས་ཏེ་ཕྱི་ཚེས་ ༢༥ ཉིན་གཏམ་བཤད་ཅིག་གོ་སྒྲིག་ཞུས་ཡོད་འདུག་ལ། ད་དུང་གློག་བརྙན་གཟིགས་འབུལ་དང་རྒྱ་རིགས་ཆོས་ཞུ་བ་ཚོར་དབུ་མའི་ལམ་གྱི་ཡིག་ཆ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག  

གསར་འགོད་པ་དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།

མཆན། 22

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དུས་འཁོར་དབང་མཆེན་གྲ་སྒྲིག་ཚོགས་ཆུང་སྐོར། བོད་གཞུང་དྲྭ་བརྙན་ནང་ལ་འདི་ལྟར་བྲིས་འདུག
    བླ་མ་ང་༼ངག༽དབང་ནོར་བུ་ལགས།
    དུས་འཁོར་དབང་ཆེན་འགོ་༼གོ་༽བསྒྲིགས་༼སྒྲིག་༽ཚོགས་ཆུང་ཀྱི་༼གི་༽ཚོགས་གཙོ།
    ཞེས་བྲིས་འདུག་ལགས། ཧ་ཧ་བོད་ཡིག་དག་ཆ་ང་ལས་སྐྱོ་བ་ཡོད་ཚོད་འདུག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    སྤྱི་ཚོགས་ཞབས་ཞུ་ཚང་མར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ།
    མགོ་སྐོར་གཏོང་མཁན་གྱི་བོད་མི་ཁྲམ་པ་མ་རུངས་པ་དེ་རིགས་གསལ་རྟོགས་བྱུང་མཁན་ཚོས་པར་དང་ལོ་རྒྱུས་བཅས་ཁ་གསལ་མཁོ་འདོན་བྱེད་རོགས། ང་ཚོའི་ཚགས་པར་དང་བརྒྱུད་ལམ་གང་ས་ནས་དེ་དག་ལ་ཐེར་འདོན་ནན་པོ་བྱེད་དགོས། དེ་དག་ངན་པ་ལངས་ཤོར་དུ་སོང་ན་བོད་མིའི་སྤྱི་ཚོགས་ལ་གནོད་པ་ཆེ།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་པའི་ལས་དོན་འགའི་ཐོག་ནོར་འཁྲུལ་ཡོད་སྲིད་པ་ཞིག་རེད། ཡིནའང་། ལས་འགུལ་ཅི་འདྲ་ཞིག་སྤེལ་སྐབས་གཞོན་ནུ་ཚོགས་པ་མེད་ན། རང་རེས་ཅི་འཇོན་མིན་ཀུན་གསལ་རེད།བདག་གིས་རྗེས་སུ་གཞོན་ལྷན་གྱི་ལས་དོན་ལ་རྒྱབ་སྐྱོར་ཅི་དྲག་ཞུའོ།། གཞོན་ནུའི་ཚོགས་མི་ཡོངས་ལ་བཀའ་དྲིན་ཆེ་ཞུའོ། རྗེས་སུ་ཡི་རང་ངོ་། 
    གོང་གི་མཆན་དེ་གཏོང་ས་ནོར་ནས་ཤོར་སོང་། ཀློག་པ་པོ་རྣམས་ལ་དགོངས་དག་ཞུའོ།།

    Reply
  4. ལོག་སྨྲ། says:
    ལོ་ 13 སྔོན།

    མྱི་བསད་དང་དོགས་སྣང་།

    ཁ་སང་སྤྱི་ཚེ་༢༨གྱི་ཉིན་རྒྱབ་ཆུ་ཚོད་༥མཚམས་ཤིག་ལ་མེ་འཁོར་འབབཚིགས་kanyanཟེར་བ་ནས་རྒྱ་ཁར་བ་ཞིག་མེ་འཁོར་འོག་ཏུ་ལྷུང་ནས་འཕོངས་མཚམས་ནས་བཅད་དང་། རྒྱུ་མ་བདོན་པ་སོགས་ཀྱི་འཇིགས་ཡོ་རེར་གྱུར་བའི་གནས་ཚུལ་བྱུང་སྐད་ཁོ་བོའི་གྲོགས་པོ་ཞིག་གིས་ཁ་པར་ནང་ནས་རང་གིས་མིག་མཐོང་ལག་ཟིན་གྱི་མྱོང་ཚོར་དམར་རྗེན་མ་བཤད་སོང་མོད། འོན་ཏེ། ཇི་ལྟར་བསད་པ་དང་བསད་རྒྱེན་ཅི་ཡིན་གྱི་ཐད་ནས་ཁོ་ལའང་རྒྱ་གར་བ་ཚོས་མེ་འཁོར་བསྡད་མ་ཚར་གོང་ལ་འབབ་རྕིས་བྱས་ནས་འབབ་མ་ཐུབ་པར་བར་ནས་ལྷུང་སོང་ནི་རེད་ཟིར་རྒྱུ་ལས་མ་མདས་སོ།།

