ཀན་ལྷོ་རྨ་ཆུ་ས་ཁུལ་གྱི་ཞི་རྒོལ་ཁྲོད་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཤེས་རབ་ལགས་ལོ་གཉིས་ལྷག་གི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཉེ་ལམ་གློད་གྲོལ་ཐོབ་འདུག
ངྷ་ས་གནས་སྡོད་ཆབ་སྲིད་བཙོན་ཟུར་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་གཞུང་གིས། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་གི་ས་བྱི་ཞི་རྒོལ་ཆེན་མོའི་ཁྲོད་མཉམ་ཞུགས་གནང་སྟེ། སྲིད་གཞུང་གི་རྭ་བསྐོར་ནང་ཡོད་པའི་རྒྱ་མིའི་རྒྱལ་དར་མར་ཕབ་མཁན་གྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་དང་ལོ་ ༢ ཀྱི་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་ཤེས་རབ་ལགས་ཉེ་ལམ་གློད་གྲོལ་ཐོབ་འདུག
རང་ལོ་ ༢༤ ཡིན་པའི་ཤེས་རབ་བམ་མིང་གཞན་ལ་ཤེས་རབ་གོའུ་ལུ་མ་འབོད་པ་ཁོང་ནི། རྨ་ཆུ་རྫོང་མཛོ་དགེ་ཉི་མ་སྡེ་བ་ནས་ཡིན་ཞིང་། ༢༠༠༨ ལོར་ཁོང་མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་གི་ས་བྱི་ཞི་རྒོལ་ཆེན་མོའི་ཉིན་དང་པོར་ཁོང་དང་གཞན་བོད་མི་གཉིས་བཅས་ཀྱིས། སྲིད་གཞུང་གི་རྭ་བསྐོར་ནང་ཡོད་པའི་རྒྱ་མིའི་རྒྱལ་དར་མར་ཕབ་སྟེ་ཤུལ་ཏུ་ཁ་བཏགས་ཤིག་བཏགས་ཡོད་འདུག་ལ། ཕྱིས་སུ་རྒྱ་ནག་གཞུང་ཤེས་རྟོགས་བྱུང་སྟེ། ༢༠༠༩ ལོའི་ཕྱི་ཟླ་ ༨ པ་ནས་བཟུང་འཛིན་བཟུང་བཀག་ཉར་བྱས་འདུག གློད་གྲོལ་ཐོབ་རྗེས་རང་ཡུལ་ནས་འདུག་ཐབས་མེད་པར་ས་ཁུལ་གཞན་དུ་བྲོས་བྱོལ་གྱི་ཚུལ་དུ་སྡོད་དགོས་བྱུང་ཡོད་ནའང་། ༢༠༠༩ ལོའི་ལོ་མཇུག་ཏུ་སླར་ཡང་ཁོ་དང་ཤེས་རབ་བམ་མིང་གཞན་ལ་ཞོ་ཁ་འབོད་པ་ཞིག་དང་། གཞན་མཛོད་དགེ་ཉི་མ་ནས་ཡིན་པའི་གཞོན་སྐྱེས་ཞིག་བཅས་མི་ ༣ བཟུང་བྱས་ཏེ། ༢༠༡༠ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་རྨ་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་གསུམ་ལ་ལོ་ ༢ རེའི་ཁྲིམས་ཐག་བཅད་དེ་ད་ལྟའི་བར་བཙོན་འཇུག་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀ་ཡས་མས་སུ་ཁོང་ཀན་སུའུ་ཞིང་ཆེན་གཙོད་ཁྱེར་ནས་གློད་གྲོལ་བཏང་ཡོད་ཀྱང་། གཞན་གཉིས་གློད་གྲོལ་བཏང་ཡོད་མེད་དང་བཙོན་ཁང་གང་དུ་བཙོན་འཇུག་བྱས་མིན་སོགས་ཀྱི་གནས་ཚུལ་ཅི་ཡང་ཤེས་མེད་པར་ལྷག་ཡོད་འདུག
གསར་འགོད་པ། དོན་གོ