མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ཅན་པ་ཞིག་ཡིན་པའི་ངོས་ནས་མ་ཤི་བར་རྩ་དོན་ཐོག་ཤུཊ་རྒྱག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་༧གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་དམིགས་བསལ་བཀའ་སློབ་གནང་སྟེ། དེང་སྐབས་བོད་ནང་རྒྱན་འཛུགས་ཤོ་རྒྱག་དང་བཟང་སྤྱོད་ཉམ་ཆག་ཏུ་འགྲོ་བཞིན་ཡོད་པའི་ཐད་ཐུགས་སྣང་གནང་དགོས་པ་དང་། བོད་ནང་གི་ཁོར་ཡུག་གཅེས་ཉར་དང་ཤེས་ཡོན་ཡར་རྒྱས་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་བཅས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གསུང་ཆོས་ར་བའི་ནང་། བོད་ནས་ཕེབས་པའི་ཆོས་ཞུ་བ་ ༨༠༠༠ ལྷག་ལ་དམིགས་བསལ་བཀའ་སློབ་བསྩལ་སོང་། སྐབས་དེར་༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་དང་། རྒྱ་གཞུང་གིས་བོད་པའི་འབྲོག་པ་རྣམས་གྲོང་བརྡལ་ཅན་དུ་བསྒྱུར་བ། དེ་བཞིན་བོད་པའི་ཁོར་ཡུག་དང་ཤེས་ཡོན། ཡ་རབས་བཟང་སྤྱོད་སོགས་ཀྱི་ཐོག་ཧ་ཅང་ནན་ཏན་གྱིས་གསུངས་སོང་། ཐོག་མར་༧གོང་ས་མཆོག་གིས་བོད་རྒྱའི་དཀའ་རྙོག་གི་ངོ་བོའི་སྐོར་ལ་གསུངས་དོན། “ གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་ལ་ངོ་མཚར་སྐྱེ་དགོས་པ་ཞིག་རེད། འཛམ་གླིང་སྟེང་མི་མང་པོ་ཞིག་གིས་བོད་མིའི་ཡ་རབས་སྤྱོད་བཟང་དང་དྲང་པོ་བྱེད་པ་དེ་གཞན་དང་མི་འདྲ་བ་ཞིག་རེད་ཟེར་གྱི་འདུག་ལ། རྒྱ་རིགས་གྲོགས་པོ་ཚོའི་ནང་བློ་གཟུ་བོར་གནས་མཁན་ཚོས་ཀྱང་། བོད་མིའི་གཤིས་ཀ་ཡ་རབས་དང་དྲང་པོ་རེད་ཟེར་མཁན་འདུག ཁོང་ཚོ་རྒྱ་རིགས་ཡིན་ནའང་རྒྱ་རིགས་ལས་བོད་པ་ཡག་པོ་འདུག་ཅེས་བཤད་ཀྱི་འདུག ང་ཚོར་དཀའ་ངལ་ཞིག་འཕྲད་ཡོད་པ་རེད། དཀའ་ངལ་འཕྲད་པ་དེ་མིས་བཟོས་པའི་དཀའ་ངལ་ཞིག་རེད། འཛམ་གླིང་གང་སར་འབྱུང་བཞིའི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཡིན་པ་གསལ་པོ་རེད། མིས་བཟོས་པའི་དཀའ་ངལ་ཡིན་ན། དཀའ་ངལ་དེ་མིས་སེལ་ཐུབ་པ་ཞིག་ཏན་ཏན་ཡིན་དགོས་པ་རེད། མི་སུ་ཡིན་ནའང་དཀའ་རྙོག་བཟོ་འདོད་ཡོད་པ་མ་རེད། དཔེར་ན། རྒྱ་རིགས་གྲོགས་པོ་ཚོའི་ནང་དུ་རྙོག་དྲ་བཟོ་འདོད་མཁན་ཡོད་པ་མ་རེད། རྒྱ་ནག་སྲིད་གཞུང་ལྟ་བུར་མཚོན་ནའང་འདྲ་ཆགས་པོ་དང་ཡིད་དུ་འོང་བ། གཞན་གྱིས་བསྟོད་བསྔགས་གཏོང་ས་ཞིག་ཆགས་ན་འདོད་ཀྱི་ཡོད། སུ་ཡིན་ནའང་རྙོག་དྲ་འདོད་མཁན་ཡོད་པ་མ་རེད། བྱེད་སྟངས་ཀྱི་རྐྱེན་པས་རྙོག་དྲ་མི་འདོད་ནའང་ཡོང་བསྡད་པ་ཞིག་རེད། ཐུག་ས་དེ་མ་ཤེས་པའི་དབང་གིས་བྱུང་བ་གསལ་པོ་རེད། བཅོམ་ལྡན་འདས་ཀྱིས་སྲིད་པའི་རྩ་བ་མ་རིག་པ་ལས་བྱུང་བ་རེད། འཛམ་གླིང་གི་དཀའ་ངལ་མང་པོ་ཞིག་བླང་དོར་མ་ཤེས་པར་རྨོངས་པའི་དབང་གིས་ཡོང་བསྡད་པ་རེད་ཅེས་གསུངས་ཡོད ” ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། “ བོད་པའི་དཀའ་ངལ་ལ་མཚོན་ནའང་། རྩ་བ་མ་ཤེས་པའི་དབང་གིས་བྱུང་བ་གསལ་པོ་རེད། རྒྱ་རིགས་དབང་ཆ་ཡོད་མཁན་དེ་ཚོས་བོད་ཀྱི་གནས་ཚུལ་ངོ་མ་མ་ཤེས། བོད་ཀྱི་ལོ་རྒྱུས་ཇི་བཞིན་མ་ཤེས། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་སྤུས་དག་པོ་དང་གཏིང་ཟབ་པོ་ཡོད་པ་མ་ཤེས། འཛམ་གླིང་གི་དངོས་ཡོད་གནས་ཚུལ་སོགས་མ་ཤེས་པར་མིག་བཙུམ་ནས་བསྡད་ཡོད་སྟབས། དཀའ་ངལ་འདི་བྱུང་བ་རེད། མི་སུ་ཡིན་རུང་ཉམས་མྱོང་བསགས་ཏེ་གནས་ཚུལ་མང་པོ་མཐོང་ཡོང་སྐབས་དངོས་ཡོད་གནས་ཚུལ་ཁས་མི་ལེན་རང་ལེན་རེད། དེ་ཡིན་དུས་མིས་བཟོས་པའི་དཀའ་ངལ་དེ་མི་རང་ཉིད་ཀྱིས་སེལ་ཐུབ་ཀྱི་རེད་ལ། སེལ་རྒྱུའི་བསམ་བློ་ཏན་ཏན་འཁོར་ཡོང་གི་རེད། བོད་ཀྱི་གནས་སྟངས་ལ་ཆ་བཞག་ན་རྒྱ་ནག་ནང་ལོ་བཅུ་གྲངས་གསར་འགྱུར་བཀག་སྡོམ་དང་འཁྱོག་བཤད་བྱས་པ་རེད། ཡིན་ནའང་དེང་སང་རྒྱ་ནག་ནང་ཤེས་ཡོན་ཅན་ཚོའི་ཁྲོད་བོད་ཀྱི་གནས་སྟངས་ཐོག་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་ལ། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཡོང་དུས་བོད་ཀྱི་དཀའ་ངལ་དེ་དྲག་གནོན་བྱས་ཏེ་སེལ་ཐབས་མེད་པར་གཉིས་ཕན་ཐོག་སེལ་ཐུབ་རྒྱུར་བསམ་བློ་འཁོར་གྱི་ཡོད། ང་ཚོས་དབུ་མའི་ལམ་གྱི་ཐོག་ཐབས་ཤེས་བྱེད་བཞིན་པ་རེད། རང་རྒྱལ་གཞན་ཕམ་ཟེར་བ་དེ་མ་རེད། རང་གཞན་གཉིས་ལ་ཕན་པ་ཞིག་རེད། ངས་རྟག་པར་འཛམ་གླིང་གི་དཀའ་ངལ་རྣམས་རང་མཐའ་གཅིག་ཏུ་རྒྱལ། གཞན་མཐའ་གཅིག་ཏུ་ཕམ་དགོས་ན། འཛམ་གླིང་གི་དཀའ་རྙོག་སེལ་ཐུབ་ཀྱི་མ་རེད་ཅེས་བཤད་ཀྱི་ཡོད། འབྱུང་འགྱུར་གྱི་བདེ་བ་དང་སྡུག་བསྔལ་དེ་ཕན་ཚུན་ལ་བརྟེན་ཡོད་དུས། གཉིས་ཕན་འོག་སེལ་རྒྱུ་རེད་མ་གཏོགས་ཕྱོགས་གཅིག་གིས་མཁྲེགས་པོ་བྱས་བསྡད་ན་ཁག་པོ་རེད། དཔེར་ན། པཱ་ལཱི་སཱི་ཐན་ལྟ་བུ་རེད། ཕྱོགས་གཉིས་ཀས་ལྟ་བ་མཁྲེགས་པོ་བཟུང་ཡོང་དུས་རྙོག་དྲ་རྒྱུན་མ་ཆད་པར་ཡོང་གི་ཡོད། བདེན་པའི་འཐབ་རྩོད་དེ་བདེན་པ་བདེན་ཐོག་ཏུ་འཁྱོལ་བར་འཚེ་བ་མེད་པའི་ལམ་ནས་འགྲོ་དགོས། ང་ཚོའི་འཐབ་རྩོད་དེ་བདེན་པའི་འབད་རྩོད་རེད། བདེན་པའི་འཐབ་རྩོད་དེ་འཚེ་བ་མེད་པའི་ཐོག་འགྲོ་རྒྱུའི་རྒྱུ་མཚན་ཆ་ཚང་ཡོད།  བདེན་པའི་འཐབ་རྩོད་ཡིན་ནའང་འཚེ་བའི་ལམ་དུ་ཕྱིན་ན་བདེན་པའི་གཟི་བརྗིད་ཉམས་འགྲོ་ཡི་རེད། འཛམ་གླིང་སྟེང་གི་གནས་ཚུལ་མང་པོ་ཞིག་རྒྱུ་མཚན་བདེན་པ་ཡོད་ཀྱང་འཚེ་བའི་ཐོག་འགྲོ་སྐབས་རྙོག་དྲ་མང་པོ་ཞིག་ཡོང་གི་ཡོད། དཔེར་ན་ཨི་རག་དང་ཨབ་གྷན་ལྟ་བུ་རེད། དེ་ཡིན་དུས། བདེན་པའི་འཐབ་རྩོད་བྱེད་ན་འཚེ་བ་མེད་པའི་ལམ་དུ་འགྲོ་དགོས་རྒྱུ་གལ་ཆེན་རེད། དོན་ཆེན་བསྒྲུབ་པར་ངང་རྒྱུད་རིང་ཟེར་བ་ལྟར། འདས་པའི་ལོ་ ༥༠ རིང་ང་ཚོས་ངང་རྒྱུད་རིང་པོའི་ལས་ཀ་མང་པོ་བྱས་ཡོད་སྟབས། བོད་ཀྱི་བདེན་མཐའ་སེལ་རྒྱུར་ཐག་ཆོད་པ་ཞིག་རེད། བདེན་མཐའ་སེལ་བར་རྐྱེན་མང་པོ་ཞིག་འཛོམ་དགོས་པ་རེད། ད་ལྟ་རྒྱ་ནག་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་ལ། ཡིག་ཆ་ཁག་ཏུ་རྒྱ་ནག་ཏུ་ནང་པ་ས་ཡ་ ༣༠༠ ཙམ་ཡོད་སྐོར་རྗོད་ཀྱི་འདུག ནང་པའི་གྲངས་འབོར་མང་དུ་ཕྱིན་པ་དེ་ང་ཚོའི་མཐུན་པའི་རྐྱེན་ཆགས་པ་རེད ” ཅེས་གསུངས་སོང་།