    ཡང་གནས་ཚུལ་གཞན་ཞིག་ནི་ཉིན་ཁ་ཤས་སྔོན་ལ་ལྷོ་ཕྱོགས་ཀྱི་གྲྭ་བ་ཞིག་མེ་འཁོར་ནང་ནས་བསད་རྒྱེན་བཤད་ཚུལ་འགའ་ཡིན་ཡང་། གྲྭ་བ་ཞིག་འདུས་གྲོང་དུ་སོང་བ་དེའི་དགོན་པ་གང་ཡིན་དང་ཁམས་ཚན་དང་ལུང་ཚན་སོགས་གསལ་པོ་ཡོད་ནའང་ཁོང་ཚོས་བཤད་ཀྱིན་མེད་པ་རྒྱུ་མཚན་ཞིག་ཏུ་རྕིས་ནས་འདིར་མ་བཤད་པ་ཡིན། འོན་ཏེ། གནས་ཚུལ་འདི་ཚང་མ་གཞན་གྱིས་བསམ་ནག་དང་བཙན་གསོད་བྱས་བ་ཞིག་མིན་པར་མི་རང་ཉིད་ཀྱིས་འགྲོ་འདུག་སྤྱོད་གསུམ་ཐད་ནས་གཟབ་གཟབ་བྱེད་གི་མེད་པའི་རྟགས་དང་ཚན་མས་བརྡ་གཏོང་གིན་འདུག་ན་ཚང་མས་ངེས་བར་དུ་མེ་འཁོར་དང་རླབས་འཁོར་ནང་དུ་འགྲོ་སྐབས་ནམ་ཡིན་ཡང་འགྲོ་ཤེས་འདུ་ཤེས་བྱེད་དགོས་བ་དང་བོད་ནས་ཕེབས་པའི་ཆོས་ཞུ་ཚོར་མི་སུ་ཞིག་ཡིན་ནའང་རོགས་བྱེད་དགོས་བ་ཆེས་ཚ་དགོས་གཏུགས་ཤིག་ཏུ་ཆགས་འདུག་སྙམ། རྒྱུ་མཚན། ང་ཚོ་མི་རེ་རེའི་ངོས་ནས་འཁན་དེ་ཏག་ཏག་ཞིག་འཁུར་ཐུབ་སོང་ན་དེ་ནས་གཞོན་ནུ་ཚོགས་པ་གཅིག་པོ་ལ་ལྟ་དགོས་བ་མ་རེད་ལ། གཞོན་ནུས་ནམ་ཡིན་ན་ལྟ་བརྟག་ནན་དན་བྱེད་གི་ཡོད་ནི་རེད། ཡིན་ན་ཡང་། ཚོགས་གཙོས་༼ གཞོན་ནུའི་ལག་པས་ཡོངས་རྗོགས་ཟིན་ནི་མ་རེད་༽ཟེར་བའི་སྐད་ཆ་དེ་དངོས་གནས་བདེན་ལུགག་ཅན་གྱི་དྲང་གཏན་ཞིག་རེད། གང་ལྟར་ཉིནབཅུ་གཅིག་བཅུ་གཉིས་ཤིག་གི་རང་ལ་ང་ཚོས་སུ་ལའང་རོགས་བྱེད་དགོས་ན་ཧ་ཅང་གི་དཀའ་ངལ་ཆེ་མེད་པས་ཚང་མས་རེམ་རོགས་ཞུ། གནས་ཚུལ་འདི་ནི་ཁོ་བོས་ཅུང་ཕན་རེ་བཅངས་ནས་མེ་འཁོར་ནང་འགྲོ་བཞིན་བྲིས་པ་ཞིག་ཡིན་པས་ཆད་ལྷ་དང་ནོར་བ་མང་པས་དགོངས་འགལ་མེད་པར་ཞུ།

    Reply
  5. ནད་པ says:
    ལོ་ 13 སྔོན།

    ཉེ་འཆར་བོད་ནས་ཕེབས་པའི་མི་འགར་དང་མཉམ་དུ་གླེང་མོལ་ཅུང་ཤད་བྱུང་རྗེས་ཁོང་ཚོས་ང་ཚོ་སེམས་ཕྲལ་བྱེད་དགོས་མ་བྱུང་། གང་ཡིན་ཟེར་ན་སྐེ་ལ་ལས་རྟགས་བཏགས་མཁན་གཞོན་ནུ་རེད་ཟེར་བའི་མི་དེ་ཚོས་རོགས་རམ་ཧ་ཅང་གིས་ཡག་པོ་གནང་བྱུང་ཟེར།

    འཇུག་ཏུ་ཁོང་ཚོས་རྔན་པ་ཏོག་ཙམ་སྤྲད་ནས་ཐུགས་རྗེ་ཆེ་ཞུས་པའི་སྐབས་སུ་སྐེ་ལ་ལས་རྟགས་གྱོན་པའི་མི་དེ་ཚོས་རྔན་པ་ཡང་ཅི་ཡང་ལེན་གྱི་མི་འདུག ཡག་པོ་ཞེ་དྲག་འདུག་ཅེས་བསྔགས་བརྗོད་གནང་བཞིན་འདུག

    ང་གཞོན་ནུའི་ཚོགས་མི་སོགས་གང་མིན་ནའང་ངས་མ་འོངས་པར་གཞོན་ནུ་ཚོགས་པར་བོད་མི་ཚོས་ཞལ་འདེབས་གནང་ཐུབ་ན་དགེ་མཚན་འདུག་ཅེས་ཞུ་འདོད་བྱུང་།

    Reply
  6. ནད་པ says:
    ལོ་ 13 སྔོན།

    སྤྱི་ཚོགས་ཞབས་ཞུའི་ཐོག་ནས་བཤད་ན་གཞོན་ནུ་ཚོགས་པ་འདི་ཨང་དང་པོ་ཡག་ཤོས་ཤིག་ཡིན། ད་རེས་བོད་མི་མི་ཉུང་ཞིག་ལ་དཀའ་ངལ་འཕྲད་ཀྱང་གཞོན་ནུ་ཚོགས་པའི་ངོས་ནས་ས་ཁུལ་གང་སར་གང་ཐུབ་གནང་བཞིན་པ་རེད།

    དངོས་འབྲེལ་བྱས་ན་ད་རེས་གཞུང་དང་། བུད་མེད། སློབ་ཚོགས། དགུ་བཅུ་གསུམ། དམངས་གཚོ་ཚོགས་པ་སོགས་ཚང་མས་གཞོན་ནུ་དང་ལྷན་དུ་མཉམ་རུབ་བྱེད་དགོས།

    གང་ལྟར་གཞོན་ནུའི་མཛད་རྗེས་དེར་ཡི་རང་དང་བསྔགས་བརྗོད་མ་བྱེད་ཀ་མེད་ཆགས་འདུག ཐུགས་རྗེ་ཆ་ཞུ། དཔེ་ཡག་པོ་རེད།

    མ་འོངས་པར་གཞོན་ནུའི་ཆེད་ཚང་མས་ཞལ་འདེབས་ཀྱང་གནང་ཐུབ་ན་དགེ་བཚན་ལྡན་ཡོད།

    Reply
  7. ཟླ་བ་དབང་ཕྱུག says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་གང་ན་བོད་མི་སྤྱི་བའི་ཆེད་འབད་བརྩོན་བྱེད་བཞིན་པའི་ཚོགས་སྡེ་ཁག་དང་མི་སྒེར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་ལྟའི་དུས་ཚོད་ལ་ཚང་མས་ཧུར་བརྩོན་གནང་བ་བཀའ་དྲིན་ཞུ་འོས་བ་ཞིག་རེད་ལ།
    བཀྲ་ཤིས་ཟེར་བའི་མཆན་འདེབས་མཁན་ལས་མེད་འདི་དང་ངེད་ཚོས་ཁྱོད་ཚོར་སྡིགས་དམོད་ཙམ་བྱེད་པ་ལས་གང་ཡང་མི་ཡོང་བས་ངོ་ཚ་ཆེན་པོ་ཞིག་རེད་ཀྱང་། དེ་ཡང་ངེད་ཚོས་ཁ་སྟབས་དང་འབྲེལ་བ་ཡོད་པས་འདི་ཙམ་མ་བྱས་རང་བྱས་རེད་ལགས།
    བོད་རིགས་ཚང་མས་ཧུར་བསྐྱེད་གནང་རོགས། ཐོ་རེངས་དང་། བཀྲ་ཤིས། ཇོ་རུ་ཚེ་རིང་སོགས་ངེད་ཚོས་ལོག་བཤད་རེ་མ་བྱས་རང་བྱས་རེད། ང་ཚོས་ལས་འགན་རེད། ཡིན་ཡང་སེང་ལྕམ་འབྲུག་མོ་ཧོར་ན་ཡོད་ཀྱང་བསམ་པ་གླིང་དཀར་སྟོད་ན་ཡོད་པས་ཚང་མ་སེམས་བདེ་མོ་གནང་རོགས།

    Reply
  8. Dawai Shonu says:
    ལོ་ 13 སྔོན།

    ཆོས་ཞུ་བ་དང་གནས་མཇལ་བར་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་རེད། དཀའ་ངལ་ཅི་ཡང་མི་དགོས་ན་ནང་ལ་ཉལ་བསྡད་ན་འགྲིགས་ཀྱི་རེད། འགྲོ་དགོས་ཀྱི་མ་རེད། བཟོད་པ་སྒོམ་དགོས་པ་རེད། སྙིང་རྗེ་སྒོམ་དགོས་པ་རེད། དེ་འདྲ་མེད་ན་ད་ག་སེ་སྐད་གྲགས་བྱས་ཏེ་ཆོས་དང་དབང་ཞུ་བར་འོངས་པ་ཡིན་ཁུལ་བྱས་ན་ཆོ་་ག་རེ་ཡོད་རེད། རོགས་རམ་གནང་མཁན་ཚང་མ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན།

    Reply
  9. བཀྲ་ཤིས། says:
    ལོ་ 13 སྔོན།

    གང་ལྟ་གཞོན་ནུ་བཀའ་དྲིན་ཆེན་པོ་རེད། གཞོན་ནུ་མེད་དཀའ་ལས་ཁག་པོ་ཡོང་ས་རེད། ལྡི་ལི་རྡོ་གདར་མེ་འཁོར་མ་རག་ནས་ཆོས་ཞུ་བ་གང་མང་ལྷག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ས་རེད། གཞོན་ནུ་མེད་ན་ད་རེས་ཀྱིས་དཀའ་ངལ་ཏེ་ཧ་ལས་པ་རེད་བཞག

    དབུ་མེད་ལམ་གྱི་ལས་འགུལ་ཁང་གིས་གཏོར་བཤིག་གི་སྐད་ཆ་གོ་སྒྲིག་བྱེད་པ་སལ་ཆོས་ཞུ་བ་ལ་ཞབས་ཞུ་སྒྲུབ་ཡག་ས་རེད། དབུ་མའི་ལས་འགུལ་ཁང་ལ་ད་ཕྱིན་ཆད་དབུ་མེད་གཏོར་བཤིག་གོ་སྒྲིག་ཚོགས་བཏགས་ན་རྒྱུ་ཡིན།

    Reply
  10. ཉི་ཟླ་སྐར་གསུམ། says:
    ལོ་ 13 སྔོན།

    འདི་ནི་གཞིས་ཆགས་བོད་མིའི་ཞབས་འདྲེན་ལོས་ཡིན་། གཞོན་ནུ་ཚོགས་པ་ལ་ཁག་ག་པར་ཡོད་། མཐོ་ས་བོད་གཞུང་ནས་ཐུགས་ཁུལ་མ་ལེན་པའི་སྐྱོན་འདུག་། ལྷག་པར་དུ་བོད་མི་ཚོང་ཁང་དང་ཟ་ཁང་སྦྱིན་བདག་ཚོས་ཆོས་ཞུ་བ་ལ་མགོ་སྐོར་བྱས་པ་དེ་ནི་ཧ་ཅང་གི་བློ་ཕམ་འདུག་།
    དབུས་གཞུང་ནས་འགན་ཁུལ་ཡག་པོ་ལེན་པའི་རེ་བ་ཡོད་། ཆོས་ཞུ་བ་རྣམས་བོད་ལ་ལོག་དུས་སེམས་ཕམ་གནང་མི་དགོས་པ་ཡོང་བའི་རེད་བ་ཡོད་།

    Reply
  11. རྒྱ་རྙི། says:
    ལོ་ 13 སྔོན།

    འཆན་འགོད་པ་མང་པོ་ཞིག་རང་ཉིད་ཀྱི་ཚོར་བ་ཁོ་ནས་རྗེས་འབྲངས་རེད། བཙན་བྱོལ་ནང་ཚོགས་པ་དང་སྐྱིད་སྡུག་སོགས་མང་དག་ཅིག་ཡོད་ལ། ཐུགས་སྤྲོ་ཞིག་གཏོང་བ་ལས་ལས་ཀ་གང་ཡང་མི་བྱེད་མཁན་གྱི་ཚོགས་སྡེའང་ཧ་ཅང་མང་། དེ་ཚོ་ལ་དྲ་འབུ་ཚོར་བཤད་རྒྱུ་གླེང་རྒྱུ་གང་ཡང་མེད།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་དཀའ་ས་ཁག་ས་གང་གི་སྐབས་སུའང་བོད་མའི་སྐྱིད་སྡུག་མཉམ་མྱོང་དང་། མདུན་བསྐྱོད་གདོང་མཆོངས་བྱེད་མཁན་གྱི་ཚོགས་སྡེ་དང་པོ་དེ་ཆགས་ཡོད།
    ཚོགས་པ་དང་མི་སྒེར་གང་འདྲ་ཞིག་ཡིན་ཡང་སྐྱོན་རེ་ཟུང་ཡོང་སྲིད་པ་རེད། སྐྱོན་རེ་ཟུང་ལ་ལྟོས་ནས་ཡོན་ཏན་དང་ལེགས་ཆ་ཚང་མ་ཕྱིར་བསྡུ་བྱས་ན་ལས་རྒྱུ་འབྲས་སུ་རན་གྱི་མ་རེད།
    ཏྲེ་ཧོར་ཐུབ་བསྟན་ཟེར་བ་ཞིག་གིས་ཀྱང་རྡ་སའི་ས་གནས་གཞོན་ནུ་ནས་སྤྱི་སྤྱོད་རླངས་འཁོར་གྱི་འཛིན་བྱང་བཏོག་སྟེ་ཚོང་བརྒྱབ་རབ་མང་དག་ཅིག་དྲ་ལམ་དུ་བཀོད་སོང་། བསམ་བློ་གཏོང་མ་ཤེས་པར་བཤད་པ་ཡིན་ན་ཅོལ་ཆུང་རེད། བསམ་བཞིན་རང་ཉིད་མ་དགའ་བར་བཤད་པ་ཡིན་ན་ཁྲག་སྐྱུག་པར་ཤོག
    ཚོགས་གཏམ་གཏོང་ངེས་ཅན་དེ་སློབ་ཕྲུག་གུང་སེང་གི་སྐབས་དང་བསྟུན་སྤྱི་སྤྱོད་རླངས་འཁོར་གྱི་རིན་འབབ་ཕྱོགས་གཅིག་ལ་ཧིན་སྒོར་༨༠༠་སྤར་བ་རེད། དེ་ཚོར་རྒྱུ་འབྲས་མི་འདུག ངོ་ཚ་མི་འདུག
    རྡ་ས་གཞོན་ནུའི་ལྡི་ལི་བར་གླ་གཏོང་བྱས་པ་རེད། གླ་གཏོང་བྱས་ན་ཕྱོགས་གཉིས་ཀའི་རིན་པ་ལ་རྩིས་རྒྱག་དགོས་པ་རེད། སྤྱི་སྤྱོད་རླངས་འཁོར་དཀྱུས་མར་ལྡི་ལི་བར་ཧིན་སྒོར་༤༧༠་རེད། དེ་ཕྱོགས་གཉིས་སུ་བསྡོམས་ན་ག་ཚོད་རེད། ས་གནས་སུ་འགན་འཁུར་མཁན་གྱི་ཚོགས་མི་ཉུང་ཉུང་རེད། དཀའ་ལས་ག་ཚོད་བསྐྱོན་སོང་།
    ཁྱོད་ཚོ་ཞར་སོང་བ་མ་ཡིན་ནམ། ཏྲེ་ཧོར་སྐྱིད་སྡུག་གང་ལ་འགྲོ་སོང་། ཡོང་ཆོག་གི་རེད།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པ་འདི་ངོ་མ་ཁ་སླེབས་སར་ལག་པ་སླེབས་པའི་ཚོགས་པ་ནུས་ལྡན་ཞིག་རེད་སྙམ། མི་མང་པོས་ཁ་གཏོང་གིན་འདུག དེ་ཚོའི་གྲོས་ཀྱིས་སྤྱི་ཚོགས་ཞབས་ཞུ་ཏིལ་འབྲུ་ཙམ་བྱས་མྱོང་མེད་ཁར། གཞན་གྱིས་བྱས་འབྲས་ལ་ཁ་གཏོང་སྐབས་ཀྱང་དྲང་བདེན་རེད་སྙམ་པ་ཞིག་བཤད་མི་ཤེས། ངོ་མ་མིང་རྗུས་ཕག་ནས་ལྐོག་མདའ་འཕེན་མཁན་འདུ་ཚོར་དམའ་མཐའི་མིའི་བྱས་རྗེས་ཁས་ལེན་པའི་གདེངས་སྤོབས་ཙམ་ཡང་མེད་སོང་བ་རེད། ཐབས་སྐྱོ་བོ་རེད་ཡ།

    Reply
  13. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་པས་མི་ཚང་མར་ལག་པ་སྙོབ་ཐུབ་ཀྱི་མེད་པ་ཤེས། གཞུང་ཞིག་ཡིན་ནའང་ཚང་མར་ལག་པ་སྙོབ་ཐུབ་པ་དཀའ་བ་ཤེས་ཀྱི་ཡོད་ན། གཞོན་ནུའི་དང་བླངས་སྐེ་བཏགས་མེད་པ་མགོ་སྐོར་གཏོང་མཁན་ཡོད་ཚུལ་དང་། གཞོན་ནུའི་སྐེ་བཏགས་མེད་མཁན་ལ་ཞབས་ཞུའི་གོ་སྐབས་མ་སྟེར་སོགས་གསལ་བསྒྲགས་ལག་པ་གར་བསྲིངས་སར་སྦྱར་ནས་ག་རེ་བྱེད་དགོས་པ་རེད།
    མདོར་བསྡུས་ན་གྱོང་རེག་ས་དེ་བོད་ནས་ཕེབས་པའི་ཆོས་ཞུ་བ་སྐད་མི་ཤེས་མཁན་རྣམས་ལ་རེག་ཡོད་པས་གཞོན་ནུ་འདི་ནམ་ཡིན་ན་ལས་ཀ་ཆ་ཚང་ལས་ཉིས་ཡིན་ཟེར་མཁན་ཞིག་དང་། འཐུས་ཚང་འགྲུབ་ཐུབ་པ་གཅིག་ཀྱང་མ་བྱུང་མཁན་ཞིག་རེད་འདུག

    Reply
  14. རུ་གསར་ཚང་། says:
    ལོ་ 13 སྔོན།

    ཚང་མས་ཁ་གཏོང་རྒྱུ་མ་གཏོགས་ཤེས་ཀྱི་མ་རེད། ད་དུང་གཞོན་ནུའི་དང་བླང་ཞབས་ཕྱི་ལ་མ་འགྲིག་མ་འཐུས་ཚུལ་བཤད་མཁན་གཞུང་སྒེར་འདི་དག་ལ་རང་ལ་མ་གཏོགས་གཞན་ལ་བསམ་བློ་གཏོང་བ་ཕར་ཟད་ངོ་ཚ་ཏོག་ཙམ་ཡང་མི་འདུག རང་གིས་བྱེད་མི་ཐུབ་ན་ཁྱི་ཁ་ཚུམས་དང་ཡག་ཤོས་རེད། ད་དུང་ཁར་ཉིན་ཞིག་ལ་གཞོན་ནུས་རླངས་འཁོར་གླ་ཆའི་སྒང་ནས་ལྡབ་གཅིག་ཟ་ཡི་འདུག་སོགས་གཏམ་འཆལ་མང་པོ་སྤེལ་གྱིན་འདུག འོ་ན་ཁྱེད་ཚོས་བལ་ཡུལ་དང་ལྡི་ལི། རྡ་ས་སོགས་ན་ཁྱི་འཁྱམས་ནང་གཞིན་བསྡད་ཡོད་ཁ་ཤས་ཀྱིས་བོད་ནས་ཡོང་མཁན་རྣམས་ཀྱི་དངུལ་དངོས་རྐུ་འཕྲོག་དང་མགོ་སྐོར་གཏོང་བཞིན་པ་དངོས་ཡོད་ཡིན་པའི་ཐོག་གཞོན་ནུས་ཡིག་ངག་གཉིས་ཀྱིས་གསལ་བསྒྲགས་བྱེད་པ་མ་གཏོགས་གཞོན་ནུ་ལ་ཁ་གཏོང་རྐྱང་བྱེད་པའི་གཞུང་སྒེར་ཁྱེད་ཚོ་ཞར་སོང་བ་རེད་དམ་ཁྱེད་ཚོ་ཡང་ཇག་རྐུན་དེ་དག་དང་ལག་འབྲེལ་ཡིན།
    གཞོན་ནུའི་དང་བླང་ཞབས་ཕྱི་ལ་ཁ་གཏོང་རྒྱུ་ཡོད་མ་རེད། དང་བླང་ནི་དང་བླང་རང་རེད་མ་གཏོགས་གཞུང་སྒེར་ཁྱེད་ཚོས་གླ་ཕོགས་ཀྱིས་ཉོས་བཞག་གང་ཡང་མ་རེད།
    ཆོས་ཞུ་བར་ཆུ་གློག་གི་དཀའ་ངལ་དང་འགྲུལ་སྐྱོད་ཀྱི་དཀའ་ངལ་སོགས་ཧ་ཅང་དཀའ་ཆེ་བ་ནི་ཡང་དངོས་ཡོད་ཡིན་པས་དེ་ཡང་གཞོན་ནུའི་སྒང་ལ་གཡུག་ས་འགྲོ་ན་གཡུག་གི་རེད། དེ་ནི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་མ་འཇོན་པ་རེད།
    གང་ལྟར་གཞོན་ནུ་ལ་ཁ་གཏོང་རྐྱང་བྱེད་པའི་གཞུང་སྒེར་ཁྱེད་ཚོར་ཁེ་བཟང་ཞིག་མེད་ན་གཞན་ལ་ཁ་གཏོང་རྒྱུ་མ་གཏོགས་རང་ཉིད་འགུལ་སྐྱོད་མི་རྒྱག་པ་ཤེས་སོང་།

    Reply
  15. ཆོས་ཞུ་བ། says:
    ལོ་ 13 སྔོན།

    ཆོས་ཞུ་བ་རྣམས་སུ་ཞབས་ཞུ་སྒྲུབ་དགོས་མཁན་རྐུ་མས་མ་འཕྲོག་པའི་སྐྱབས་རྟེན་བསྔོ་རྟེན་གྱི་སྒོར་མོ་ཟ་མཁན་རྣམས་ཡིན་དགོས་ནི་རེད། དུས་དབང་གོ་སྒྲིག་པ་དང་སྐུ་སྒེར་གཉིས་ཀྱི་ལས་འགན་རེད། མ་གཏོགས་གཞོན་ནུ་ལྷན་ཚོགས་སུ་མ་འགྲིག་པ་བཤད་ན་ཅོལ་ཆུང་རེད།

    རྡ་ས་བཙན་བྱོལ་སྒྲིག་འཛུགས་འདི་ལ་ཡང་བཀའ་བློན་དང་སྤྱི་འཐུས་མང་པོ་ཡོད་རབས་འདུག འདི་ཚོས་བོད་ཕྱི་ནང་གཉིས་ཀྱི་སྐུ་ཚབ་མཚོན་མདོག་བཤད་བསྡད་ཀྱི་ཡོད། དོན་ངོ་མའི་ལག་ལེན་ཐོག་ཏུ་གཞིར་ལུས་བོད་མི་ཆོས་ཞུ་བ་རྣམས་སུ་ཞབས་ཞུ་ཞུ་རྒྱུའི་ཆགས་གཞི་ཙམ་ཡང་མེད་པ་རེད། གཞོན་ནུ་ལྷན་ཚོགས་འདི་མེད་ན་བོད་ཚར་ཚར་བ་རེད། ལྟོས་དང་།

    Reply
  16. ragshulpalden says:
    ལོ་ 13 སྔོན།

    གཞོན་ནུ་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བོད་ནས་གསར་འབྱོར་བ་ཁག་གཅིག་ལ་གྷ་ཡ་མེ་འཁོར་འབབས་ཚུགས་ནས་དཀའ་ངལ་འཕྲད་པ་དང་། ཁག་གཅིག་གི་ཅ་དངོས་བོར་བརླགས་ཤོར་བར་སེམས་ཕམ་ཡོད་ཚུལ་བཤད་འདུག་པས་དཀའ་ངལ་ཅི་ཞིག་འཕྲད་ཡོད་མེད་ཀྱི་གསལ་བཤད་ཞིག་བྱེད་རོགས།

    Reply
  17. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    ཨང་ཀི་ཚང་བ་ལགས. གཞོན་ནུའི་ཚོགས་མི་ཚང་མར་ཕོག་ལྡན་ཡིན་པ་ཕར་ཞོགས མང་ཤོས་ལས་མེད་ཡིན་རྒྱུ་རེད་བསམ. ལྷག་པར་ཏུ་ད་ལྟ་བལ་སློས་ཚོང་གི་སྒང་ཡིན་པས་དཀའ་ངལ་ཅི་ཡོད་མིག་གིས་མ་མཐོང་ཡང་ཚོད་དཔག་ཐུབ་ངེས་རེད. ཚོགས་མི་མི་ཉུང་བ་ཞིག་ལ་མཚོན་ན. བལ་སླེས་ཚོང་དུས་དེ་རྒྱས་སྤྲོས་ཙམ་མ་ཡིན་པར. ལོ་གཅིག་གི་ནང་མིའི་ཟས་སོང་ཙམ་ལ་ཐུག་ཡོད་པས. བཟའ་ཟླ་བུ་ཕྲུག་གི་ལྟོ་བ་ས་ལ་གཡུག་ནས་ཡོང་རྒྱུ་དེ་་་་
    གཞན་བོད་ནས་ཆོས་ཞུ་བ་ཚོར་གཞོན་ནུའི་དྭངས་ཞབས་འདིས་འདོད་བློ་ཡོངས་སུ་ཁེངས་པར་ཐེམ་ཡོད་པ་མ་རེད. དོན་ངོ་མ་དེ་སྐད་སྒྱུར་ལམ་འཁྲིད་ཙམ་གྱི་མགོ་ཡང་མི་འཐོན་པའི་ང་ཚོ་གསར་འབྱོར་གཏན་སྡོད་པ་ཚོར་བཤད་རྒྱུ་ལས་རྒྱུ་མང་ནས་སེམས་རྩ་གྲང་མོ་བཟོ་ཉེན་ཆེ་བ་འདུག་གོ།

    Reply
  18. གྱད་ལྷ་དགའ། says:
    ལོ་ 13 སྔོན།

    བློ་བཟང་ཆོས་འབྱོར་རམ་ཤར་ཁུག་གཙོས་པའི་དབུ་མའི་ལམ་ལས་འགུལ་ཚོགས་པས། ད་རེའི་སྤྱི་ཚེས་༢༥ཉིན་གཏམ་བཤད་ནང་སྔར་ལྟར་ཆོལ་ཁའི་ཞེན་ཁོག་ཁོ་ནའི་དབང་དུ་མ་སོང་བ་དང་། རྒྱུ་མཚན་ལྟར་སྣང་འབའ་ཞིག་ལས་མེད་པའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་དག་ལ་སྐྱོན་བརྗོད་མ་གནང་ན་བོད་དོན་དེ་ཡིན། དེ་ལས་གཞན་ཚོགས་པ་དེ་ལ་ཡོས་ལ་བབ་རྒྱུ་རྩམ་པ་ལས་མེད་པ་ཤེས་ནས་ཡོད།

    Reply
  19. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    གཞོན་ནུ་གཅིག་པོའི་སྒང་ལ་བཞག་ན་ག་ལ་འགྲིག. ཚོགས་པ་བརྒྱད་པོ་སོ་སོས་མི་འགྲོ་གང་ཙམ་རེ་གཞིན་ནུར་རོགས་སྣོན་དུ་གཏོང་དགོས་ངེས་རེད. མ་ཟད་དེང་ཞབས་པ་ཚོར་གླ་ཆ་གང་ཡང་མེད་ཁར རང་གྲོ་རང་འཁུར་བྱེད་དགོས་ན་ཧ་ཅང་ཁག་པོ་རེད. བྱས་ཙང་ཕྱིར་རྒྱལ་ཁག་ན་ཡོད་པའི་གསར་འབྱོར་བས་གཙོས་བོད་མི་ཚོས་. དྭངས་ཞབས་ཚོར་ཉིན་རེའི་ཟས་དོད་ཆེད་གཞོན་དབུས་སུ་ཞལ་འདེབས་ཕྲན་བུ་རེ་ཡང་བུལ་དགོས་ངེས་རེད་བསམ.
    གཞོན་ནུས་གཙོ་འགན་འཁུར་ཏེ་་བཀོད་སྒྲིག་གིས་ས་ཚིག་ཆེ་ཁག་གམ གལ་གནད་ཆེ་ས་ཁག་ལ་གནས་སྐབས་གཏན་འཇགས་དྭངས་ཞབས་འཛུག་དགོས་སྙམ ས་གནས་དེ་གའི་བོད་བྱུང་ན་ཧ་ཅང་ལེགས་པར་སེམས གཞན་དེང་སང་སློབ་གྲྭ་གུང་སེང་ཡིན་པས་མཐོ་སློབ་པ་ཚོར་ཡང་འབོད་བསྐུལ་ཞུས་ན་ལེ་ཕེབས་འདོད་དོ།།
    གཞོན་ནུར་ཚོགས་མི་ཁྲི་ཕྲག་བརྒལ་ཡང་དྭངས་བླངས་ནི་དྭངས་བླང་རང་ཡིན་ཙང. གཞོན་ནུས་བཙན་བཀའ་གཏོང་ག་ལ་རུང. མ་གཞི་ནས་དྭངས་ཞུབས་དགོས་གལ་ཆེ་ཐོག བོད་ནས་ཕེབ་མཁན་ཚོར་རོགས་པ་རེ་ཐུབ་ན བོད་མི་སུས་ཀྱང་བྱེད་ཆོག་ལ བྱེད་དགོས་ངེས་ཤིག་ཀྱང་ཡིན་པས གཞོན་ཚོགས་ལ་ཞལ་རྒྱག་པ་གསུང་ནས་འདུག་དགོས་དོན་ཡེ་ནས་མི་འདུག་གོ།

    Reply
  20. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    དུས་རྒྱུན་འུད་ཤོབ་རྒྱག་དུས་གཞོན་ནུར་ཚོགས་མི་ཁྲི་ཕྲག་ཁ་ཤས་ཡོད་པ་མ་ཡིན་ནམ། དུས་དབང་སྐབས་ཀྱི་ཟླ་གཅིག་ཙམ་གྱི་རིང་འདིར། བོད་མི་བདུན་སྟོང་ཙམ་ལ་སྐད་དང་འགྲོ་འདུག་ཙམ་གྱི་ཞབས་ཞུ་ཡང་སྒྲུབ་པའི་ནུས་པ་མེད་ན། འོ་ན། བོད་མི་ས་ཡ་དྲུག་གི་འཐབ་རྩོད་ལས་འགུལ་ལ་ཞབས་ཞུ་དང་རོགས་འདེགས་ཅི་ལྟར་སྒྲུབ་རྒྱུ་ཡིན་དམ། དང་དུ་མ་བླངས་པར་སྐྱིད་འདོད་རྒྱགས་འདོད་ཀྱིས་བསྡད་བཞག་པ་རེད་མ་གཏོགས། ཞབས་ཞུ་བ་མི་བརྒྱ་སྐོར་ཙམ་ཞིག་ནི་སློབ་གྲྭ་ག་གེ་མོ་ཞིག་གིས་ཀྱང་སྒྲུབ་ཐུབ་པའི་ལས་ཀ་ཞིག་རེད། དངོས་གནས་བློ་ཕམ་རང་རེད། ཉོག་གཏམ་ལུང་བ་གང་གསར་འབྱོར་ཆོས་ཞུ་བ་དག་གི་མདུན་ནས་སྒྲོགས་པ་ལས། དེ་དག་ལ་ཞབས་ཞུ་ཡག་པོ་ཞིག་སྒྲུབ་ཏེ་སེམས་དྲོད་མོ་དང་བློ་བདེ་བོ། ཡིད་ཆེས་དང་རེ་བ་འཕེར་བའི་སེམས་ཚོར་ཞིག་ཕར་སྦྱིན་ནས། དགའ་བཞིན་སྤྲོ་བཞིན་ཕྱིར་ལོག་བཅུགས་པ་ཡིན་ན། དེ་ནི་གཞིས་བྱེས་གཉིས་ཀྱི་བར་ལ་ཡིད་ཆེས་བློ་གཏན་འཕེལ་བའི་ལས་དོན་གྱི་རྩ་བ་རེད། མགོ་བདེ་དྲན་འཕྲུལ་ཅན་མང་པོ་ཞིག་གིས་རྫིག་རྫིག་ཞེ་བོ་ཞིག་གི་རྣམ་པའི་ཐོག་ནས་འུད་ཤོད་ལུང་པ་གང་བྱས་པ་དེས་ཅི་ཡང་ཕན་གི་མ་རེད། དུས་རྒྱུན་དངུལ་ཁོ་ན་སློང་བ་མ་གཏོགས་གཞན་གང་ལའང་དོ་སྣང་གཙུག་འཛིན་བྱེད་ཤེས་ཀྱི་མི་འདུག དངོས་གནས་ཁོང་ཁྲོ་ཟ་ཡ་རང་རེད།

    Reply
  21. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ཀླུ་བྱམས་ལ་ཆོས་ཀྱི་མཛད་སྒོ་མིན་པའི་གཏམ་འདྲིའི་གོ་སྐབས་མ་རག་པ་ངོ་མཚར་ཆེ། ཆོས་ཀྱི་ནུས་པ་དང་བྲལ་བའི་བོད་དོན་ཟེར་བ་དེ་དོན་དངོས་ཐོག་ནམ་མཁའི་འཇའ་ཚོན་ལ་ལག་སྙེག་པ་འདྲ་བར་ཤིན་ཏུ་གསལ་ལོ། །
    དོན་དངོས་མ་མཐོང་བོད་དོན་རྩོད་པ་དང་། །
    རྒྱ་གར་ཡུལ་དུ་བཞུགས་ནས་རྒྱ་ནག་ལ། །
    བསྟུན་མཁས་བྱེད་པའི་བོད་ཀྱི་བླ་སྤྲུལ་འགའ། །
    བསམ་ཞིང་ཁོང་ནང་ཅི་ཡོད་བདག་ཡིད་དོགས །།

    Reply
  22. 0123456789 says:
    ལོ་ 13 སྔོན།

    ད་ལམ་དུས་དབང་གོ་སྒྲིག་ཚོགས་པ་དང་་ཁྱད་པར་གཞོན་ནུའི་ཞབས་ཞུ་བ་དུས་ཐོག་མ་སླེབས་པས་་དབང་ཞུ་བར་དཀའ་ངལ་་ཕྲད་པ་ཡིད་སྐྱོ་བའི་གནས་ཚུལ་མཐོང་བྱུང་།་་་དམིགས་གསལ་བོད་ནས་ཕེབས་པ་དེ་ཚོར་སྐད་བརྡ་དང་སྡོད་གནས་སོགས་ཀྱི་སྐོར་ནས་སེམས་ཕམ་དང་བློ་འཚབ་སྐྱེ་དགོས་པ་དེ་ངོ་ཚ་བོ་ཞི་དྲག་རེད་་་་་་་་ལྷག་པར་གཞོན་ནུའུ་ཚོགས་གཞོན་གྱིས་རྒ་ཡ་འབབས་ཚུགས་གནས་ཚུལ་དེ་སེམས་ཕམ་དང་སེམས་གསོ་མེད་པར་སེམས་མ་རུང་བའི་ཚིག་་་གཞོན་ནུས་མི་ཚང་མར་རོགས་སྐྱོར་ཐུབ་ཀྱི་མེད་ཟེར་བ་་་་་་མི་རིགས་ལ་གདུང་སེམས་དང་སེམས་ཁུར་གཏན་ནས་མེད་པའི་སྐད་ཆ་རེད་་་་ཁོའི་སྐད་ཆ་མདོར་བསྡུས་ན་་་་གནས་ཚུལ་དེ་སྡུག་གྱོང་རེད་ང་ཚོས་མི་ཚང་མ་རོགས་པ་མི་ཐུབ་ཟེར་བ་རེད་འདུག་་་་་་རེ་བ་ཞུ་ཡ་ཅིག་བོད་ནས་ཕེབས་པའི་ཆོས་ཿཞུ་དེ་ཚོ་རྗེས་མ་རོགས་སྐྱོར་མང་ཙམ་གནང་ཐུབ་པ་ཞུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese