དེ་རིང་ཉིན་རྒྱབ་རྒྱ་ནག་གི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་ཨ་མདོ་རྔ་པ་རྫོང་ཐོག་ཏུ་གྲྭ་བ་ཞིག་དང་མི་སྐྱ་ཞིག་བཅས་མི་གཉིས་ཀྱིས་ལྷན་དུ་རང་ལུས་མེར་བསྲེགས་བཏང་ཡོད་འདུག
ད་ལྟ་རིང་གནས་ཚུལ་འབྱོར་གསལ་ལ། ༧གོང་ས་མཆོག་གིས་རྡོར་གདན་གསུང་ཆོས་ར་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསུང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་བཀའ་ཆོས་མགོ་འཛུགས་གནང་མ་ཐག བོད་ཨ་མདོ་རྔ་པ་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་ནང་མི་ཚོ་ཚོར་༧གོང་ས་མཆོག་གི་གསུང་སྐད་ཐོས་སུ་འཇུག་ཆེད་བོད་དུ་ཁ་པར་བཏང་སྐབས། དེ་རིང་ཉིན་རྒྱབ་རྒྱ་ནག་གི་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་ལ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་གྲྭ་བ་གཅིག་དང་མི་སྐྱ་གཅིག་བཅས མི་གཉིས་ཀྱིས་ལྷན་ཏུ་རང་ལུས་མེར་བསྲེགས་བཏང་ཡོད་སྐོར་བརྗོད་འདུག སྐབས་དེར་ཁོང་གཉིས་ཀྱིས་ཕྱག་ཐལ་མོ་སྦྱར་ཅིང་། ཞལ་ཀིརྟི་དགོན་པའི་ཕྱོགས་སུ་འཁོར་ནས་འབོད་ཚིག་མང་པོ་ཞིག་བསྒྲགས་ཡོད་ཀྱང་། རོབ་ཙམ་ཐོས་པ་ནི་ “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས” ཅེས་པ་འདི་དག་ཡིན་འདུག ཡུན་ཙམ་གྱི་རྗེས་སུ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་འབྱོར་ཏེ་བཙན་ཁྲིད་བྱས་ཡོད་འདུག
ཁ་པར་གཏོང་ཡུལ་དེས་མཐོང་གསལ་ལྟར་ན། གྲྭ་བ་དེ་ཕལ་ཆེར་སྐུ་གྲོངས་ཡོད་པ་དང་། མི་སྐྱ་དེའི་གནས་སྟངས་གསལ་བོ་ཤེས་མ་ཐུབ་ཀྱང་མེ་ཤུགས་ཧ་ཅང་ཆེན་པོ་འབར་ཡོད་པས་ཚེ་སྲོག་ཤོར་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག དེ་མིན། གྲྭ་བ་དེ་དང་མི་སྐྱ་དེ་གཉིས་གང་ནས་ཡིན་པ་དང་ལོ་ཚོད་དང་མིང་སོགས་ད་སྔ་གསལ་བོ་ཤེས་རྟོགས་ཐུབ་མ་སོང་ཟེར།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།