 

༧གོང་ས་མཆོག་གིས་བོད་ནང་གི་ཁོར་ཡུག་དང་འབྲོག་ས་གནས་སྤོར་སྐོར་ལ་གསུངས་དོན།  “ བཙན་བྱོལ་དུ་མ་འབྱོར་གོང་ང་ཚོར་ཁོར་ཡུག་ལ་དོ་སྣང་ཡོད་པ་མ་རེད། དེའི་སྐོར་ཤེས་ཀྱི་ཡོད་པ་མ་རེད། ད་ཆར་འཛམ་གླིང་མི་འབོར་དུང་ཕྱིར་༧༠འཚོ་གནས་ཐུབ་དང་མ་ཐུབ་ཀྱི་གནས་སུ་ལྷུང་ཡོད་སྟབས། རྒྱལ་ཁབ་སོ་སོའི་སྲིད་གཞུང་ཁག་གིས་ཀྱང་ཁོར་ཡུག་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ངས་ཧི་མ་ལའི་རི་རྒྱུད་ཀྱི་ཡུལ་བ་དང་དགོན་སྡེ་ཁག་ཏུ་ཤིང་ནགས་འདེབས་འཛུགས་དགོས་པའི་འབོད་སྐུལ་ཞུས་བསྡད་ཡོད། བོད་ནང་སྡོད་མཁན་ཚོས་ཀྱང་རང་ཉིད་སྡོད་སའི་ཡུལ་དང་དགོན་པའི་ཉེ་འཁོར་དུ་ཤིང་ནགས་འདེབས་འཛུགས་ཐུབ་ན་ཡག་པོ་འདུག ཤིང་ནགས་འདེབས་འཛུགས་བྱ་རྒྱུ་ལུང་པ་སྤྱི་ལ་ཕན་གྱི་ཡོད། དེ་ཆབ་སྲིད་གནད་དོན་ཆགས་ཡོད་པ་མ་རེད ” ཅེས་དང་། “ དེང་སྐབས་བོད་ནང་གི་འབྲོག་ས་ཁག་གྲོང་བརྡལ་ཅན་དུ་བསྒྱུར་ཏེ། འབྲོག་པའི་ལོ་ངོ་སྟོང་ཕྲག་རིང་གི་འཚོ་བ་རོལ་སྟངས་ལ་འགྱུར་བ་ཐེབས་བཞིན་པ་དེ། འབྲོག་པ་རང་ཉིད་ལ་དཀའ་ངལ་འཕྲད་པ་དང་བོད་པའི་གོམས་གཤིས་མེད་པ་ཆགས་འགྲོ་ཡི་ཡོད། སྤྱིར་ཡིན་ན་འབྲོག་པ་དེ་ཚོར་འབྲོག་ས་རང་ནས་འབྲོག་པའི་གནས་སྟངས་དང་འཚམ་པའི་སློབ་གྲྭ་དང་སྨན་ཁང་། ཚོང་ཁང་སོགས་རྒྱག་ཐུབ་ན་ཡག་པོ་ཡོད་པ་རེད། ངས་གོ་ཐོས་ལ་ས་ཆ་ཁ་ཤས་སུ་ར་ལུག་རྣམས་བཙོང་སྟེ་མཐོང་རྒྱུ་མེད་པ་མ་ཟད། ལྷག་པར་དུ་ར་ལུག་ཁྱུ་དང་ཁྱུ་བྱས་ཏེ་རླངས་འཁོར་ནང་བླུགས་ཏེ་འཚོང་གི་ཡོད་པ་རེད་ཟེར་གྱི་འདུག རྒྱུ་ལ་བརྔམས་ཏེ་ཕྱུགས་ཟོག་ལ་སྲོག་གི་འདུ་ཤེས་མ་བཟུང་ན་ཧ་ལས་པའི་སྡིག་པ་རེད། མ་གཞི་དཀར་སྐྱོང་གནང་ཐུབ་ན་འཕྲོད་བསྟེན་ལ་ཕན་གྱི་ཡོད་ཀྱང་། བོད་པར་ཤ་ཟ་རྒྱུའི་གོམས་གཤིས་ཤིག་ཡོད་པ་རེད། ལོ་ངོ་སྟོང་ཕྲག་རིང་བོད་ལ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་མང་པོ་བྱུང་ཡོད་ཀྱང་། ཚང་མས་བོད་ས་ཡོངས་ལ་དམར་ཟས་བཀག་སྡོམ་གནང་མྱོང་མེད་སྟབས། ང་ཚོས་ཆོས་ཕྱོགས་དང་སྤྱི་ཚོགས་གཉིས་ཀྱི་གནས་སྟངས་ལ་བལྟས་ཏེ་བསམ་བློ་གཏོང་དགོས་པ་ཆགས་འདུག ” ཅེས་བཀའ་གནང་བྱུང་།

 

ཁོང་གིས་མུ་མཐུད་དུ་གསུངས་རྒྱུར། “ བདེན་པ་ཡིན་མིན་མི་ཤེས་ཏེ་བོད་ཀྱི་ས་ཆ་ཁ་ཤས་སུ་ནང་མི་གྲོངས་ན་འདས་པོར་མྱ་ངན་ཞུ་རྒྱུའི་ཚབ་ལ་སྤྲོ་སྐྱིད་གཏོང་གི་ཡོད་ས་རེད། དོན་དག་ཕ་མ་སྤུན་མཆེད་གྲོངས་ན་སྡུག་བསྔལ་མ་ཐེགས་པར་སྤྲོ་སྐྱིད་བཏང་བ་ཡིན་ས་རེད། འདས་པོའི་ཆེད་དགེ་བ་བསྒྲུབ་དགོས་པ་རེད་མ་གཏོགས། འདས་པོའི་ཆེད་སྤྲོ་སྐྱིད་གཏོང་བ་དེ་ཡག་པོ་ཁྱོན་ནས་མ་རེད། བོད་ལ་དེ་འདྲའི་གོམས་གཤིས་ཡོད་པ་མ་རེད། དེ་བཞིན་དེང་སྐབས་བོད་ནང་དུ་དཔལ་འབྱོར་ཕྲན་བུ་ཡག་ཏུ་འགྲོ་སྐབས་མང་ཚོགས་ནང་མཱ་ཅང་རྒྱག་པ་དང་། ཤོ་སྦག་སོགས་རྒྱན་འཛུགས་སྣ་ཚོགས་བྱེད་པ་དང་། ཆང་དང་ཨ་རག་ཚོད་མེད་འཐུང་མཁན་ཡོད་ཚོད་རེད། དེ་འདྲའི་རིགས་རྩ་བ་ནས་གནང་རྒྱུ་ཡོད་པ་མ་རེད། བོད་ནང་གི་བོད་མི་ཚོས་དམིགས་བསལ་ཤེས་ཡོན་ཐོག་ཤུགས་རྒྱག་དགོས་ཀྱི་འདུག གཞོན་སྐྱེས་ཚོར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཚད་ལོངས་པ་ཞིག་དགོས་ཀྱི་འདུག ” ཅེས་གསུངས་བྱུང་།

 

མཐར་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོགས་ལ་རྩིས་སྤྲོད་གནང་ཕྱོགས་སྐོར་གསལ་བཤད་གནང་དོན། “རྩ་བའི་ཆབ་སྲིད་སྐོར་ཊོག་ཊར་བློ་བཟང་སེང་གེས་འགྲེལ་བཤད་རྒྱག་གི་རེད། ཡིན་ནའང་གསལ་བཤད་ཐུང་ཐུང་ཞིག་ཞུས་ན། ཉེ་ཆར་ངས་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་པ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་དགའ་ལྡན་ཕོ་བྲང་དམངས་གཙོའི་ཐོག་འགྲོ་རྒྱུའི་མགོ་བཙུགས་པ་རེད། དེ་ནས་གོམ་པ་རིམ་སྤོ་བྱས་ཏེ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་ཐད་ཀར་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་བདམས་པ་རེད། དེ་ནས་ངའི་གནས་སྟངས་ཕྱེད་རྒན་ཡོལ་ཆགས་པ་རེད་ལ། ཆབ་སྲིད་ཀྱི་གལ་ཆེའི་གནད་དོན་རྣམས་བཀའ་བློན་ཁྲི་པས་ཐག་གཅོད་ཀྱི་ཡོད། ལོ་བཅུའི་རྗེས་ཏེ་ ༢༠༡༡ ལོར་བློ་བཟང་སེང་གེ་ལ་མང་མོས་རྒྱབ་སྐྱོར་ཐོབ་པ་རེད། འོས་བསྡུའི་སྐབས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ཏེ་འོས་བསྡུ་ཡག་པོ་བྱུང་ཡོད་པ་རེད། བློ་བཟང་སེང་གེ་ལགས་གཞོན་ནུའི་དུས་ནས་ངས་ངོ་ཤེས་ཀྱི་ཡོད། དེང་དུས་ཀྱི་ཤེས་ཡོན་ཐོག་རྩེར་སོན་པ་རེད། ལྷག་བསམ་རྣམ་དག་དང་སྙིང་སྟོབས་ལྡན་པ་ཞིག་ཡོད་པས་ཞེ་དྲག་ཡག་པོ་ཡོད། མི་རབས་རྒན་པ་ཚོས་ལོ་ ༥༠ རིང་ཤུགས་བརྒྱབ་སྟེ་རྨང་གཞི་ཡག་པོ་བཞག་ཡོད། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད། དེང་དུས་ཤེས་ཡོན་ཆ་ཚང་ཡོད་མཁན་ཞིག་གིས་འགན་འཁུར་རྒྱུ་དེ་དུས་ལ་བབ་པ་ཞིག་རེད། ང་རང་མི་ཚེ་ཧྲིལ་པོར་ཕྱེད་རྒན་ཡོལ་ལ་བསྡད་ན་དགོས་པ་ཡོད་པ་མ་རེད། དེ་ལས་རྒན་ཡོལ་ཆ་ཚང་ཞུས་ན་ཡག་པོ་ཡོད་པ་རེད། དེ་སྔ་རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་བའི་བར་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་ཀྱི་འགན་ཡོད་པ་མ་རེད། ༧གོང་ས་ལྔ་པ་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་པ་རེད། ལོ་ ༤༠༠ ཙམ་གྱི་དགའ་ལྡན་ཕོ་བྲང་གི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་པ་དེ། སྐུ་ཕྲེང་བཅུ་བཞི་པའི་མིང་ཡོད་པའི་ང་རང་གིས་དགའ་བཞིན་སྤྲོ་བཞིན་དང་སྤོབས་པའི་ཐོག་མཚམས་བཞག་ན། རྒྱལ་བ་སྐུ་ཕྲེང་གོང་མ་ཚོར་ཞབས་འདེགས་ལ་འགྲོ་བ་རེད། ཁྱེད་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆ་ཤས་ཤིག་ཡིན་སྟབས། ཁྱེད་ཚོར་ཞུ་རྒྱུ་ཞིག་ལ། ངས་ཐག་གཅོད་བྱས་པ་དེ་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བལྟས་ཏེ་ཐག་གཅོད་བྱས་པ་ལས། ང་རང་སེམས་ཤུགས་ཆག་པ་དང་ལུས་པོའི་མ་ལྕོག་པ་དེ་འདྲ་མིན། ངའི་གཟུགས་པོའི་གནས་སྟངས་ལ་བལྟས་ན་ད་དུང་ལོ་ཉི་ཤུ་སུམ་བཅུར་སྡོད་ཐུབ་ཀྱི་རེད་བསམ་གྱི་ཡོད། རང་ཉིད་གངས་ཅན་པ་ཞིག་ཡིན་པའི་ངོས་ནས་མ་ཤི་བར་རྩ་དོན་ཐོག་ཤུགས་རྒྱག་རྒྱུ་ཡིན ” ཞེས་གསུངས་བྱུང་།

 

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༣ སྔོན་ལ།

མཆན། 14

  1. པོ་ཏཱ་ལ says:
    ལོ་ 13 སྔོན།

    ང་ནི་ཉིན་ཤས་སྔོན་དྲ་ནང་སླེབས་ཅིང་ད་ལྟ་པོ་ཏ་ལ་ཡིན་་་་དྲ་ནང་ཡོང་བའི་དམིགས་ཡུལ།།།།་་་་་་བོད་པའི་སྤྱི་ཚོགས་ནང་མདོ་སྨད་ཕྱོགས་ནས་ཤེས་ཡོན་ཅན་ཁ་ཤས་ཡོད་པ་དེ་ཚོ།་་་རྒྱ་མིས་རིམ་བཞིན་མེད་པར་བྱེད་ཅིང་།་་བོད་མིས་ཀྱང་ལྟ་ལོག་དང་དམ་ཉམས་སོགས་ཟེར་ནས་དངོས་རྒྱུད་ནས་གནོད་འཚེ་ངང་མེད་པར་བྱེད་ཅིང་།་་་ད་ལྟ་རྨོངས་དད་ཀྱི་མགོ་བོ་རིམ་པ་དགུ་དཀྲིས་ནས་ནམ་ཡང་བླ་མི་གྲ་རིམ་ནས་ཐར་པ་མེད་པའི་སེམས་ཅན་དེ་ཚོ་་་་་་་་་་་་ཅི་བྱས་ཀྱང་མི་འགྲིག་ཅིང་རིགས་གཞུང་སྲུང་དགོས་པའི་སེམས་ཅན་་དེ་ཚོ་་་་་་་་་ཐབས་ཀྱི་ལམ་སྟོན་མེད་པར་དགོས་པའི་ཆ་རྐྱེན་མང་ཞིང་འགྲུབ་དཀའ་པའི་སེམས་ཅན་དེ་ཚོ་་ཨོ་ཧོ་་་་་ད་ཁྱེད་ཚོས་མ་འོངས་དྲན་གུ་འདུག་གམ་་

    Reply
  2. 0123456789 says:
    ལོ་ 13 སྔོན།

    ཁྱུང་རང་གྲོལ་་་ཁྱེད་ཀྱིས་གོང་ས་མཆོག་མི་གཞན་གྱི་འབོད་བསྐུལ་འོག་བཀའ་སློབ་གསུང་དགོས་པ་དང་སྲིད་འཛིན་བློ་བཟང་སེང་གེས་ལས་དོན་མ་ཐོན་པའི་སྐྱོན་བརྗོད་འདིར་བསམ་ཚེ་དུས་དབང་སྐབས་ཕེབས་པའི་མི་ལྔ་བརྒྱ་ནང་ནས་བརྡ་ཅིག་ཡིན་འགྲོ་།་་ཀུ་རེ་ཡིན་ལགས

    Reply
  3. 0123456789 says:
    ལོ་ 13 སྔོན།

    སྐབས་འདིར་༧གོང་ས་མཆོག་གི་དམར་ཟས་སྐོར་གི་བཀའ་སློབ་དང་།་་ཉེ་ཆར་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་ལགས་ཀྱིས་༼༢༠༠༨ལོར་ང་ཚོ་ཇིནི་ཝར་ངོ་རྒོལ་བྱེད་དུ་ཕྱིན་སྐབས་་སྐུ་སྲོག་བློས་གཏང་གནང་མཁན་གཞོན་ནུ་མང་པོའི་སྐུ་སྤར་བཤམ་བཞག་པ་དེ་དག་མཐོང་དུས་མིག་ནས་མཆི་མ་ཤོར་སྟེ་སེམས་ཞི་དྲག་སྐྱོ་བྱུང་།་་་རྒྱ་གཞུང་གི་བཙན་འཛུལ་འོག་ཁོང་རྣམས་པའི་སྐུ་སྲོག་ཤོར་བ་རེད་
    ཡིན་་ནའང་མི་རིགས་ཀྱི་འཐབ་རྩོད་ཆ་ནས་ཞེ་དྲག་ཡག་པོ་རེད་་་འགན་དེ་གཞོན་ནུ་ཚོར་ཡོད་པ་རེད་།་ཁོང་ཚོས་འགན་དེ་ཁུར་ཐུབ་འདུག་བསམ་བྱུང་་་སླད་ཕྱིན་ཀྱང་ཁོང་རྣམ་པའི་སྙིང་སྟོབས་ལ་སློབས་སྦྱོང་བྱས་ཏེ་་་ཚེ་སྲོག་འཕྲོ་བརླག་མ་སོང་བའི་ཐོག་རྒྱ་གཞུང་ལ་ངོ་རྒོལ་བྱ་དགོས་པ་རེད་༽ཅེས་གསུང་་་ལམ་སྟོན་གྱི་གསུང་འདི་ཚོར་ལྟར་ན་ཚེ་སྲོག་འཕྲོ་བརླག་འགྲོ་མཁན་དེ་ཆོས་དང་འཇིག་རྟེན་གང་ཡང་མི་འགྲུབ་པའི་བཙན་བྱོལ་ནང་འདི་ཚོ་རེད་བསམ་་་བོད་མི་རང་ལུས་མེ་བསྲེག་གཏང་ཡ་དེ་གདམས་ཁ་ཅན་གྱི་ལམ་ནས་ཤོར་སོང་བ་མིན་ལ་་་བོད་མིས་ཕྱོགས་གཉིས་གཟིགས་ནས་བོད་མི་རྩ་དོན་རྩོད་ཡ་ལ་རྒྱབ་སྐྱོར་གནང་རོགས་ཞུ།།།།ལར་ཆོས་བྱེད་མཁན་འདི་ཚོས་ཆོས་ཡག་པོ་བསྒྲུབ་ཐུབ་ན་དེ་ཡང་ལས་ཀ་ཅིག་རེད།།།

    Reply
  4. 0123456789 says:
    ལོ་ 13 སྔོན།

    ཆོས་འཕེལ་ལགས་ཞུ་རྒྱུ་་།༧གོང་ས་མཆོག་གིས་གསུང་དོན་་དམར་ཟས་ཆོས་ཕྱོགས་ནས་བཀག་ཡོད་པས་སྤང་ཐུབ་ན་ཡག་པོ་ཡིན་ཀྱང་་་བོད་འབྲོག་ལྟ་བུ་འཚོ་བ་ཕྱུགས་ཟོག་བརྟེན་དགོས་པ་དེ་ཚོས་དམར་ཟས་སྤང་ན་འཚོ་བའི་སྐོར་དཀའ་ངལ་ཡོད་ཙམ་ཁོང་ནས་དམིགས་གསལ་བཀག་གི་མེད་ལ་་་མ་ཟད་ཕྱུགས་རིགས་རྒྱུན་བཅོད་ངང་བཤས་རར་རྒྱབ་ན་ཆོས་ཕྱོགས་ནས་ཉེས་དམིགས་ཆེ་བ་དང་་སྤྱི་ཚོགས་ནང་བོང་འབྲོག་གི་ངོ་བོ་རླག་འགྲོ་བས་དེ་རིགས་མི་ཡོང་བ་དགོས་གསུང་པ་སྣང་ངོ་་་།།།།་་གསུང་འདི་ཚོ་སྤྱི་ཚོགས་ལམ་སྟོན་པ་ཚོས་ངེས་པར་ཡིད་འཇག་དགོས་པ་རེད་་་ང་ཚོ་བོད་པ་ཚང་ལ་རྨོངས་དད་ངང་ཆོས་ཕྱོགས་ཀྱི་བསམ་བློ་ཤུགས་ཆེན་ཡོད་སྟབས་སྐབས་རེ་ནོར་འཁྲུལ་ཤོར་གི་ཡོད་་་་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མདའ་མཚོན་གོ་ཆས་མ་བཟུང་བར། །
    རང་ཉིད་གཅིག་པུས་བྱེ་བའི་བདུད། །
    མ་ལུས་ཕམ་མཛད་གཡུལ་གྱི་ལས། །
    ཁྱེད་ལས་གཞན་པ་སུ་ཡིས་ཤེས། །

    Reply
  6. ནད་པ says:
    ལོ་ 13 སྔོན།

    མདའ་མཚོན་གོ་ཆས་མ་བཟུང་བར།།
    རང་ཉིད་གཅིག་པུས་བྱེ་བའི་བདུད།།
    མ་ལུས་ཕམ་མཛད་གཡུལ་གྱི་ལས།།
    ཁྱེད་ལས་གཞན་པ་སུ་ཞིག་མཐོང་།།

    ཅེས་པ་ལྟར་ལགས།

    Reply
  7. གངས་སྨྱུག says:
    ལོ་ 13 སྔོན།

    ཁྱུང་ཆེན་རང་གྲོལ་མིང་གི་ཞལ་འབག་གསོལ་བའི་བློ་ཆོས་ཁྱོད་རང་ལུས་ངག་ཡིད་གསུམ་གྱི་སྤང་བླངས་གང་བཅས་ལ་ཡིད་གཟབ་དགོས་པར་སེམས།

    Reply
  8. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    དོན་ལ་གནས་མིན་ལ་མི་བལྟ་བར་སྐྱོན་བརྗོད་རེ་བྱེད་པ་ནི་ འགྱུར་མེད་སྟན་འཛིན་ལ་འགྱུར་བ་མེད་པའི་ཁྱབ་པ་ཉིད་ཡིན་མོད. འོན་ཀྱང་དེ་རེར་ཅིག་འགྱུར་འདུག་དོན་ཅི

    Reply
  9. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    ངས་མདང་དགོང་ཕ་ཡུལ་ལ་ཁ་པར་བཏང་བ་ཡིན། དེང་སྐབས་ཨ་མདོ་མཚོ་སྔོན་པོ་མཚོ་ལྷོ་ས་ཁུལ་ལ་རྒྱ་གཞུང་གིས་གུ་ཡངས་བཏང་འདུག་ཟེར། ངས་ཁོང་ཚོར་གུ་ཡངས་ཅི་ཞིག་བཏང་འདུག་ཞེས་དྲིས་དུས། ཁོང་ཚོས་བཤད་དོན་མཚོ་ལྷོ་ས་ཁུལ་ན་རྒྱལ་བ་རིན་པོ་ཆེ་ཡི་སྐུ་པར་བཙོང་བཅུག་འདུག་ལ་དེར་མ་ཟད་བོད་པའི་ཚོང་ཁང་མང་ཆེ་བ་ནས་ཁོང་གི་སྐུ་པར་བཤམས་ཏེ་བཙོང་བཞིན་འདུག་ཟེར།

    Reply
  10. ཆོས་འཕེལ says:
    ལོ་ 13 སྔོན།

    “ངས་གོ་ཐོས་ལ་ས་ཆ་ཁ་ཤས་སུ་ར་ལུག་རྣམས་བཙོང་སྟེ་མཐོང་རྒྱུ་མེད་པ་མ་ཟད། ལྷག་པར་དུ་ར་ལུག་ཁྱུ་དང་ཁྱུ་བྱས་ཏེ་རླངས་འཁོར་ནང་བླུགས་ཏེ་འཚོང་གི་ཡོད་པ་རེད་ཟེར་གྱི་འདུག རྒྱུ་ལ་བརྔམས་ཏེ་ཕྱུགས་ཟོག་ལ་སྲོག་གི་འདུ་ཤེས་མ་བཟུང་ན་ཧ་ལས་པའི་སྡིག་པ་རེད། མ་གཞི་དཀར་སྐྱོང་གནང་ཐུབ་ན་འཕྲོད་བསྟེན་ལ་ཕན་གྱི་ཡོད་ཀྱང་། བོད་པར་ཤ་ཟ་རྒྱུའི་གོམས་གཤིས་ཤིག་ཡོད་པ་རེད། ལོ་ངོ་སྟོང་ཕྲག་རིང་བོད་ལ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་མང་པོ་བྱུང་ཡོད་ཀྱང་། ཚང་མས་བོད་ས་ཡོངས་ལ་དམར་ཟས་བཀག་སྡོམ་གནང་མྱོང་མེད་སྟབས། ང་ཚོས་ཆོས་ཕྱོགས་དང་སྤྱི་ཚོགས་གཉིས་ནས་བསམ་གནོ་གཏོང་དགོས་ཀྱི་འདུག” གོང་ས་མཆོག་གིས་བོད་ནང་དུ་སྒོ་བཤས་བྱེད་པར་བཀག་འགོག་྄ཆོས་སྲིད་གང་ཐད་ནས་མེད་གསུངས་པ་རེད་དམ། བཤས་རྭར་རྒྱག་རྒྱུར་མི་འགྲིགས། སོ་སོས་ཤ་གསོལ་ཡ་དེ་ལོ་ངོ་སྟོང་ཕྲག་མང་པོའི་གོམས་བཤིས་ཡིན་པས་གོམས་བཤིས་དེ་བཞག་རྒྱུ་མེད་གསུང་པ་ཡིན་ནམ། འབྲེལ་བཤད་རྒྱག་མཁན་སུ་ཡོད་དམ་བཀའ་སློབས་འདིའི་དངོས་ཤུགས་རྒྱུད་གསུམ་གྱི་གོ་དོན།

    Reply
  11. ཡུལ་གྱར་བའི་མི་ཚེ། says:
    ལོ་ 13 སྔོན།

    སྨར་རླུང་དཔའ་ལ་ལགས་ཀྱི་གསུང་པ་དེ་དངོས་གནས་རེད་། དེ་ལ་རྗེསུ་ཡིད་རང་ཡོད་། ཉིན་མཚན་མེད་པར་ཤོ་བག་རྒྱན་འཛུགས་བྱེད་མཁན་རིགས་ལ་བཀའ་སློབ་དཔེ་ཡག་པོ་གསུང་འདུག ཁྱེད་ཀྱི་འབོད་བསྐུལ་དེ་ལེགས་གྲུབ་ཡོང་པ་ཤོག

    Reply
  12. ཁྱུང་ཆེན་རང་གྲོལ། says:
    ལོ་ 13 སྔོན།

    ད་དུང་འདི་འདྲ་ཞིག་གསུངས་སོང་བསམས་སོང་། བློ་བཟང་སེང་གེ་རྒྱ་གར་ནས་སྐྱེས། བོད་མཐོང་མྱོང་མེད་ཀྱང་ཨིན་ཇིའི་ཡག་པོ་ཤེས་ཀྱི་ཡོད། ཉེ་འཆར་ཨ་རི་དང་ཡོ་རོབ་སོགས་སུ་སོང་བས་འགོ་འཚོས་པོ་འདུག་ཟེར་མཁན་བྱུང་། གང་ལྟར་ངས་སྲིད་དབང་རྩིས་སྤྲོད་བྱས་པ་དེ་༧རྒྱལ་དབང་༧གོང་མ་ཚོའི་མཚན་ཤས་ཆགས་ན་ཡག་པོ་མི་འདུག་པས། ངས་མི་མང་གི་འདེམས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་བྱས་པ་ཕུགས་རྒྱང་རིང་པོར་ཕན་ཐོག་ཡོད། ཁྱེད་ཚོས་བློ་བདེ་བོ་བྱོས། ཞེས་ཀྱང་བཀའ་གནང་སོང་ལ།
    དམིགས་བསལ་བཀའ་སློབ་ནང་བློ་སེང་ལ་ཐག་པ་རྒྱབ་ནས་ཡར་འཐེན་གྱི་འདུག དེར་ལྟོས་ན་༧གོང་ས་མཆོག་ལ་བློ་སེང་ལ་བསྟོད་བསྔགས་ཅིག་གཏོང་དགོས་པའི་སྙན་གསེང་ཞུ་མཁན་ཞིག་བྱུང་མེད་འགྲོ་བསམས་སོང་། དེ་རིང་སང་ཉིན་བློ་སེང་ལ་མདོག་འདྲ་སླེབས་རྒྱུ་མེད་པ་དང་མང་པོས་ནག་འདེད་བྱེད་ཀྱི་ཡོད་ཙང་མིན་འགྲོའང་བསམ་པ་བྱུང་།

    Reply
  13. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ངོས་ཀྱིས་སྔོན་ནས་རེ་བསྐུལ་མང་པོ་ཞུས་ཡོད། ཡིད་བཞིན་གྱི་ནོར་བུ་བོད་གཞིས་བྱེས་གཉིས་གྱི་སྐྱབས་གནས་དམ་པ། ངོས་ཀྱི་འབོད་བསྐུལ་འདི་གཟིགས་ཀྱི་ཡོད་ན། བོད་ནང་དང་ལྷག་པར་དུ་ཁམས་པ། ཨ་མདོ་གཉིས་དང་། ཁམས་ནས་དཀར་མཛེས་དང་། གོ་འཇོ་དང་། རེ་ཁེ་སོགས་སུ་དམིགས་ཀྱི་བཀར་ནས། སྤུན་ཟླ་ནང་བསད་དང་ནང་རྐུན། བོད་མི་རིགས་ཀྱི་ཞབས་འདྲེན་དེ་ཚོ་དུས་ད་ནས་བཟུང་མཚམས་འཇོག་དགོས་པའི་གསུང་གསང་གནད་དུ་སྨིན་པ་ཞིག་ཅི་ནས་ཀྱང་གནང་ཐུབ་པའི་རེ་བ་དང་གསོལ་འདེབས་སྙིང་ནས་ཡང་ཡང་ཞུ་གི་ཡོད། ཡིད་བཞིན་གྱི་ནོར་བུའི་དབུ་ཁྲིད་པའི་བཀའ་ཁྲི་བློ་སེང་དང་། འབྲེལ་ཡོད་རང་གཞུང་གི་ལས་བྱེད་མི་སྣ་རྣམས་ནས་དེ་ཡི་བསྐོར་ལ་བཀའ་མོལ་ལྷུག་པོ་ཞིག་གནང་མ་ཐུབ་ན། རྒྱ་དམར་པོས་མི་སེར་ནང་འགལ་ཞེས་གང་བྱེད་ན་བྱེད་དུ་བཅུག་པ་ལས། གྲི་གི་རྣོ་ངར། མེ་མདའི་ཕུག་ཤད་སོགས་ལ་བཀག་འགོག་དེ་ཙམ་མེད་པར། ག་བ་ནས་ཉོ་ན་ཉོ་ཆོག་ཆོག་གི་ལག་ཆ་དེ་ཚོས། ནང་ཕུ་ནུ་དམར་གསོད་གཏོང་བ་ལ་ཡ་ང་དང་བག་ཚ་ཙམ་ཡང་མེད་པར། ནང་ཕུང་ཁྲེལ་མེད་དེ་རིགས་ལ་རྒྱ་གཞུང་ནས་དོ་སྣང་མི་བྱེད་པར་བརྟེན། ཕོ་སུ་རྒོད་དང་མདའ་སུ་སྐྱེན་གཅིག་པུ་གཏུག་ནས། འགྲོ་ལམ་ལ་ཡང་འཇིགས་སྐྲག་ཁོ་ན་ལས་མི་འདུག་ཞེས་ལབ་ཀྱི་འདུག་པ་མ་ཚད། ངོས་ཀྱི་གྲོང་པ་ན། དེ་འདྲ་དངོས་སུ་བྱུང་ནས་སྐྱེས་པ་དར་མ་མང་པོ་བསད་ཤོར་འདུག་པས། དེའི་ཐད་ལ་དམིགས་གསལ་གྱིས་བཀའ་སློབ་ཞིག་ཅི་ནས་ཀྱང་གནང་ཐུབ་པ་མཁྱེན་མཁྱེན་ཞེས། ལག་ཐལ་མོ་སྦྱར་ནས་ཡང་ནས་ཡང་དུ་ཞུ་འབོད་བསྐུལ་གྱི་ཡོད། ཡང་ནས་ཡང་དུ་ཞུ་འབོད་བསྐུལ་གྱི་ཡོད། ཡང་ནས་ཡང་དུ་ཞུ་འབོད་བསྐུལ་གྱི་ཡོད།་་་་་་་་་་་་་་་

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    མངོན་པར་བསྟོད་དོ་ལེགས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese