༼ བོད་ནང་གི་བོད་པ་ཚོ་ངེས་པར་ཡར་ལངས་དགོས་པ་རེད། སྡེབ་ལངས་བྱེད་དགོས་པ་རེད། མེ་ལྕེ་དེ་དག་ཀྱང་འབར་དགོས་པ་རེད། མུ་མཐུད་ནས་རྣམ་གྲངས་མང་བ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། ད་མཚམས་ཤིག་བཞག་ན་ད་ལྟ་འགྲོ་བཞིན་པའི་མེ་ལྕེ་ལས་འགུལ་འདི་ལོ་རྒྱུས་ལ་འགྱུར་འགྲོ་གི་རེད། ༽
______བོན་རྒྱ་བསྟན་འཛིན་རབ་རྒྱས།
༡ ༽ བོད་ནང་གི་མེ་ལྕེ་ད་དུང་འབར་དགོས་ནི་རེད།
དེང་སང་ཡ་མཚན་པ་ཞིག་ལ། སྨྱུག་ཐོགས་པ་ཕལ་ཆེ་ཞིག་ཆོས་པ་ཡ་མཚན་ཅན་རེ་ལ་གྱུར་འདུག་པ་མ་ཟད། རྒྱ་གཞུང་གིས་གླེང་འགེལ་མ་བྱས་སྔོན་ལ་བོད་ནང་གི་ཞི་བའི་གྱེན་ལངས་ཀྱི་འབྱུང་རྩ། འདི་ནས་བཀའ་སྤྱི་གཉིས་ཀྱིས་མཆོད་འབུལ་རྒྱ་ཆེན་རེ་བྱས་པ་དེ་ལ་འཁེལ་འདུག་རབས་ཀྱི་མཆུ་ཏོ་བསྲིངས་ནས་ཡོང་གི་འདུག ངས་ཁྱོད་ཚོར་འདྲི། བོད་ནང་གི་སྤུན་ཟླ་ཚོའི་ཚེ་སྲོག་སོང་ནའང་འུ་ཚོས་མ་ཎི་བཏོན་མི་ཆོག་པ་ཨེ་རེད། ཡང་ན་འུ་ཚོས་མུན་ནག་ནང་ནས་ཆོས་བཅའ་དགོས་པ་ཨེ་རེད། ཡང་ན་འུ་ཚོས་ཀྱང་བོད་ནང་གི་མེ་ལྕེ་གསོད་ཐབས་ལ་འབད་དགོས་པ་ཨེ་རེད། ངས་ཁྱོད་ཚོར་གསལ་བོར་བཤད་འདོད་པ་ཞིག་ལ། བོད་ནང་གི་མེ་ལྕེ་དེ་ད་དུང་འབར་དགོས་པ་རེད་ལ། དྲག་ཤུགས་ལྡན་པ་དང་རྣམ་གྲངས་མང་པོའི་སྒོ་ནས་འབར་དགོས་པ་རེད། རྒྱལ་ཁབ་ཅིག་འཛུགས་པ་ལ་མི་རྒྱུ་ཚེ་སྲོག་གི་འགྲོ་གྲོན་མེད་པར་བདེ་བདེ་འཇམ་འཇམ་དང་དགའ་སྐྱིད་གླུ་རོལ་གྱི་ཁྲོད་ནས་ནམ་ཡང་སྒྲུབ་ཐབས་མེད་པ་ཞིག་ཡིན་ནི་རེད། གནད་འགག་གི་སྐབས་འདིར་མི་དགོས་སར་མི། ཚེ་སྲོག་དགོས་སར་ཚེ་སྲོག དཔལ་འབྱོར་དགོས་སར་དཔལ་འབྱོར། ཁྱབ་བསྒྲགས་དགོས་སར་ཁྱབ་བསྒྲགས་བྱེད་དགོས་པ་ལས་བོད་ནང་གི་མེ་ལྕེ་རེ་འབར་ན་རྒྱ་ནག་གིས་གསོད་ཐབས་ལ་ཞི་དྲག་གཉིས་ཀ་བརྟེན་གྱིན་པར་གདོང་ལེན་རེ་མི་འོས་ནའང་། འུ་ཚོས་ཀྱང་རྒྱ་ནག་གི་རེ་འདུན་ལ་རོགས་འདེགས་བྱས་ན་ག་ལ་འགྲིག དེ་ལྟར་བྱས་ན་རང་མགོ་རང་གིས་གཡོགས་པ་རེད་ལ། ཚེ་སྲོག་སྔ་མ་དག་ཆུད་ཟོས་སུ་བཏང་བའང་རེད། མེ་ལྕེ་འདི་ཡུན་རིང་ལ་འབར་ཐུབ་ཁེགས་པོ་ཡིན་པ་མ་ཟད། འདི་ལ་འབར་ཡུན་ཐུང་ངུ་ཞིག་ལས་ཡོད་པ་མ་རེད་སྙམ་ནས་ང་ལ་སེམས་ཁུར་ཡོང་གི་འདུག མེ་ལྕེའི་ལས་འགུལ་འདིའི་མཇུག་མ་སྒྲིལ་སྔོན་ལ་རྒྱལ་སྤྱིའི་གསར་ལམ་ཁག་གི་དོ་སྣང་བོད་ལ་འདྲེན་ཐབས་དང་། སྲིད་གཞུང་ཁག་གི་དྲི་བ་རྒྱ་ནག་ལ་སྐོར་ཐབས། ཐ་ན་རྒྱལ་སྤྱིའི་ངོས་ནས་སྲུང་སྐྱོབ་མི་སྣ་དང་རོགས་སྐྱོར་མི་སྣ་གཏོང་བའི་ཚད་ལ་སྐྱེལ་ཐུབ་ན་ད་གཟོད་རེ་བ་ཡོད་པ་རེད་ལ། ཚེ་སྲོག་ཤོར་སོང་བ་དག་གི་རེ་བའང་འགྲུབ་པ་རེད་སྙམ། དེ་མིན་བཙོན་འོག་ནས་བཞུད་ཟིན་པ་དག་དང་། ད་དུང་བཙོན་འོག་ན་མནར་གཅོད་ཀྱི་སྡུག་བསྔལ་མྱོང་གིན་པ་དག་དང་། མེ་ལྕེ་དང་ལྷན་དུ་འབར་སོང་བ་དག ད་དུང་འབར་བཞིན་པ་དག་ལོ་རྒྱུས་ལ་གྱུར་བ་ཙམ་རེད་ལ། དེ་ལྟ་ན་འདས་པོ་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་ཤོར་བ་མ་ཟད། ཤུལ་ལུས་ཉེ་འབྲེལ་དག་གི་སེམས་ལ་སོས་དཀའ་བའི་སྡུག་བསྔལ་གྱི་སྐྲན་ནད་ཅིག་བཞག་པ་ལས་ཅི་ཡང་མ་རེད། དེའི་ཕྱིར། ང་ཚོས་གང་ནུས་ཅི་འཇོན་གྱིས་མཆོད་འབུལ་བྱེད་དགོས་ལ་ཁྱབ་བསྒྲགས་ཀྱང་བྱེད་དགོས། ད་ལོའི་བཀའ་སྤྱི་གཉིས་ཀྱིས་འདས་པོ་སྙིང་སྟོབས་ཅན་དག་གི་རྗེས་ལ་གང་ནུས་གང་འཇོན་གྱིས་བསྔོ་སྨོན་མཆོད་འབུལ་བྱེད་ཀྱིན་པ་དང་། རྒྱལ་སྤྱིའི་མི་སྣ་ཁག་ལ་ཞུ་འབོད་བྱེད་ཀྱིན་པ་དག་ནི་དུས་ལ་བབ་པའི་འགན་འཁྲི་དང་དགོས་ངེས་གཉིས་ཀ་རེད། དེའི་ཕྱིར། ང་ནི་ད་ལོའི་བཀའ་སྤྱི་གཉིས་ཀྱི་བྱེད་སྟངས་གང་མང་ཞིག་གིས་འདོད་པ་ཚིམ་གྱི་འདུག ཁྱེད་ཅག་གིས་༢༠༠༨ ལོར་ཚོགས་པ་ཁག་ཡར་ལངས་དུས་བཀའ་སྤྱི་གཉིས་ཀྱིས་འགོག་ཐབས་དང་ཞི་འཇམ་ལ་འགྲོ་ཐབས་བྱས་པ་ཨེ་དྲན་གི དེ་ལས་ད་ལོའི་བཀའ་སྤྱི་གཉིས་ཀྱིས་ཧུར་ཐག་འབད་ཐག་བྱེད་ཀྱིན་པ་ནི་དངོས་ཡོད་རེད་ལ་དགོས་ངེས་ཀྱང་རེད་སྙམ་གྱིན་འདུག ད་ནི་ཛ་དྲག་གི་གནས་སུ་སྐྱེལ་ནའང་སྐྱེལ་ཚད་རེད་ལ་བོད་མི་རིགས་ཚར་ནའང་ཚར་འཇུག་རན་རེད་སྙམ། དེ་མིན་ད་དུང་ཡང་ང་ཚོས་ཤི་མིན་རོ་མིན་གྱི་ངང་ཚུལ་བཟུང་ནས་བསྡད་ན། ང་ཚོ་གསོན་པའི་དོན་སྙིང་མཐོང་གི་མི་འདུག ཁྱེད་ཅག་གཞིས་ཀྱི་སྤུན་ཟླ་དག་གི་ཚེ་སྲོག་ལ་ཇི་ལྟར་བརྩེ་བ་དེ་ལས་ལྷག་ཅིག་བཀའ་སྤྱི་གཉིས་ཤ་ཚ་ཞིང་ཕངས་སེམས་སྐྱེ་གིན་ཡོད་རྒྱུ་རེད་ལ། ང་ཡང་ཕངས་སེམས་དྲག་པོ་སྐྱེ་ཡི་ཡོད། ཡིན་ནའང་། ལས་དབང་གིས་གནང་བའི་ལམ་ཁ་འདི་དང་། དུས་ཀྱིས་སྤྲད་པའི་འགན་འཁྲི་འདི་འདི་ལྟར་མི་འཁུར་ཐབས་མེད་རེད་སྙམ་གྱིན་འདུག གཅིག་བྱས་ན། སང་ཉིན་སྤྱི་ཚེས་༨ ཉིན་དང་། གསུམ་བཅུའི་དུས་དྲན་ལ་བོད་ཁམས་ཀུན་ནས་སྡེབ་ལངས་བྱེད་རྒྱུ་རེད་ལ། རྒྱ་ནག་གིས་དྲག་གནོན་ཀྱང་བྱེད་རྒྱུ་རེད། ཡིན་ནའང་། ང་ཚོས་ཀྱང་གང་ནུས་གང་འཇོན་གྱིས་སྐད་འབོད་བྱེད་དགོས་པ་རེད་ལ་མཆོད་འབུལ་ཡང་བྱེད་དགོས་པ་རེད་སྙམ། འདི་ནི་ངས་བལྟས་ན་གནམ་གྱིས་སྤྲད་པའི་གདམ་ག་རེད་སྙམ། གདམ་ག་འདི་ང་ཚོས་སྤོབས་པས་འཁུར་དགོས་པ་རེད་སྙམ།
༢ ༽ སྐབས་འདིར་ང་ཚོས་ཆོས་རེ་བཅའ་ནི་རེད།
སྐབས་འདིར་བོད་པ་བཙན་བྱོལ་བ་ཚོས་ཅི་ཞིག་འཇོན་ཞིང་ཅི་ཞིག་བྱེད་ངེས་ཟེར་ན། དེ་ནི་ཧ་ཅང་གི་སླ་མོ་ཞིག་རེད། གཞིས་ཀྱི་སྤུན་ཟླ་ཚོས་ཚེ་སྲོག་ག་ཚོད་གཏོང་ཐུབ་ན་ང་ཚོས་དེའི་ཚོད་ཀྱི་མཆོད་འབུལ་དགའ་རབ་རེ་བྱེད་ཐུབ་ཅིང་བྱེད་ངེས་པའང་ཡིན། འདི་ནི་ཆུང་ཆུང་ཞིག་རེད་དམ་ཟེར་ན། བོད་པ་ཞིག་གི་ངོས་ཐད་ནས་བཤད་ན་ཆུང་ཆུང་ཞིག་གཏན་ནས་མ་རེད། ཤི་བོར་དགོས་པ་ཆོས་རེད་ལ། ཤི་བོའི་རྗེས་ལ་ཆོས་དགའ་རབ་ཞིག་བྱེད་ཐུབ་སོང་ན་ཤི་བོའི་རྗེས་ཀྱི་གསོན་པོ་ཚོའི་སེམས་ཁ་དྲོ་ཞིང་ཤི་བོ་འགྲོ་ལམ་བདེ་བ་ཡིན། སྐབས་འདིར་སྐྱེ་བ་ཕྱི་མ་ཡོད་མེད་དང་ཆོས་ཀྱིས་ཕན་མིན་སོགས་ཀྱི་དོགས་སློང་བྱེད་ས་མེད། རང་ལུས་མེ་ལ་བསྲེག་མཁན་དཔའ་བོ་ཚང་མ་ཆོས་ཀྱི་བློ་སྦྱོང་ལ་ཡིད་ཆེས་རྩེ་གཅིག་གནང་མཁན་གྱི་རིགས་སུ་ངེས་པས། རང་ཉིད་ཆེས་བརྩེ་བའི་ཚེ་སྲོག་གི་ཉག་ཐག་ལ་ལག་པ་འཆང་དུས་ཀྱང་གཞན་ལ་ཁབ་གཙག་ཙམ་གྱི་འཚེ་བའང་མ་བྱས་པ་རེད། དེའི་ཕྱིར། ཤི་བོ་འདི་དག་ཤི་ན་གསོན་ན་ཆོས་དགོས་པའི་རིགས་དེ་ཡིན་པ་མ་ཟད། འདི་དག་གི་ནང་མི་སྤུན་མཆེད་ཀྱང་ཏན་ཏན་རིགས་དེ་རུ་ཐེ་ངེས། ཡིན་ནའང་། རྒྱ་གཞུང་གིས་ཁོང་དག་གི་རྗེས་ལ་མཆོད་འབུལ་ཡག་པོ་རེའང་བྱེད་འཇུག་གི་མེད་པ་ཤིན་ཏུ་གསལ་ཏེ། དཔེར་ན། ཉེ་བའི་ཆར་དཔའ་བོ་འགའ་ཤས་ཀྱི་སྐུ་ཕུང་ལག་སོན་མ་བྱུང་བ་དང་། སྤྲུལ་སྐུ་བསོད་བྷོའི་གདུང་གི་རིང་བསྲེལ་ལྷ་སར་གདན་འདྲེན་ཞུ་མཁན་ཡང་རྒྱ་ནག་གིས་བཙན་ཁྲིད་བྱས་པ་ལྟ་བུ་རེད། དེའི་ཕྱིར། བཀའ་སྤྱི་གཉིས་ཀྱིས་མཆོད་འབུལ་ལས་འགུལ་ཁག་ལ་ངས་ནི་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། རྒྱུད་གྲྭ་སྟོད་སྨད་གཙོས་པའི་གསུང་སྐད་དྲག་པོ་ཅན་དག་གི་སྒྲུབ་རྒྱུད་དགོན་སྡེ་དག་གིས་ཀྱང་ད་ནི་ཤི་བོ་འདི་དག་གི་རྗེས་ལ་མཆོད་འབུལ་བསྔོ་བ་རྒྱ་ཆེན་རེ་བྱེད་རྒྱུ་དང་དེ་ལུགས་གསར་ལམ་ཁག་ལ་བསྐྱལ་ནས་གཞིས་བཞུགས་ནང་མི་སྤུན་ཟླ་དག་གི་རྣ་བར་སྐྱེལ་ཐབས་ཞུ་རྒྱུ་གལ་ཆེན་ལ་གྱུར་འདུག་སྙམ། མགོ་སེར་དག་གི་སྒོར་མོའི་ཤག་སྒྲ་ཐོས་དུས་ཁྱེད་ཅག་གི་གསུང་སྐད་སྲིན་པོ་འབྲུག་གི་སྐད་ལས་ཀྱང་དྲག་ཉམས་དང་ལྡིར་སྒྲ་ཆེ་ནའང་། བོད་ཁ་བ་ཅན་གྱི་གཅེས་ཕྲུག་ཚོའི་ཚེ་སྲོག་ས་ལ་འཐོར་དུས་ཁྱེད་ཅག་ལ་གྲགས་རྒྱུ་གོ་རྒྱུ་མེད་པ་ཅི་ཞིག་རེད། གཞན་སེ་འབྲས་དགེ་གསུམ་གྱིས་བཤད་གྲྭ་ཁག་ལ་མཚོན་ནའང་། ༢༠༠༨ ལོར་དགེ་བཤེས་ལྷ་རམས་པ་རྣམས་གདན་ཞུས་ཀྱིས་རྡོར་གདན་དང་ཨ་མིར་ཝ་ཏི་སོགས་ལ་མཆོད་འབུལ་བྱེད་པར་ཕེབས་པ་སོགས་བཞིན་ད་ལོར་ཡང་དེ་མཚུངས་ཀྱི་མཆོད་འབུལ་བསྔོ་སྨོན་རྒྱས་པ་རེ་གནང་ཐུབ་ན་དེ་ནི་འདི་ཕན་ཕྱི་ཕན་གྱི་ལས་ཤིག་ཏན་ཏན་རེད་ངེས་སྙམ་ཞིང་དེ་ལུགས་ཀྱི་འབོད་སྐུལ་ཀྱང་སོར་མོ་སྙིང་ཁར་སྦྱར་ནས་ཞུས་བ་ཡིན། སྤྱིར་ན་སེ་འབྲས་དགེ་གསུམ་གྱིས་མཚོན་པའི་བཤད་གྲྭ་དག་ལ་འུ་ཅག་གིས་ཞབས་བརྟན་བསོག་སྒྲུབ་ཀྱི་ཁྲལ་འགེལ་མང་དྲགས་ན་དགེ་ལས་སྐྱོན་ཆེ་བ་ཞིག་རེད་དེ། ཛ་དྲག་གི་གནས་བབ་ལ་ཛ་དྲག་གི་མཆོད་འབུལ་ཡང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་མ་ཟད། དེང་སྐབས་གདན་ས་ཁག་ལའང་ཚོགས་ཆོས་ཉུང་བའི་སྐབས་དང་གུང་གསེང་རིང་བའི་སྐབས་ཤིག་ལ་འཁེལ་ཡོད་པ་རེད།
༣ ༽ ང་ཚོར་གསང་ཉུལ་བ་དགོས་ནི་རེད།
བོད་པ་བཙན་བྱོལ་བ་ཚོས་འཇོན་འོས་པ་ཞིག་གང་ན་འཇོན་མི་འདུག་ཟེར་ན། ངས་བལྟས་ན་དེ་ནི་ཞིབ་འཇུག་གིས་འདང་གི་མི་འདུག ཉེ་བའི་ཆར་ལ་དཔེར་བླངས་ནས་བཤད་ནའང་། ཁ་སང་བསྲེགས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་གནས་ཚུལ་དེ་རིང་རེག་དཀའ་ནའང་བསྲེགས་ནས་ཟླ་མང་འགོར་བ་དང་ལོ་མང་སོང་བ་དག་གི་སྐོར་ཤེས་རྟོགས་ཐུབ་ཆོག་ཚོད་ཡིན་མོད། ད་དུང་འུ་ཚོས་དེ་དག་གི་སྐུ་པར་གསལ་བོ་རེ་དང་ལོ་རྒྱུས་ཆ་ཚང་རེའང་རྒྱལ་སྤྱིའི་གསར་ལམ་ཁག་ལ་བསྐྱལ་ཐུབ་མེད། དེ་ནི་ཀིརྟི་དགོན་པའི་འབྲེལ་མཐུད་པ་གཉིས་ཀྱི་ལག་པར་མ་ཐོན་ན་སྒོ་གཞན་ནས་བོད་ནང་གི་གནས་ཚུལ་རེག་ཐུབ་མེད་པའི་ཚོད་ལ་གྱུར་བ་དང་། གངས་ཅན་སྐྱིད་གཤོངས་དང་ཚོགས་པ་ཁག་གིས་དེ་དག་གི་གནས་ཚུལ་ལ་ཤུགས་བརྒྱབ་ནས་བཙལ་འཚོལ་བྱེད་པར་དོ་སྣང་དང་འབད་སྒྲུབ་བྱེད་ཀྱིན་མེད་པས་རེག་གི་མེད་པ་རེད། དེང་སང་ཡ་མཚན་པ་ཞིག་ལ་བོད་གཞུང་དང་ཚོགས་པ་ཁག་གི་ངོས་ནས་རྒྱ་ནག་གིས་གསང་ཉུལ་བ་བཞི་བརྒྱ་ལྔ་བརྒྱ་བཏང་འདུག་ཅེས་འུར་ནས་འདུག་པ་ལས། རང་ཐད་ནས་བོད་ནང་ལ་གསང་ཉུལ་བ་བཞི་ལྔ་རེའང་གཏོང་ཐུབ་ཀི་མེད་པ་ནི་བསུབ་ཐུབ་མེད་པའི་གྱོང་གུད་ཅིག་རེད། སྤྱིར་ན་ཆབ་སྲིད་ཀྱི་གནད་ས་དང་པོ་ནི། སུན་ཙིའི་དམག་དོན་བསྟན་བཅོས་ལས། རང་གཞན་གཉིས་ཀྱི་ཚུལ་རྟོགས་ན། །ལན་བརྒྱབ་འཐབ་ཡང་ཕམ་མི་འགྱུར། །ཞེས་པ་བཞིན། ཕ་རོལ་ཁ་གཏད་ལ་རྒྱུས་ལོན་ཞིབ་འཇུག་བྱ་རྒྱུ་ཉིད་ཡིན་ཞིང་། ཕ་རོལ་བོར་རྒྱུས་ལོན་མ་བྱས་པར་དེ་དང་ཁ་གཏད་ཀྱི་ཆབ་སྲིད་བྱ་བ་བསྒྲུབ་སྟངས་ཤིག་ཡོད་པ་མ་རེད་མོད། ཡིན་ནའང་། འུ་ཚང་གི་ཁྲི་ཟུར་ཟམ་གདོང་བས་ཕྱི་གསལ་ནང་གསལ་ཡིན་ཞེས་གསང་ཉུལ་བ་མེད་པར་བྱས་རབས་ཤིག་གོ་སོང་ལ། དེ་བདེན་ངེས་ཀྱི་རྟགས་ཀྱང་གང་མང་ཞིག་མཐོང་གི་འདུག་སྟེ་ བརྒྱད་ཅུ་གྱ་གྲངས་ནང་གི་ལྷ་སའི་ཡར་ལངས་སྐབས་ཀྱི་འདྲ་པར་མང་པོ་ཞིག་གྱེན་ལངས་དེ་བྱུང་ནས་ཉིན་བཅོ་ལྔ་ཉི་ཤུའི་རྗེས་ལ་འདིའི་བདེ་སྲུང་ལས་ཁུངས་ལ་རེག་འདུག་མོད། ཞི་རྒོལ་སྐབས་སོགས་སུ་ཕྱི་ལོགས་སུ་ཐོན་པའི་གནས་ཚུལ་ཇི་སྙེད་ཅིག་གིས་བདེ་སྲུང་བརྒྱུད་ནས་འོང་མེད། འུ་ཚོས་གོ་མཚོན་ལྐོག་འདྲེན་དང་ལྐོག་དངུལ་བརྒྱུད་སྤྲོད་ཀྱི་གསང་ཉུལ་བ་མངགས་ཀི་མེད་པར་བདེན་དོན་དང་མི་རིགས་ཀྱི་ལས་དབང་ཉག་ཕྲ་བ་རྩད་གཅོད་ཀྱི་ཆེད་དུ་གསང་བའི་མི་སྣ་བཏང་ན་དེ་ནི་འོས་པ་ཞིག་ཡིན་པ་མ་ཟད་དགོས་ངེས་ཤིག་ཀྱང་རེད། བཀའ་ཁྲི་གསར་བས་ཀྱང་༢༠༠༨ ལོའི་ཞི་རྒོལ་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་རབས་ཀྱི་གཏམ་བཤད་ལན་འགར་ཕེབས་པ་རེད། བསྐྱར་ཞིབ་བྱས་ན་འདང་མེད་པ་ནི། ཞི་རྒོལ་སྐབས་གྲ་སྒྲིག་མེད་པ་དང་། ཞིབ་འཇུག་མེད་པ་དང་། ཁྱབ་བསྒྲགས་ཀྱིས་འདང་མེད་པ་བཅས་ནི་ཞི་རྒོལ་ཆེན་མོའི་སྟོང་ཆ་དངོས་དེ་ཡིན་པས་ང་ཚོས་ཁ་སྐོང་དགོས་པའི་རིགས་ཀྱང་དེ་དག་ཏན་ཏན་ཡིན་མོད། ད་དུང་འུ་ཚོས་སྟོང་ཆ་དེ་སྐོང་ཐུབ་ཀི་མེད་པ་མ་ཟད། དེང་སང་ཡང་བོད་ནང་གི་དོན་རྐྱེན་ཆེ་མ་ཆུང་གསུམ་ཐ་དག་རྒྱལ་ཁབ་གཞན་གྱི་གསར་ལམ་ནས་ཚུར་འོང་བ་དང་། གསར་འབྱོར་སློབ་གཉེར་བ་ཁ་ཤས་ཀྱིས་ཁ་པར་ཡར་གཏོང་མར་གཏོང་བར་ནས་རེག་སོན་བྱུང་བ་ལྟ་བུ་ལས། བདེ་སྲུང་ངོས་ནས་རྩར་བཅད་དེ་འོང་བ་ཞིག་དང་། གཞོན་ལྷན་སོགས་ཀྱི་ངོས་ནས་ཞིབ་འཇུག་བྱས་ནས་ཡོང་བ་ཞིག་ད་བར་གོ་ཐོས་ཙམ་ཡང་མེད་པའི་ཚོད་ན་ཡོད་པ་ནི་འུ་ཚོས་འདང་རྒྱག་དགོས་པའི་ངོས་གལ་ཆེན་དེ་རེད། དེའི་ཕྱིར། བོད་ནང་ལ་ཞིབ་འཇུག་མི་སྣ་ཆེད་གཏོང་གནང་རོགས་ཞེས་གཞན་ལ་ཞུ་བ་ཁོ་ནའི་ཕྱོགས་སུ་ཤུགས་མི་རྒྱག་པར་བོད་གཞུང་རང་ཐད་ནས་ཀྱང་བོད་ནང་ལ་གསང་བའི་མི་སྣ་ཆེད་གཏོང་བྱ་རྒྱུ་ནི་དུས་ལ་བབ་པའི་དགོས་མཁོ་ཞིག་ལ་གྱུར་ཡོད།
༤༽ སྒེར་གྱི་ཚོགས་པ་ཁག་ལའང་མྱི་ཁ་གདོང་ལེན་གྱི་སྙིང་སྟོབས་དགོས་པ་རེད།
ད་ལོ་ཡ་མཚན་པ་གཞན་ཞིག་ནི། རྣམ་ཀུན་འུར་བརྒྱབ་བརྒྱབ་ལ་ཡོད་པའི་གཞུང་འབྲེལ་མིན་པའི་ཆབ་སྲིད་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཁག་ལ་ད་ལོར་གྲགས་འགུལ་མེད་པ་དེ་རེད། དེ་ནི་ཕལ་ཆེར་ཁོ་ཚོར་ལས་འགུལ་ནུས་པ་ཅན་ཞིག་སྤེལ་བར་མི་རྒྱུ་ཡོན་ཏན་གང་ཐད་ནས་འདང་གི་མེད་པ་དང་། ༢༠༠༨ ལོ་ལྟར་འུར་རེ་བརྒྱབས་ན་བོད་ནང་ནས་གྱེན་ལངས་དང་མེར་བསྲེགས་སོགས་ཀྱི་གནས་ཚུལ་འདི་ལས་ཀྱང་ཚབས་ཆེ་བ་འབྱུང་སྲིད་པ་དང་། དེ་ལྟར་བྱུང་ནས་ཚེ་སྲོག་གང་མང་ཆུད་ཟོས་སུ་ཕྱིན་ན་ཚོགས་པ་ཁག་གིས་བོད་ནང་ཟིང་ཆ་བསླངས་ནས་ཚེ་སྲོག་མང་པོ་འཕྲོ་བརླག་ལ་བཏང་སོང་ཞེས་པའི་གླེང་སློང་ཉེས་འཛུགས་ཡོང་རྒྱུ་རེད་བསམས་ནས་ལས་འགུལ་སྤེལ་ཐུབ་ཀྱི་མེད་པ་རེད། དེ་ལས་ད་ལོར་བཀའ་སྤྱི་གཉིས་ཀྱིས་མྱི་ཁ་གདོང་གིས་བསུས་ནས་གང་ནུས་ཅི་འཇོན་གྱིས་ལས་འགུལ་རེ་བརྩམས་དང་རྩོམ་བཞིན་པ་ནི་བསྔགས་པར་འོས་པའི་གནས་ཤིག་རེད། དེའི་ཕྱིར། ཆབ་སྲིད་ལས་འགུལ་ཐན་ཐུན་སྤེལ་བར་བྱང་ཆ་ལྡན་པའི་སྒེར་གྱི་ཚོགས་པ་ཁག་ལ་གསལ་བོར་བཤད་འདོད་པ་ཞིག་ལ། གནད་འགག་གི་སྐབས་ལ་མྱི་ཁར་ཞེད་པ་ནི་མི་ཞིག་ལ་མཚོན་ནའང་སྙིང་སྟོབས་མེད་པའི་སྡར་མའི་རིགས་རེད། ཚོགས་པ་ཞིག་ལ་མཚོན་ནའང་དེ་བཞིན་དེ་ནི་སྡར་རྟགས་དང་འཐུས་ཤོར་གྱི་སྔོན་བརྡ་ཡིན་པ་སྨྲ་མ་དགོས་པས། འཇོན་ཚད་ནུས་ཚོད་ཀྱི་ལས་འགུལ་ཆེ་མ་ཆུང་གསུམ་སྤེལ་རྒྱུ་ནི་གལ་ཆེན་རེད། ངས་བལྟས་ན། བོད་ནང་ཡར་ལངས་བྱེད་དགོས་པ་རེད། སྡེབ་ལངས་བྱེད་དགོས་པ་རེད། མེ་ལྕེ་དེའང་ད་དུང་རྣམ་གྲངས་ལྡན་པ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། ཡིན་ནའང་། འཆར་གཞི་ལྡན་པའི་སྒོ་ནས་ལངས་རྒྱུ་དང་འབར་རྒྱུ་གལ་ཆེན་ཡིན་ནི་རེད། དེའི་ཕྱིར། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གང་ལའང་གདོང་ལེན་གྱི་བོད་ནང་གི་ལས་འགུལ་ཁག་ལ་སྣེ་འཁྲིད་རེ་ཨེ་ཐུབ་དང་ཨེ་འཇོན་གྱི་སྙིང་སྟོབས་དགོས་པ་རེད། བོད་གཞུང་གི་ངོས་ནས་གནས་ཡུལ་རྒྱལ་ཁབ་སོགས་ཀྱི་ཡུལ་ཁྲིམས་དང་ཆ་རྐྱེན་ལ་མ་བལྟས་རང་བལྟས་ཡིན་ནའང་། ཚོགས་པ་ཁག་གིས་གང་ནུས་ཇི་འཇོན་གྱིས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་ནི་རེད། རྒྱལ་ཁབ་གཅིག་རེའི་གཉིས་རེའི་རྒྱབ་སྐྱོར་གྱིས་རྒྱ་གཞུང་ལ་ཁ་རྡུང་རེ་བཏང་བ་ཙམ་གྱིས་ཡིད་ཚིམ་ནས་མི་འདུག་པར་མཉམ་འབྲེལ་གྱི་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་རང་ངོས་ནས་གླེང་སློང་རྒྱབ་སྐྱོར་རེ་ཡོང་ཐབས་ལ་འབད་དགོས་བ་རེད། ཏཱ་ལའི་བླ་མས་ཀྱང་བོད་རྒྱ་གཉིས་ཀྱི་གཟུ་བ་གནང་མ་ཐུབ་པའི་ཆ་ནས་མི་སྒེར་དང་ཚོགས་ག་གེ་མོ་ཞིག་གིས་ནམ་དུའང་བོད་རྒྱ་གཉིས་ཀྱི་གཟུ་བར་འཇོན་ནི་མ་རེད། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཤིག་ཡོད་པ་དེ་བོད་རྒྱ་གཉིས་དབར་གྱི་གཟུ་བ་བྱེད་དགོས་པ་རེད། དེའི་ཕྱིར། ང་ཚོའི་དོན་རྐྱེན་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེའི་ངོས་ནས་གླེང་བར་འབད་པ་བྱེད་དགོས་པ་རེད།
༥ ༽ ང་ཚོས་ནམ་དུའང་སྐད་ཆ་དྲང་མོར་བཤད་དགོས་པ་རེད།
ང་ཚོས་ནམ་དུའང་སྐད་ཆ་དྲང་མོར་བཤད་དགོས་པ་རེད། བོད་ནང་ནས་ཡར་ལངས་ཚད་ལྡན་རེ་བྱེད་མ་ཐུབ་ན་བོད་དོན་ཐག་ཆོད་རྒྱུ་ཡོད་པ་མ་རེད་ལ། བོད་ནང་ནས་མི་རྒྱུ་ཚེ་སྲོག་གི་འགྲོ་གྲོན་ག་ཚོད་སོང་ནའང་ཕྱི་ལོགས་ཀྱི་བོད་པ་ཚོས་མཆོད་འབུལ་བྱེད་རྒྱུ་དང་ཁྱབ་བསྒྲགས་བྱེད་རྒྱུ་ལས་གཞན་གྱི་རོགས་རམ་ཐུབ་ནི་མ་རེད། ཕྱི་ལོགས་ཀྱི་བོད་པ་ཚོས་རོགས་རམ་ཆེ་ཞིག་མི་འཇོན་ནའང་བོད་ནང་གི་བོད་པ་ཚོ་ངེས་པར་ཡར་ལངས་དགོས་པ་རེད། སྡེབ་ལངས་བྱེད་དགོས་པ་རེད། མེ་ལྕེ་དེ་དག་ཀྱང་འབར་དགོས་པ་རེད། མུ་མཐུད་ནས་རྣམ་གྲངས་མང་བ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། ད་མཚམས་ཤིག་བཞག་ན་ད་ལྟ་འགྲོ་བཞིན་པའི་མེ་ལྕེ་ལས་འགུལ་འདི་ལོ་རྒྱུས་ལ་འགྱུར་འགྲོ་གི་རེད། རྗེས་ལ་ང་ཚོས་བསྐྱར་དུ་མེ་ཁ་གསོ་དགོས་ན་ཧ་ཅང་དཀའ་ངལ་ཡོད་པ་རེད། དཔེར་ན། མེ་ལྕེ་འདི་འདི་ལྟར་༢༠༠༨ ལོར་འབར་ཡོད་ན་ཞི་རྒོལ་ཆེན་མོ་ལ་ནུས་པ་དེ་ལས་དགའ་ཞིག་ཐོན་ཡོད་རྒྱུ་རེད། ད་ཕྱིར་བལྟས་ཤིག་བྱས་ན། ཞི་རྒོལ་ཆེན་མོ་ནི་ལོ་རྒྱུས་ལ་གྱུར་འདུག བོད་བཙན་བཟུང་བྱེད་ཀྱིན་པའི་བདེན་རྟགས་ཙམ་ལ་གྱུར་འདུག ལོ་རྒྱུས་འུ་ཚོར་ཡོད་པ་རེད། བདེན་རྟགས་ཀྱང་འུ་ཚོར་ཡོད་པ་རེད། ཡིན་ནའང་། ལོ་རྒྱུས་དང་བདེན་རྟགས་ཀྱིས་རང་དབང་ཉོ་ཐུབ་ནི་མ་རེད། བོད་ཀྱི་རང་དབང་ནི་བོད་རང་གི་མི་རྒྱུ་ཚེ་སྲོག་གིས་ཉོ་དགོས་པ་རེད། དེ་ལས་ཀྱང་བོད་ནང་གི་མི་རྒྱུ་ཚེ་སྲོག་གིས་ཉོ་དགོས་པ་རེད། བཙན་བྱོལ་བ་ཚོས་ཕྱི་ལོགས་ནས་སྐད་བརྒྱབ་སྟེ་འགགས་སོང་ནའང་ཁྱབ་བསྒྲགས་ཙམ་ལས་དོན་དངོས་ལ་ཕན་གི་མ་རེད། མེར་སྦར་ཏེ་བསྲེགས་བཏང་ནའང་དོན་དངོས་ལ་ནུས་པ་ཐོན་ནི་མ་རེད། བོད་ནང་ནས་ཚེ་སྲོག་གཏོང་བསམས་ནའང་ནང་གི་བློས་གཏོང་ལས་ཐར་ཡང་། ཕྱི་ཡི་འགོག་རྐྱེན་ལས་ཐར་མིན་བཤད་ཚོད་ཧ་ཅང་དཀའ་བས། ཚེ་སྲོག་གཏོང་བར་ཡང་དཀའ་ངལ་བརྒྱ་ལྡན་རེད་དེ། བཏང་བའི་ཕན་ནུས་ཀྱང་འདི་ལས་ལྡབ་སྟོང་ལྡན་ཡིན་པས་ཚེ་སྲོག་འཐོར་བ་ལ་གཟི་བརྗིད་དང་གསོན་ཤུགས་གཉིས་ལྡན་ཡིན་ནི་རེད། གནས་ཚུལ་འདི་བོད་ཕྱི་ལོགས་ཀྱི་མི་ཕལ་ཆེ་བ་ཞིག་ལ་ངོས་ཟིན་ཐོབ་ཡོད་པ་མ་ཟད་སེམས་ནང་ན་ལས་འགུལ་འདི་མུ་མཐུད་ན་སྙམ་གྱིན་ཡོད་པ་རེད་དེ། སྤྱི་སེམས་ལྡན་ཁུལ་དང་སྤུན་ཟླའི་ཚེ་སྲོག་ལ་བརྩེ་ཁུལ་གྱི་འབག་རལ་དེས་གཡོགས་ནས་ཁ་ནང་ནས་འདོན་ཐུབ་ཀི་ཡོད་པ་མ་རེད། མདོར་ན་སྐད་ཆ་དྲང་མོར་བཤད་ཐུབ་ཀི་ཡོད་པ་མ་རེད། གནད་འགག་གི་སྐབས་འདིར་ང་ཚོས་སྐད་ཆ་དྲང་མོར་བཤད་རྒྱུ་གལ་ཆེན་པོ་རེད། དེ་ལས་ཀྱང་རྩོམ་པ་པོ་ཚོས་གནད་འགག་གི་སྐབས་སུ་རང་གི་འཆར་སྣང་དྲང་མོར་བཤད་རྒྱུ་ཨང་དང་པོར་འཛིན་དགོས་པ་རེད།
༦ ༽ རྒྱ་གཞུང་ལ་བོད་མི་སྡེབས་གསོད་ཀྱི་སྙིང་སྟོབས་དགོས་པ་རེད།
རྒྱ་གཞུང་གིས་གང་ས་གང་དུ་དམག་མི་འགྲེམ་འཇོག་བྱས་ནས་གྲངས་ཉུང་མི་རིགས། དེ་ལས་ཀྱང་བོད་མི་ཚོ་ལ་ཁྱོད་ཚོ་ཡར་ལངས་ཐུབ་ན་ང་ཚོས་གསོད་ཐུབ་ངེས་ཞེས་བརྡ་བཏང་གི་ཡོད་པ་རེད་ལ། གཅིག་བྱས་ན་སྡེབས་གསོད་ཀྱང་རྒྱག་ངེས་པ་རེད། ཁྱོད་ཚོས་འཆར་གཞི་འཐེན་པ་བཞིན་ང་ཚོ་ཁྱེད་ཅག་གི་མེ་མདའ་དང་གྲི་མཚོན་གྱི་ཧོམ་ཁུང་ལ་འཛུལ་ཐུབ་ངེས་ཡིན་ནི་རེད་ལ། དེ་དུས་ཁྱོད་ཚོར་ང་ཚོ་གསོད་པའི་སྙིང་སྟོབས་དགོས་པ་རེད། དེ་དུས་ཁྱོད་ཚོར་བོད་ཀྱི་ས་དང་། བོད་ཀྱི་རྒྱུ། བོད་ཀྱི་གཏེར་བཅས་དགོས་ན། བོད་མི་སྡེབས་གསོད་ཀྱི་སྙིང་སྟོབས་དགོས་པ་རེད། དེ་མ་གཏོགས་བོད་པ་གཅིག་ལྷག་པའི་ཉིན་མོ་དེར་ཡང་ད་དུང་ཁྱོད་ལ་ངོ་རྒོལ་བྱེད་ངེས་པ་རེད། འདི་རྒྱ་གཞུང་གིས་ཀྱང་ཤེས་དགོས་པ་རེད། ད་དུང་ང་ཚོའི་འཐབ་རྩོད་འདི་མུར་ཡུན་རིང་ལྷག་ན་ང་ཚོས་ཀྱང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་མཐའ་འཁྱོལ་གི་མ་རེད་ལ། ཁྱོད་ཚོར་ཡང་ས་འོག་འཛིན་རྒྱུའི་ས་དུམ་ཧོ་སིན་ལྟ་བུ་དང་། ནགས་གསེབ་ནས་གསོད་རྒྱུའི་བྷིན་ལ་ཌིན་ལྟ་བུའི་བོད་པའང་བཅུ་ནས་ཉི་ཤུ་མི་འབྱུང་ནའང་ལྔ་ནས་དྲུག་དང་། གཅིག་ནས་གཉིས་ཏན་ཏན་འབྱུང་གི་རེད། དེ་དུས་ཁྱོད་ཚང་གིས་བཤད་པ་བཞིན་འུ་ཚང་གཉིས་བར་གྱི་འཐབ་རྩོད་ནི་ཁྱོད་ཤི་ང་གསོད་ཀྱི་འཐབ་རྩོད་ཡིན་ངེས་ལ། དེ་དུས་ཁྱོད་ཚང་གིས་བཤད་པ་བཞིན་ང་ཚོས་ཀྱང་རྡུང་གཅོག་བཅོམ་བསྲེག་གི་ལས་འགུལ་དགའ་ཞིག་སྤེལ་ངེས་ཡིན། འཛམ་གླིང་ཇེ་ཆུང་ལ་འགྲོ་བའི་སྐབས་འདིར་ཁྱོད་རྒྱ་ནག་ཇེ་ཆེ་འགྲོར་སྟངས་ཤིག་གཏན་ནས་ཡོད་པ་མ་རེད། འདི་ཁྱོད་ཚང་གིས་ཤེས་པར་གྱིས། ཚེ་སྲོག་མེད་པའི་མཆོད་མེར་ཕུ་བརྒྱབ་ནས་གསོད་ཐུབ་ནའང་ཚེ་སྲོག་ཅན་གྱི་སྒྲོན་མེ་ལ་མཚོན་གྱིས་བརྒྱབ་ནས་མ་གཏོགས་གསོད་ཐུབ་ནི་མ་རེད། ད་ནི་ང་ཚོས་ཀྱང་ཚེ་སྲོག་མེད་པའི་སྒྲོན་མེ་བཏེགས་ནས་བྱང་ཆུབ་སེམས་མཆོག་མ་འདོན་ནི་མ་རེད། ཚེ་སྲོག་ཅན་གྱི་སྒྲོན་མེ་བཏེགས་ནས་མ་ཎི་ཡིག་དྲུག་སྐྱོར་ནི་རེད། འདི་ཁྱོད་ཚང་གིས་ཤེས་པར་གྱིས།
སྤྱི་ལོ་ ༢༠༡༢ ལོའི་ཟླ ༢ ཚེས་ ༠༧ ཉིན་རྫོགས་པར་བྲིས།
ཟ་ལེའི་རིག་པ་འདི་གསལ་ལེར་སོང་བ་ནས།།
མྱི་བྱ་ངོ་མ་དེ་དེང་སང་ཤེས་ཡོད་ཀི།
དུས་རབས་ཉེར་གཅིག་ཉི་མ་དེ་རིང་འདིར།།
གཅེས་པའི་ཚེ་སྲོག་གི་རིན་ཐང་རྟོགས་ཡོད་ཀི།།
བོན་རྒྱ་བླ་རྒན་གྱི་ཤེས་རྒྱ་ཆེ་ཆུང་དེ།།
བོང་སྐྱ་སྒ་ཁུར་གྱི་རྗེས་སུ་ལྟ་ན་ཤེས།།
དཔའ་བོའི་གཅེས་སྲོག་ལ་སེར་སྣ་མེད་པ་དེ།།
སྡར་མའི་རང་གཤིས་དེ་ངོ་མ་ལོས་ཡིན་ལགས།།
ནག་ཆུང་ཡི་གེ་ཡི་བདག་པོ་ཡིན་མདོག་གིས།།
ཁ་སྟོང་ཚིག་སྟོང་གི་བང་མཛོད་བོན་རྒྱ་བས།།
ས་དྲུག་དཔའ་བོ་ཚོ་རེ་རེར་ཡལ་བཞིན་དུས།།
ས་མཐའི་ཤིང་གསེབ་ནས་དགའ་བ་སྒོམ་བཞིན་འདུག།
གྲོགས་ཁུག་རྟ་ལགས། ཉོག་གཡོས་བསྡད་ན་དངོས་གནས་ཆུ་ཚོད་འཕྲོ་བརླག་ཡིན་ནི་རེད། ད་ནས་བཟུང་ཉོག་གཡོ་གི་མ་འདུག བསམ་འཆར་བཤད་ན་དོན་ལ་འཁེལ་ནི་ཚིག་སྦྱོར་བདེ་ནི་རེ་སྤེལ་རྒྱུ་གལ་ཆེན་རེད། ཁྱོད་དེ་རིང་གི་འདི་ཟོ་ཅི་ཞིག་ཡིན། དངོས་གནས་ད་གཡོས་ལ་བཏང་ནི་རེད།
ཝང་ལི་ཞུང་གིས་ཆི་ཟིག་ཟེར་གི་ཡོད་མེད་ཁྱོད་རྦད་དེ་གོ་གི་མི་འདུག་ར། ད་དུང་ཅིག་ཅིག་ཉིག་ཉིག་ཅེས་ར་བཏགས་ནས་བཤད་ཡོད་ཀི། དངོས་གནས་ཡ་མཚན་རེད་ཡ། ཝང་ལི་ཞུང་གིས་རྒྱ་ཕྲུག་ཚོ་རྒྱལ་བ་རིན་པོ་ལ་མཇལ་འཕྲད་གནང་གི་བཅུག་ནས་རྩེད་སྤྱད་བྱས་ནོ་དེ་ར་ཡ་མཚན་ཟིག་ཡིན་ནི་ཨེ་རེད། ང་དེ་ལ་ཁོང་ཁྲོ་ལངས་ནས་བསྡད་ཡོད། དེ་ལས་བོད་ནང་ཤེས་ཡོན་པ་ཚོ་མཇལ་འཕྲད་གནང་བཅུག་ན་ད་གཟོད་བུ་ངར་བ་རེད།
ཨ་རོ་གྲོགས་པོ། ཝང་གིས་གྲོང་སྡེ་རང་སྐྱོང་མཐར་ཐུག་གི་མངོན་འདོད་ཡིན་ཞེས་བཤད་མི་འདུག རྩོམ་ཡིག་དེར་ཚིག་བཏོག་རྒྱབ་ན་ཁྱེད་ལ་བྱུང་བའི་དཀའ་ངལ་འདི་འདྲ་བྱུང་སྲིད་པ་རེད། ཝང་གིས་ ༢༠༠༨ ནས་རྩིས་པའི་ལོ ༤་ནང་གི་འཐབ་རྩོད་སྐོར་གླེང་འདུག དེ་རིང་མར་ལྟོས་ན་འཐབ་རྩོད་ཀྱི་རྣམ་པ་ཡོད་ཚད་ཁེར་རྒྱུག་ཅན་དང་སྒྲིག་འཛུགས་མེད་པ། དམིགས་གཟས་ཁ་གསལ་མེད་པ་བཅས་ཡིན་ཚུལ་ངོས་བཟུང་སྟེ། སྡོམ་རྒྱབ་ན་བསྐྱར་ཟློས་ཙམ་ཡིན་པར་བཤད་འདུག
གྲོང་སྡེ་རང་སྐྱོང་གིས་གྲོང་སྡེའི་ལས་ཁུངས་གྲོང་མིས་དབང་བསྒྱུར་ཞིང་། གྲོང་སྡེ་མང་དུ་གྲུབ་མཚམས་རྫོང་གི་ལས་ཁུངས་གྲོང་སྡེས་དབང་བསྒྱུར། དེ་ནས་རིམ་པར་འཕར་སྟངས་ཀྱི་གནད་འགག་གླེང་དགོས་དོན་དེ། ༢༠༠༨ ནས་བོད་ནང་གི་འཐབ་རྩོད་ཀྱི་དམིགས་ཡུལ་ལ་སྐས་རིམ་ཡོད་དབང་དུ་བཏང་ན། ད་ཆ་ ༢༠༡༢ ལོ་བར་ལོ་ ༤ རིང་སྐས་རིམ་ཞིག་འཛེགས་ངེས་ལ་འཛེགས་ཆོག་ཀྱང་དེ་མེད་པས་ཕངས་སེམས་སྟོན་གྱི་མི་འདུག་གམ།
གཞན་དུ་ན། ཁེར་རྒྱུག་དང་བར་མཚམས་ཆད་མ་མཐུད་ཀྱི་ལས་འགུལ་ལ། ཕྱི་ཕྱོགས་ཀྱི་ཁྱབ་བསྒྲགས་ལ་བརྟེན་པས་གནོན་ཤུགས་ཀྱིས་བོད་ཀྱི་དོན་དག་འགྲུབ་མིན་ལ་དོགས་པ་བྱས་འདུག ད་དུང་བཙན་བྱོལ་གཞུང་གི་ཕྱོགས་ནས་གྲོང་སྡེའི་གྲོང་མི་མང་ནས་རིམ་གྱིས་གཉིས་སད་རྒྱུར་གཞོགས་འདེགས་བྱེད་པ་དང་། གྲོང་སྡེ་ནས་རིམ་པ་ངེས་ཅན་བར་སླེབས་མཚམས་༼ བསམ་འཆར༽དོན་སྨིན་འབྱུང་ངེས་པར་བཤད་འདུག དེའང་། ཆུ་ཤིང་བརྩིགས་མའི་དཔེ་དང་སྦྲགས་ནས་ནམ་ཞིག་ཡན་ལག་བྱེ་བྲག་པ་ནས་གཏོར་རྒོལ་ཐུབ་ན་ཆུ་ཤིང་བརྩེགས་མ་རང་བཞིན་གང་སར་འཐོར་ངེས་པར་བསམ་ཚུལ་བཤད་འདུག དེ་ནི་ཁོང་གི་རྩོམ་དེའི་སྙིང་དོན་ཐབས་ལམ་གྱི་རིམ་པའང་ཅིའི་ཕྱིར་མིན་ནམ། དེས་ང་ཚོར་བསམ་འཆར་ཇེ་མང་དང་བློ་བསྐྱེད་མ་གཏོགས། བོད་ལ་གནོད་གཞིའི་གུང་བྲན་གྱི་གཅེས་ཕྲལ་ཅི་ལྟར་སྒྲུབ་འདུག
ཁྱེད་ཀྱིས་བར་མཚམས་ནས་ཚིག་རྡོག་སྒྲུག་རྒྱབ་ནས་མགོ་སྔ་མ་གཅོད་པར་སྤྱིར་གོ་བ་ལེན་ཐུབ་པ་ཡིན་ན། ལས་དང་པོ་བ་ཚོར་དངོས་གནས་ཕན་ཚོད་གདའ། རྗེས་ནས། ང་ཁྱེད་ལ་གོ་བ་ལེན་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཁོམ་མེད་ལ། འདིར་སླེབས་པའང་ཕན་སེམས་ཀྱིས་མ་གཏོགས། ཆུ་ཚོད་འཕྲོ་བརླག་རེད་འདུག་པས། བདེ་མོ་བྱོས།
ཝང་ལི་ཞུང་གི་རྒྱ་བོད་དཀའ་ངལ་སྨྲ་བའི་ལྕེ་འདི་དབུ་མའི་ལམ་ལ་བརྟེན་ནས་བྱུང་བ་དང་། ༧གོང་ས་མཆོག་ལ་དྲ་ལམ་ནས་གླེང་མོལ་བྱེད་པ་དང་། ཁོང་གི་བོད་ཀྱི་དཀའ་ངལ་སེལ་ཕྱོགས་སྐོར་ལ་དཔྱད་ཞིབ་བྱེད་པ་སོགས་ནི་དབུ་མའི་ལམ་ལ་བརྟེན་ནས་བྱུང་བ་ཡིན། ཝང་ལགས་ལའང་རྒྱ་རིགས་མང་གཙོ་དོན་གཉེར་ཅན་དུ་གྲགས་པ་ཚོ་སྤྱི་མཚུངས་ལྟར་རྒྱ་ནག་གི་མངའ་ཁོངས་ཆེན་པོའི་འདོད་པ་ལོས་ཡོད། དེར་དོགས་པ་ཟ་བ་དང་ཁོང་ཁྲོ་ལངས་ན། ལངས་ཆོག་གི་ཡོད་མོད། ལངས་སྟངས་དེ་ངས་ལྟོས་ན་ངོ་ཚ་བ་ཞིག་རེད་འདོད།
བོད་མི་མང་སྤྱི་མོས་བྱུང་བའི་དབུ་མའི་ལམ་གྱི་ཞི་བའི་དོན་ཚན་ལྔ་ནས་རང་སྐྱོང་གི་བསམ་འཆར་བར་གྱི་འགྱུར་རིམ་ཝང་ལ་གསལ་ཆ་ཆེ་ཁར། ད་ལྟའི་བསམ་འཆར་འདི་བརྒྱུད་ནས་བོད་རྒྱའི་འགྲིག་མཐུན་དང་དཀའ་ངལ་སེལ་ཕྱོགས་ལ་ཁོས་རྒྱབ་སྐྱོང་གནང་གི་ཡོད། ཡང་ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་དང་བོད་མི་མང་གི་རྣམ་དཔྱོད་བསྲུབས་པ་ལས་ཐོན་པའི་བཞེངས་ཕྱོགས་དབུ་མའི་ལམ་གྱི་རྒྱ་བོད་འབྲེལ་མོལ་གྱི་འབབ་ས་༼ བསམ་འཆར་༽ལ་རྒྱ་ནག་གཞུང་གིས་ཚད་ལྡན་གྱི་ལན་ཐོབ་མེད་པས་ཐེར་འདོན་ཀྱང་གནང་ཡོད་པས། ཁོང་གིས་ཕྱོགས་གཉིས་ཀྱི་ངོ་ལྐོག་གི་མཐུན་ས་དང་མི་མཐུན་ས་ཚང་མ་བརྗོད་ཀྱི་ཡོད་པས། དོན་དམ་རྒྱ་ནག་གཞུང་ལའང་༧གོང་ས་མཆོག་དང་བོད་གཞུང་དབུ་མའི་ལམ་པ་ཁ་ཞེ་གཉིས་མེད་ཡིན་མིན་ལ་དོགས་པ་འབྱུང་གི་མེད། དེ་ནི་ཁོང་ཚོ་དག་གི་རྣམ་དཔྱོད་བཀོལ་ས་ཡིན་པ་དེས་ཁོང་གི་མི་ཚེ་བཞེངས་བསྐྲུན་ཀྱང་དེ་རུ་ཡོད་སྟབས། རྒྱ་བོད་བར་གྱི་ཁོང་གི་ལངས་ཕྱོགས་དབུ་མའི་ལམ་ཡིན་པ་མ་ཟད། ཁོང་ང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་སྨྲས་མེད་རེད།
ཞོར་འཕྲོས་ཤིག་ལ། དབུ་མའི་ལམ་གྱི་བསམ་འཆར་ལ་གྲུབ་འབྲས་ཐོན་མིན་ནི། བོད་གཞུང་མང་གིས་དབུ་མའི་ལམ་གྱི་མངོན་འདོད་ལྟར་དེའི་ནང་དོན་རྣམ་དཔྱོད་ལྡན་པའི་ལམ་ནས་རྩོད་པ་རྒྱག་མིན་ལ་ཐུག་གི་ཡོད་པ་དང་། དེར་སྐབས་རེར་རྒྱ་ནག་གིས་གཟས་ནས་འཁྱོག་བཤད་བྱེད་པ་དང་། མཚམས་རེར་བོད་མིའི་ཁྲོད་ཁ་ཕྲལ་བ་ཡོད་ཚུལ་ལ་ཁ་འཕེན་གྱི་ཡོད། འདི་དག་ནི་བོད་མི་མང་གིས་དོན་དམ་དབུ་མའི་ལམ་གྱི་འཐབ་རྩོད་མ་བྱས་པར་དུ་ཡལ་འགྲོ་སྟངས་མེད་ལ། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་རྩེད་མོ་ཞིག་ཀྱང་རེད།
ཁྱེད་གཉིས་ཀྱིས་འདང་ཡག་པོ་ཞིག་རྒྱོབས་ར། ད་ཝང་ལི་ཞུང་གིས་ཇི་འདྲའི་དགོད་སྐྱེད་ཅིག་བཤད་ཀྱིན་འདུག བཙན་བྱོལ་གཞུང་གིས་གྲོང་སྡེའི་རང་སྐྱོང་རྩོད་དགོས་ཟེར་གྱིན་འདུག གྲོང་སྡེའི་རང་སྐྱོང་ཞེས་པ་ཅི་ཞིག་རེད། དེ་ནི་མི་རིགས་རང་སྐྱོང་ལས་ལྡབ་ཚད་བཞི་ལྔ་ཞིག་ལས་དམའ་བ་རེད། དེ་རྩོད་རྒྱུ་ཞིག་རེད་དམ། མི་རིགས་རང་སྐྱོང་ལས་དམའ་བ། ཞིང་ཆེན་རང་སྐྱོང་ལས་དམའ་བ། ཁུལ་རང་སྐྱོང་ལས་དམའ་བ། རྫོང་རང་སྐྱོང་ལས་དམའ་བ། ཞང་རང་སྐྱོང་ལས་དམའ་བ། གྲོང་སྡེ་རང་སྐྱོང་ལ་འབབ་དགོས་ཟེར་གྱིན་ཡོད་པ་རེད།
རེད། རྒན་ལྷ་མོ་ལགས། ཁྱེད་ཀྱིས་བཤད་པ་བཞིན་འུ་ཚོ་དོགས་པ་ཟ་སའང་ཝང་ལི་ཞུང་གི་རྩོམ་ཡིག་སྐོར་རེད། འུ་ཚོས་ཝང་ལི་ཞུང་གི་རྩོམ་ཡིག་ཆ་ཚང་གླེང་མི་དགོས་ཁ་སང་གི་རྩོམ་ཡིག་དེ་ཁོ་ན་དང་གླེང་མོལ་དེ་གཉིས་གླེང་ན་འཐུས། ཁྱེད་ཀྱིས་ལྟོས་དང་ཝང་ལི་ཞུང་གི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་ལས་འགུལ་འདི་རིགས་ཀྱི་རྩེ་ཕུད་རེད་ཅེས་ཁོ་རང་གི་ཁ་ནང་ནས་ཤོར་ཡོད། ལས་འགུལ་འདི་ལས་འགུལ་རྩེ་ཕུད་དེ་ཡིན་ན་ལས་འགུལ་རྩེ་ཕུད་དེ་ག་རེ་བྱས་ནས་མཚམས་འཇོག་དགོས་པ་རེད། འདི་དྲི་བ་རེད། འདི་ན་ཝང་ལི་ཞུང་གིས་བོད་དོན་བཤད་ཀྱིན་འདུག་ག་དམར་གཞུང་གི་སྒེར་དོན་གླེང་གིན་འདུག
ཡང་ཝང་ལུ་ཞུང་གིས། ད་ལྟའི་རྒྱ་གཞུང་ལ་བོད་མིས་ངོ་རྒོལ་རིམ་པར་འབྱུང་གི་ཡོད་པ་ནི་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་མ་ཐུབ་པ་དེ་ལན་འདུག་པ་དང་། དེའི་དཔེར་མཚོན་ལ་༡༩༥༩ ལོའི་བོད་མིའི་སྒེར་ལངས་ཀྱི་རྗེས་ནས་གཡོན་ཕྱོགས་ནས་རིག་གནས་གསར་བརྗེ་བསླངས་པ་དང་། གཡས་ཕྱོགས་ནས་ཧུ་ཡོ་པང་ཁྲི་ལས་གཡུགས་པ་སོགས་བོད་པ་རྒྱ་ནག་ནང་དུ་འཐིམ་ཐབས་དང་བོད་པ་གྲགས་མེད་འགུལ་མེད་དུ་འདུག་ཐབས་ལ་ཞི་དྲག་གི་ཆབ་སྲིད་སྣ་ཚོགས་པ་ཞིག་བརྩམས་ཤིང་སྤེལ་བ་རེད་དེ། ༢༠༠༨ ཞི་རྒོལ་ཆེན་མོའི་རྗེས་ནས་རྒྱ་གཞུང་གིས་བོད་པ་རྣམས་ཞི་འཇམ་ལ་འགྲོ་ཐབས་ཀྱི་ཐབས་ཇུས་གང་ཡང་འཐེན་ཐུབ་མི་འདུག་ཅེས་རྒྱ་ནག་ལ་ལམ་སྟོན་བྱས་ཡོད་པ་ཨེ་མཐོང་།
ད་ཐེངས་ཝང་ལི་ཞུང་གིས་ཐེངས་འདིའི་རྩོམ་ཡིག་གཅིག་པུའི་ནང་དུའང་གཡོན་ཕྱོགས་ནས་མེར་བསྲེགས་ཀྱི་ལས་འགུལ་ལ་གྲགས་གནོན་ཚུན་ཆད་བྱེད་དགོས་པ་དང་གཡས་ཕྱོགས་ནས་རང་སྐྱོང་གྲོང་སྡེ་ཟེར་བ་ཞིག་གི་རང་དབང་དང་གོང་ས་མཆོག་གི་སྐུ་ཚབ་ལ་ཐུག་འཕྲད་རེ་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་ཞིག་ཚོར་བ་ལས། བོད་མིའི་མངོན་འདོད་སྒྲོག་པ་ལ་རོགས་འདེགས་བྱས་པ་ཞིག་ཚོར་མ་སོང་།
ད་དུང་ཀུན་གླེང་ནང་ནས་སྐད་ཆ་བཤད་སྐབས་བོད་མི་ཚོས་ཀྱང་བོའུ་ཐོང་གི་འདུ་འཛོམས་དེ་ལྟ་བུ་བྱེད་དགོས་པ་དང་། དེ་འདྲ་ལ་རྒྱ་ནག་གིས་རང་དབང་ཡང་སྟེར་བ་ལྟ་བུ་ཞིག་བཤད་སོང་། དོན་ངོ་མར་བཤད་ན་དེ་འདྲ་ཞིག་རེད་དམ། ངས་བལྟས་ན་གཏན་ནས་མ་རེད།
ད་ཁུག་རྟ་ར་ཡར་རྒྱས་ལ་འགྲོ་གི་འདུག ཡིན་ནའང་། ཝང་ལི་ཞུང་དབུ་མའི་ལམ་པ་བ་ཟིག་རེད་ཡིན་ན་ཅིག་བཤད་འདུག ཁུག་རྟ་ལེ་ལེ་ཝང་ལི་ཞུང་དབུ་མའི་ལམ་པ་བ་ཞིག་ཇི་ལྟར་ཡིན་ནི་རེད། དེ་ཅིག་ཤོད་དང་། ངས་ཉན་ན་འདོད་ཀི
ང་ཚོས་ཝང་ལི་ཞུང་གླེང་དགོས་དོན་གཙོ་བོ། ཁོང་གི་རྩོམ་ཡིག་གི་ཆ་ནས་ཆགས་ཡོད། ངས་ངོས་འཛིན་ནི་ཝང་ལི་ཞུང་གིས་རྒྱ་བོད་གཉིས་སྨན་གྱི་དོན་ཆེན་སྒྲུབ་ཀྱིན་འདུག་ཟེར་བ་ཡིན། འདི་མིན་ཚུལ་ཁོས་བོད་ལ་ཇི་ལྟར་གནོད་ཀྱིན་ཡོད་པ་དང་རྒྱ་གཞུང་ལ་ཇི་ལྟར་ཕན་གྱིན་ཡོད་ཚུལ་ཞིག་གསལ་བཤད་གནང་ཐུབ་བམ།
སྒྲོལ་མ་སྐྱབས་ལགས་འཛིན་དུས་ལས་ད་ལྟ་རྩོམ་འབྲིའི་རང་དབང་འདུག་ཚུལ་ཞིག་བཤད་པ་འདི་ཡང་ཏག་ཏག་ཅིག་ཡིན་ན་རྒྱ་གཞུང་ལ་རེ་བ་ཡོད་པ་ཆགས་ཀྱིན་ཡོད་རེད། ཞོགས་དུང་གི་དེབ་ནང་ན་ཆབ་སྲིད་ཀྱི་གསར་བརྗེའི་ལས་འགུལ་བསླངས་ཚུལ་ཞིབ་བཤད་བྱས་ཡོད། རྩོམ་དེའི་དངོས་ཤུགས་གཉིས་ན་ཏང་ཀྲུང་དབྱང་ལ་སྐྱོན་བརྗོད་དང་བོད་མིས་ཡར་ལངས་ལ་བསྟོད་པ་དང་རྒྱབ་སྐྱོར་གནང་ཡོད། ཝང་ལི་ཞུང་གིས་ཀྱང་དེ་ཙམ་ལས་ལྷག་ཅིག་བཤད་མེད། འོན་ཀྱང་སྐུ་ཞབས་ལིག་ཞའོ་པའོ་དང་སྒྲོལ་མ་སྐྱབས་ལགས་གཉིས་ཀྱིས་དེ་ལས་ལྷག་པ་ཞིག་བཤད་ཡོད། དེ་ལ་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་ཟེར། ཝང་ལི་ཞུང་ལ་ད་དུང་རྩོམ་པ་པོ་གཞན་དག་ལས་ལྷག་པའི་རྒྱབ་རྟེན་ཞིག་ཡོད་ལས་ཆེ། དེ་ནི་རྒྱལ་སྤྱིའི་ཐོག་གི་ཁོའི་མཚན་སྙན་དང་ད་དུང་རྒྱ་རིགས་ཀྱིས་གཙོས་རྩོམ་པ་པོ་དང་ཤེས་ཡོན་ཅན་གང་མང་གི་རྒྱབ་སྐྱོར་ཡོད་ལ་་་ད་དུང་དཔོན་ཆེན་རེ་གཉིས་ཀྱི་སྤྱན་གཟིགས་ཀྱང་ཡོད་ལས་ཆེ། གང་ལྟར་ཝང་ལི་ཞུང་ནི་གུང་ཁྲན་ཏང་གི་ཁ་གཏད་དུ་ལངས་ཞིང་རྒྱ་བོད་མི་དམངས་ཀྱི་རྒྱབ་དཔུང་དུ་ལངས་འདུག་པ་ཞིག་ཡིན་མིན་དུས་ཚོད་ཀྱིས་ང་ཚོར་གསལ་བཤད་གནང་གི་རེད།
གུང་བྲན་ཏང་གི་གཅེས་ཕྲུག་ཡིན་པ་དོགས་པ་ཟོས་པ་ཁོ་ནས་ཁུངས་འཁྱོལ་གྱི་མ་རེད། ཝང་ལི་ཞུང་དབུ་མའི་ལམ་པ་བ་ཞུགས་རེད། དབུ་མའི་ལམ་ནས་ཕྱོགས་གཉིས་ལ་རྒྱུས་ལོན་བྱེད་པ། ཕྱོགས་གཉིས་ཀྱི་འགག་ས་རྩོམ་འབྲི་བྱེད་པ་ནི་དགོས་ངེས་ཅན་ཞིག་རེད་ལ། ལྷག་པར་བཙན་བྱོལ་གཞུང་ཕྱོགས་ལ་ཧ་ཅང་དགོས་ངེས་ཅན་རེད། ༧གོང་ས་མཆོག་ལ་དྲ་ཐོག་ནས་གླེང་མོལ་བྱེད་པ། ཁོང་གི་དགོངས་གཞི་དབུ་མའི་ལམ་གྱི་དོན་དངོས་ཝང་གིས་རྩོམ་ཡིག་གམ། ཐད་ཀར་གུང་བྲན་ཏང་ལ་བརྒྱུད་སྤྲོད་བྱས་ནའང་དེ་འགྲིག་བསྡད་ཡོད་པ་རེད། དེ་འདྲ་བའི་རྒྱ་མི་ཤེས་ཡོན་ཅན་རྩོམ་པ་པོ་མང་པོ་བྱུང་ན་བཙན་བྱོལ་བོད་གཞུང་ལ་ཕན་ཐོག་མ་གཏོགས་ཅི་ཡང་མེད་པ་རེད། གཉིས་ནས་ཝང་དང་བོད་མི་རྩོམ་པ་པོ་རྣམས་མ་བསྡུར། དེ་ཟི་ལིང་ལྷ་སར་བསྡུར་བ་འདྲ་བོ་རེད། དེ་བས་ཀྱང་ལྷ་ས་དང་ཧྲང་ཧའེ་ཁ་ཁ་ཡིན་ལ། མཚོ་སྔོན་དང་པེ་ཅིན་དེ་བས་ཀྱང་ཁ་ཁ་ཡིན། དེ་ཁྱེད་ཀྱིས་ར་ལོས་ཤེས།
སྤྱིར་ངས་ལྟོས་ན་ཝང་གན་གུང་བྲན་ཏང་དང་རྒྱ་ནག་གི་གཅེས་ཕྲུག་ཟེར་ས་མི་འགྲོ་གི ཁྱེད་རང་རྒྱ་ནག་དང་བོད་ཀྱི་ད་ལྟའི་དཀའ་ངལ་ཉམས་ཞིབ་པ་ཞིག་ཡིན་ན། ཁྱེད་ནས་དེའི་སྐོར་བློ་གཟུ་བོར་ག་ཚོད་གནས་ཀྱང་། ཁྱེད་རང་བོད་མི་ཞིག་ཡིན་པས་ཆ་ནས་རྒྱ་མི་དོགས་པ་ཟ་བ་དེ་བཤད་མ་དགོས་པ་རེད། ཡིན་ནའང་། མངོན་གྱུར་རྟགས་ཀྱི་བདེན་པ་ར་སྤྲོད་རྒྱུ་མེད་དུས་སྤྱིར་བཏང་གཞི་རིམ་གྱི་དོགས་པ་ཟ་སྟངས་ཤིག་ཤེས་ཡོན་ཅན་ཞིག་ཡིན་ན་སྨྲ་རྒྱུ་ཁེག་པོ་རེད། ཁ་སང་དེ་རིང་བོད་ནང་གི་གུང་བྲན་ཏང་མི་ལས་བྱེད་ཕྱིར་ཕུད་བྱེད་པའི་གནས་ཚུལ་ཀྱང་། རང་བཞིན་ཁག་དཀྲི་དང་བོད་མི་ཡིན་པས་དོགས་པའི་དབང་གིས་རེད་མ་གཏོགས། སྒྲུབ་བྱེད་ཚད་ལྡན་མི་འདུག་གཱ རྒྱུ་མཚན་དེས། ང་ཡིན་ན། ཁོང་རྒྱ་ནག་དང་རྒྱ་མིར་བོད་ལས་ཤ་ཚ་ཡོད་མེད་སོགས་གླེང་རྒྱུའི་ངལ་བ་གཏན་ནས་བྱེད་ས་མ་རེད། དེ་སྤྱིར་བཏང་གླེང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། དེ་ནི་སྤྱིར་ཆབ་སྲིད་འབྲེལ་འདྲིས་སྐོར་གྱི་འང་གཞི་རིམ་གྱི་རྒྱུན་ཤེས་ཤོག་ལོས་ཡིན་འདོད་ཀི།
རྒན་ལྷ་མོ་ལགས། ཁྱེད་ནས་ནང་དོན་ལྡན་པ་ཁུངས་གཏུག་ས་ཡོད་པའི་སྐད་ཆ་བཤད་ན་བོན་རྒྱ་འདྲ་བས་གོ་ཚོད་མ་རེད། ཁོང་གི་རྩོམ་ཟེར་བ་དེར་ལྟོས་དང་། དངོས་གནས་རང་སེམས་ལ་གང་དྲན་བྲིས་བཞག་པ་ལས། དེ་ལ་འཐབ་རྩོད་ཀྱི་གཞུང་ལུགས་ཤིག་དང་སྦྱར་ནས་བྲིས་མི་འདུག་ལ། འཐབ་རྩོད་དེས་རྒྱ་ནག་ལ་འགྱུར་བ་ཐེབས་རིམ་སོགས་ཀྱི་ཁུངས་ལུང་གང་ཡང་མེད་པར་བྲིས་འདུག་པས་མཚོན་ན། ངས་ཁྱེད་ལ་གསལ་འདེབས་ཞུ་དགོས་པ་ཞིག་ནི། ཁྱེད་ནས་རང་གི་བྱས་བསགས་ནོར་བུའི་གཟི་ཉམས་གང་འདོད་དོན་མེད་སར་བྲིས་པ་ཡིན་ན་འཕྲོ་བརླག་རེད། དེ་བས་མི་འདི་ཚོའི་རིགས་ལ་མི་འདི་ཚོའི་སྐད་ཆའི་འགྲོས་དང་མཐུན་པར་བཤད་ན་དེས་དགའ་ནི་རེད། དེ་དངོས་གནས་ཡིན།
ཁུག་རྟའི་རྒྱགས་གཏམ་ལ་ཉན་རྒྱུ་མེད་ཀི ད་ཡང་རང་རྟགས་འདྲ་བོ་བསྟན་ཡག་རེད། རྒན་ལྷ་མོ་ལགས་ཀྱིས་བཤད་པ་ལ་གནས་ལུགས་གང་འཚམ་འདུག ཡིན་ནའང་། དེ་ཙམ་གྱིས་ཝང་ལི་ཞུང་མི་དཀར་ཡིན་པ་སྒྲུབ་མི་ཐུབ་ལ། གུང་ཁྲན་ཏང་གི་གཅེས་ཕྲུག་མིན་པའང་སྒྲུབ་མི་ཐུབ། བོད་ལ་ཤ་ཚ་བའང་སྒྲབ་མི་ཐུབ། ཝང་ལི་ཞུང་གིས་དེང་སང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ལས་ཀ་མང་པོ་བྱེད་ཀྱིན་ཡོད་པ་རེད། ཉིས་སྟོང་བརྒྱད་ལོར་རྩ་ཁྲིམས་ཨང་༨པ་ཁྲོམ་སྒྲོག་གི་ནང་ན་ཡོད་པ་རེད། ༸གོང་ས་མཆོག་དང་ལན་མང་མཇལ་འཕྲད་དང་དྲ་ཐོག་གླེང་མོལ་བཀོད་སྒྲིག་སོགས་བྱས་པ་རེད། རྩོམ་ཡིག་གི་སྐོར་ནས་ཅང་བཤད་དགོས་པ་མ་རེད། ད་དུང་དུང་ཕྱུར་བཅུ་གསུམ་ལ་མེད་པའི་རང་དབང་ཞིག་ཐོབ་ནས་ཡོད་པ་དེ་ཡ་མཚན་མིན་ན་ཅི་ཡིན། སྒྲོལ་མ་སྐྱབས་ཀྱི་ཉིས་སྟོང་ཚེས་མགོ་རྒྱ་ནག་ལ་འདི་ཙམ་གྱི་རང་དབང་ཡང་མེད་དུས་བྲིས་པ་རེད། ཞོགས་དུང་གི་རྗེས་ལ་བྲིས་པ་རེད། ཞོགས་དུང་གི་དེའི་ནང་ན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་རིགས་ཡོད་པ་མ་རེད། ཡོད་པ་ཚོའང་འཇམ་དབྱངས་སྐྱིད་དང་། ཐེའུ་རང་། ནགས་ཚང་ནུས་བློ། ཚེ་རིང་དོན་འགྲུབ་ཀྱི་རླུང་དམར་འུར་འུར་སོགས་ཁུངས་གཏུགས་ཡོད་པ་རེད། ཚིག་སྦྱོར་འཇིགས་ནོ་མ་གཏོགས། ་དེ་ཙམ་གྱི་ཚབས་ཆེ་བ་གང་ཡང་མ་རེད། ཡིན་ནའང་། ཁ་ལ་སྒོ་ལྕགས་རྒྱབ་ནས་བཞག་ཡོད་པ་རེད། ཝང་ལི་ཞུང་ད་དུང་རང་དབང་རང་འདོད་ཀྱི་ངང་ལ་ཡོད་པ་རེད། དེའི་ཕྱིར་དེ་དག་དང་བསྡུར་སྟངས་མི་འདྲ་གི ཝང་ལི་ཞུང་འདི་གུང་ཁྲན་ཏང་གི་གཅེས་ཕྲུག་ཅིག་ཡིན་པ་གསལ་བོ་རེད། ཁ་སང་ཡང་ཁོས་བོད་པས་ཀྱང་བོའུ་ཐོང་གི་ངོ་རྒོལ་འདྲ་ཞིག་སྤེལ་དགོས་རབས་ཀྱི་དཀྲོགས་གཏམ་བཀྲམ་གི་འདུག སྙིང་ལངས་སོང་། དངོས་གནས་སྙིང་ལངས་སོང་།
ལིས་ཞའོ་པའོ་ཡིས་ཀྲུང་གོའི་རྩ་ཁྲིམས་གསར་བཟོ་དང་༡༩༨༩ལོའི་ངོ་རྒོལ་ལ་དངོས་སུ་ཞུགས་ནས་ཏང་ཀྲུང་དབྱང་ལ་ངོ་རྒོལ་བྱས་ཡོད་པ་རེད། སྐུ་ཞབས་ཝང་ལི་ཞུང་གིས་རྒྱ་བོད་འཆམ་མཐུན་མཉམ་གནས་སྐོར་ལ་དབུ་མའི་ལམ་གྱི་འགྲེལ་བཤད་གནང་གིན་ཡོད། དེ་བས་ྭང་ལི་ཞུང་ཇི་ལྟར་འཛིན་བཟུང་བྱེད་ཐུབ་བམ། དེས་ན་འོད་ཟེར་དང་འབའ་བ་ཕུན་ཚོགས་དབང་རྒྱལ་ཡང་སླར་ཡང་བཙོན་ལ་འཇུག་དགོས། ད་དུང་ཞོགས་དུང་དང་ཐེའུ་རང་ལ་སོགས་པ་རྩོམ་པ་པོ་ཕལ་མོ་ཆེ་འཛིན་དགོས་གི་རེད་པ། བསྡུར་ས་མི་འགྲོ་བ་ཞིག་ལ་མ་བསྡུར་རོགས། བོན་ཁོ། ཁྱོད་གནས་ལུགས་ཤེས་མཁན་ཞིག་ཡིན་པས། གནས་ལུགས་ལ་ཕྱོགས་རྒྱུར་རེ་བ་ཡོད།
ཁྱོད་ཚོས་སོམས་དང་སྒྲོལ་མ་སྐྱབས་ལགས་བཙོན་དུ་བཅུག་ཀྱང་ཞོགས་དུང་བཙོན་ལ་མ་བཅུག་དོན་ཅི། ཝང་ལི་ཞུང་གི་རྒྱབ་ལངས་བྱེད་ཀྱིན་མེད་ལ་བྱེད་དགོས་པ་ཞིག་ཀྱང་ཆགས་མེད།
རྣམ་པ་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི་དབུ་མའི་ལམ་ཟེར་བ་འདི་བོད་རྒྱ་གཉིསa་སྨན་གྱི་འཆམ་མཐུན་མཉམ་གནས་ཤིག་ཡིན། ཝང་ལི་ཞུང་གིས་བཤད་ཀྱིན་པ་ཐམས་ཅད་པེ་ཅིན་སྲིད་གཞུང་ལ་བློ་འདོན་ཞིག་ཡིན་ན་དེའི་བློ་འདོན་གྱི་ལམ་སྟོན་པ་ཐོག་མ་དེ་༸གོང་ས་མཆོག་ལགས་པ་་ཁས་མི་ལེན་རང་ལེན་ཡིན། མི་དྲང་མོ་སྐད་ཆ་ཚད་ལྡན་ཤོད་མཁན་ལ་དོགས་པ་དང་ཉེས་འགེལ་བྱེད་པ་འདི་ཆབ་སྲིད་པའི་བྱ་བ་ཞིག་ཡིན་ན་མ་གཏོགས་གཟུར་གནས་ཤེས་ཡོན་ཅན་ཚོའི་སྤྱོད་ཚུལ་ཞིག་མ་རེད་དོ།
ཁྱེད་རྣམ་པའི་ཁ་ཝང་ལི་ཞུང་གི་ཕྱོགས་སུ་སོང་འདུག་མོད། ཝང་ལི་ཞུང་གི་ཆབ་སྲིད་དཔྱད་གཏམ་དེ་འདྲ་ཁྱེད་ཚོས་འཁྱོང་གི་མ་རེད་ལ། ཝང་གི་ཆབ་སྲིད་མཁྱེན་པ་དེ་འདྲ་ཁྱེད་ཚོར་མེད་དུས། ད་ནས་བཟུང་མཐོ་སར་ལག་པ་མ་འཆང་བར་ནང་ཁུལ་ནས་སྣང་བ་དག་ནས་བསྡད་ན་དགའ་ནི་རེད། དེ་སེམས་གཏམ་ཡིན།
ང་དང་ཀུན་ཐར་གྱིས་ཝང་ལི་ཞུང་བཀུག་བྱུང་བ་ཞེས་བཤད་མེད་ལ་དེ་ལྟར་གོ་ཡང་མི་འོས། དེ་རིང་གི་སྐུ་མགྲོན་ཡེ་ཤུའི་ཆོས་དཔོན་དང་གཞེས་ནིང་གི་སྐུ་མགྲོན་ཝང་ལི་ཞུང་ལ་སོགས་པའི་མི་སྒེར་དང་ཚོགས་སྡེ་སོགས་འགུགས་ཐུབ་མཁན་གྱི་མཐུ་དང་བྱིན་རླབས་ཅན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཚང་གཅིག་པུ་ཡིན་ཟེར་ཡང་མི་ཆོག་རྒྱུ་མེད་པ་རེད། ད་དུང་བོད་མི་རིགས་ཀྱི་བསམ་སྤྱོད་སྤྱི་དང་ལྷག་པར་ང་ཚོའི་དྲང་བདེན་གྱི་འཐབ་རྩོད་འདི་ཡང་འགུགས་པའི་རྐྱེན་དུ་གྱུར་ཡོད་ངེས་རེད། དེ་མིན་ང་ལྟ་བུས་ཝང་ལི་ཞུང་བཀུག་པ་ཡིན་ལབ་ན་དེ་ལ་ཨ་མདོའི་ཁ་སྐད་ཀྱི་ལབ་ཟེར་བ་རང་ཡིན་པས་ངོ་ངོ་མ་ངོ་ཚ་གི་ཡ། བོན་ཁོ། ཁྱོས་དུ་ཅིག་མ་ཟེར་གོ
མདང་ནུབ་ཀྱི་ཝང་གི་སྐད་ཆ་མ་གོ་སྟེ། གལ་སྲིད་བོན་རྒྱས་སྲིད་དོན་རིག་པས་གཏུབ་ཐུབ་ན། ངས་མཐུད་མ་ཐུབ་ན་ཨ་མའི་བུ་མིན་ཡ། དངོས་གནས་ཡིན། དེ་མིན་གཞན་བཤད་རྒྱུ་མི་འདུག་གཱ དྲ་གྲོགས་ཚོ། ཧཧཧཧཧཧ
སྤྱིར་སྐད་ཆ་འདི་མོ་འདི་ཟོ་བཤད་ན་འདོད་རུང་། བོད་ཀྱི་ཡི་གེར་འབྲི་རྒྱུར་སེར་སྣ་ཡོང་མཁན་ཞིག་ཡིན། ཡིན་ནའང་། གྲོགས་བོན་རྒྱ་འདིས་ཁོག་ནས་མིན་རུང་ཁ་ནས་ཅིག་གཡུག་གི་འདུག་རྐྱང་བྱེད་པས། གནད་འགག་གི་སྐབས་སུ་ཅུང་ཙམ་ནག་འདེད་བྱེད་དགོས་ཆགས་པ་རེད། མིན། དེང་ཕྱིན་ཆད། རྩོམ་རྩལ་ཡོད་མེད་དང་ཤེས་དང་མི་ཤེས་ཟེར་བ་དེའི་སྒང་ནས་འདུག་རྒྱུ་ལས། རྒྱུ་མཚན་རྣམ་དཔྱོད་སྔོན་ལ་དྲངས། ལབ་དང་རྫིག་ཉམས་རྗེས་ནས་བསྟན་ན་ཅིག་གི་མགོ་འཁྱོང་ན་ཐང་། དེ་མིན་སྤྱིར་དཀའ་རྒྱུ་རེད་འདོད་དེ་ཞུས་པ་ལགས་པས། དཔུང་དང་རྒྱབ་རྩ་ཅང་མིན་ལགས།
ཁྱེད་དགེ་སློབ་གཉིས་ཀས་གཅིག་གི་དཔུང་ལ་གཅིག་ལངས་ཁུལ་བྱས་ནས་རྒྱ་ཝང་ལི་ཞུང་གི་རྒྱབ་རྩ་བྱས་ན་ང་དགོད་རྒྱུ་ཡོང་ནི་ཟིག་རེད་དེ། མདང་ནུབ་ཝང་ལི་ཞུང་གི་སྐད་ཆ་དེ་རྒྱ་གཞུང་གི་ཕྱོགས་ན་ཡོད་པ་དེ་ལ་རིགས་པ་ཕུ་འདེད་བྱེད་རན་ཞིག་མེད་ཀི། ཐད་ཀར་བལྟས་ན་རིག་ནི་ཟིག་དང་། ཞིབ་མོར་ཉན་ན་གོ་ནི་ཟིག་རེད། ད་དུང་ཁྱེད་གཉིས་ལ་མཛུབ་མོ་བཀུགས་ནས་གྲངས་ཀ་རྒྱག་དགོས་ན་ངས་དེ་མི་ཐུབ། ད་དེ་ཡིན། གྲོགས་པོ་ཉིག་ཀྲུ་ཝན། བདེ་མོ་བྱོས།
ཝང་ལི་ཞུང་ཐད་མི་མང་པོས་འུར་རྒྱབ་ཡོད། ཆེ་ས་ལྡོང་སྲས་གནམ་ལོ་ཡག་དང་ཆུང་བ་ལྷ་ཆབ་སྦྱིན་པ་དང་བོན་རྒྱ་ཚུན་ཆད་འདུས་ཡོད། མིན། ལྡོང་སྲས་གན་ཚང་ལ་བྱིས་པ་འདི་གཉིས་ལས་མིག་ལྷག་མ་ཅིག་ཡོད། རྣམ་དཔྱོད་ཡོད་ན་མེད་ན། རིག་ནོ་གོ་ནོ་མང་ཐག་ཆོད་ཡིན། ལྷ་ཆབ་རྒད་པོས་ཝང་ལི་ཞུང་གིས་གདོང་ལ་ལྟོས་ནས་དྲི་བ་བཏང་སྐབས་ང་འཁྲིས་སུ་ཡོད། སྐབས་དེར་ཝང་གིས་ངས་ཧུའུ་ལ་སློབ་སྟོན་འབུལ་ཐུབ་ན་གཟི་བརྗིད་རེད། ཡིན་ནའང་། སྐད་ཆ་དེ་ཁྱེད་ཀྱིས་གང་ནས་གསན་ན་དེར་འདྲི་རོགས་ཞེས་ལན་བཏབས་སོང་། སྐབས་དེར། ལྷ་ཆབ་ལ་ཅང་བཤད་རྒྱུ་མེད་ནོ་ཚང་མས་ཤེས་ནི་རེད། ང་ར་ཁོག་དགོད་ཅིག་ཤོར་སོང་།
དེ་རིང་ངའི་གྲོགས་པོ་ཡང་ཝང་ལ་དོགས་པ་ཟོས་པ་རེད། ཟ་སྟངས་སྔོན་དང་གཅིག་པ་རེད། རབ་ཡིན་ན། ཝང་གི་བོད་བསྒྱུར་རྩོམ་ཡིག་ཅིག་མདུན་ལ་བླངས་ནས། ད་དོགས་པ་ཟོས་དང་། ཟ་ལུགས་ཟ་སྟངས་འདི་ཡིན་ཞེས་རིག་པ་ཅན་གྱི་བཀའ་མོལ་གནོང་དང་། དེ་དུས་ལྟ་ས་ཅིག་མེད་འགྲོ། དེ་མིན་ཁྱེད་ཀྱིས་ཀྱང་འདི་མོ་འདི་ཟེར་གྱིས་ཟེར་ན། ད་སྙན་ངག་བྲིས་ནས་བསྡད་བཞག་ན་དགའ་ནི་མ་རེད་ན་གནམ་སྔོན་པོ། ཧཧཧཧཧ
ད་ཁྱེད་གཉིས་ཀྱིས་ཝང་ཡིན་ན་བོང་ཡིན་ན་དེ་རྩོད་པ་རྒྱབ་ནས་མ་འདུག་པར། ཝང་གིས་ཅིག་བཤད་ཀྱི་འདུག་གཞན་གྱིས་བཤད་མི་ཆོག་གི ཝང་དང་ཝེ་ལོའུ་ལས་ཤུགས་རྐྱེན་ཆེ་བ་མེད་ཟེར་བ་སོགས་ནི་སྤྱིར་དོགས་པ་བྱུང་སྟངས་ཤིག་རེད། སྐད་ཆ་འདི་སྔོན་མ་ནས་བཤད་ཁུལ་མང་པོ་བྱས་ཡོད། ཁ་ཤས་ཀྱིས་ཅོག་ཙེ་སྟེང་ལག་པ་བརྡབ་ཡོད་ལ། རེ་ཤོས་ཀྱིས་ཚིག་བཅད་བཟོས་ནས་དཀྲོག་གཏམ་ཁུངས་མི་འཁྱོལ་བའང་བྲིས་ཡོད། འདི་དག་ལོ་རྒྱུས་རེད།
རང་ལ་ཡོན་ཏན་ཡོད་ན། རྣམ་དཔྱོད་ཡོད་ན། མཁྱེན་རྒྱ་ཡོད་ན། རྒྱ་མི་ཝང་ལི་ཞུང་གི་སྐད་ཆ་འདི་དང་དཔྱད་གཏམ་འདི། ཡང་ན་རྩོམ་ཡིག་འདིའི་ངོ་ལྐོག་འདི་འདྲ་རེད། འདི་ལྟར་བྲིས་པས་རྒྱ་ནག་གཞུང་ལ་མཐུན་རྐྱེན་སྒྲུབ་ཀྱིན་འདུག་ཅེས་ཆབ་སྲིད་དཔྱད་གཏམ་སྤེལ་ཐུབ་ན། ཝང་ལི་ཞུང་ལ་སྐྱོན་བརྗོད་བྱ་མཁན་ཚོའི་ནང་གི་རྩེ་མོ་ཆགས་པ་རེད། དེས་སུས་འཇོན་ན་ད་དུང་སྟོང་ཆ་རང་རེད།
གཉིས་ན། རྒྱ་མི་ཞིག་གིས། རྒྱ་ནག་གི་དཀའ་ངལ་ཆགས་ཟིན་པའི་བོད་ཀྱི་གནད་དོན་ཐད་ཤེས་རྒྱ་ཆེན་པོ་ཆགས། རྣོ་ངར་ལྡན་པའི་དཔྱད་གཏམ་སྤེལ་བ་དེ་ཁོང་གི་སློབ་སྦྱོང་རེད། མཁྱེན་ཡོན་རེད། ཁ་བཏང་ནས་ཕན་གི་མ་རེད་ལ། དོགས་པ་ཟ་ནས་ཕན་གི་མ་རེད།
དེ་བས་ཀྱང་ངོ་ཚ་དགོས་པ་ཞིག་ལ། རྒྱ་མི་དེས་རྒྱ་ནག་གཞུང་ལ་བློ་འདོན་དམིགས་བསལ་བ་ཞིག་བྱེད་ཀྱི་མེད་འགྲོ་ཅེས་པའི་སྐད་ཆ་འདི་རེད། རྒྱ་མི་ཞིག་གིས་རྒྱ་གཞུང་ལ་དེ་ལྟར་གནང་མིན་ཐད། སྤྱིར་དོགས་པ་ཟ་དགོས་པ་ཞིག་དང་ཁོང་ཁྲོ་ལངས་དགོས་པ་ཞིག་གང་ན་ཡོད། ང་འདྲ་བོ་ཞིག་ཡིན་ན། དེ་ལྟར་སྨྲས་ཏེ་ཅིག་ཤེས་ཁུལ་བྱེད་རྒྱུར་དངོས་གནས་ངོ་ཚ་ཡི་འདུག་ཡ།
རྒན་ལྷ་མོ་ལགས། ངས་ཝང་ལི་ཞོན་ལ་བོང་ལུ་ཞོན་ཞེས་བྲིས་པ་དེ་མི་ཐེབས་ཆགས་ཚོའི་འབྲི་སྟངས་རེད་ཅེས་ལམ་སྟོན་གནང་བ་ཐུགས་རྗེ་ཆེ། བདེན་པ་རེད། ད་ནས་བཟུང་འགྱུར་བ་གཏོང་གི་ཡིན། མཐའ་གཅིག་ཏུ་གུས་བརྩི་ཡོད།
ཡིན་ནའང་། ཀུན་ཐར་དང་ཁྱོད་གཉིས་ཀྱིས་ཝང་ལི་ཞུང་ཚུར་བཀུག་པ་ཡིན་ཟེར་བ་དེ་ལ་དྲང་མོར་བཤད་ན་དགོད་རྒྱུ་ཡོང་གི ཁྱེད་གཉིས་ལ་དེ་འགུགས་བྱེད་ཀྱི་ནུས་པ་གཅིག་ཀྱང་ཡོད་ནི་མ་རེད། དེ་ལས་ཚེ་རིང་འོད་ཟེར་ར་དེ་འགུག་སྐྱེད་མང་ནི་རེད། 1༽ ཕ་ལགས་ཀྱིས་བཞག་པའི་ཤུལ་དངོས་ཡོད་པ་རེད། 2༽ མོ་རང་གི་སྐྱེས་སྟོབས་ཀྱི་རྣམ་དཔྱོད་ཡོད་པ་རེད། 3༽ ལྷན་སྐྱེས་ཀྱི་སྒེག་ཉམས་ཡོད་པ་རེད། 4༽ ད་དུང་བོད་པ་ཚོ་འཁྲུལ་བྱེད་ཀྱི་རྒྱུ་རྐྱེན་ཡང་དེ་ལས་ཆེ་ཞིག་དགོས་པ་མ་རེད། ཁྱེད་གཉིས་ལ་ཅི་ཞིག་ཡོད། རྩོམ་རྩལ་ཡོད་ཟེར་རྒྱུ་ཡིན་ནམ། ཐུགས་རྒྱལ་མ་བཞེངས་དང་། ངས་བལྟས་ན་ཀྱེད་གཉིས་ལ་ཚོགས་གཙོ་གཞོན་གྱི་མིང་དེ་ལས་ཅང་ཡོད་ནི་མ་རེད།
ངས་གནས་བསམ་ཞིང་བསམ་ཞིང་ཝང་ལུ་ཞུང་ལ་དོགས་པ་ཟ་གི་འདུག ཝང་ལི་ཞུང་ལ་དུང་ཕྱུར་བཅུ་གསུམ་ལ་མེད་པའི་རང་དབང་དེ་འདྲ་ཞིག་ཅིའི་ཕྱིར་ཡོད་པ་རེད། ཁོ་སྐད་གྲགས་ཆེ་བ་དང་རྒྱལ་སྤྱིའི་སྲུང་སྐྱོབ་མི་སྣའི་ནང་ན་ཡོད་པ་རེད་ཟེར་ན། ལིས་ཞོ་པོ་དང་ཝེ་ཝེ་གཉིས་ལས་ཆུང་མིན་ནའང་ཆེ་ཡིན་སྟངས་མེད་པས་དེ་གཉིས་ལ་རང་དབང་དེ་ཅིའི་ཕྱིར་མེད་པ་རེད། ཅིའི་ཕྱིར་མེད་པ་རེད། སྤྱིར་ན་ཝང་ལི་ཞུང་ལ་ང་དོགས་པ་ཡོད་པ་མ་ཟད། མདང་ནུབ་ཀྱི་ཀུན་གླེང་ནང་གི་སྐད་ཆ་དེ་དག་ཡང་མེ་ལྕེའི་ལས་འགུལ་འཇགས་ཐུབ་ཀྱི་གཡོ་རྒྱུ་འབའ་ཞིག་ལས་ཅི་ཡང་མ་རེད་སྙམ་པའི་ཚོར་སྣང་ང་ལ་བཤད་སྟངས་ཀྱི་དངོས་ཤུགས་ཐམས་ཅད་ནས་སླེབས་སོང་།
ཝང་ལི་ཞུང་ལགས། དབུ་མའི་ལམ་ལ་ཞུགས་ཏེ་མི་རིགས་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་ཚུལ་དུ་དཔྱད་བརྗོད་སྤེལ་བས་ཧ་ཅང་དགའ་ཡོད། ཝང་ལི་ཞུང་གིས་སྐུ་སྲོག་མེར་མཆོད་ལས་གཞན་དག་གི་ཐབས་ལམ་ལ་ཞུགས་རྒྱུར་ལམ་སྟོན་བྱས་འདུག འདི་ལ་རྦད་དེ་མོས་མཐུན་ཡོད། དཔེར་ན་ཡུལ་ཤུལ་གྱི་ལངས་སྟངས་དང་དེ་སྔོན་༢༠༠༨ལོའི་ཞི་རྒོལ་ལྟ་བུ་རིགས་ཀྱི་རླབས་ཕྲེང་ཤུགས་ཆེར་འཕྱུར་དགོས་ཚུལ་ཡིག་ངག་གཉིས་ཐོག་ནས་ཞུས་བསྡད་ཡོད། ཝང་ལི་ཞུང་ལགས་ཚུར་བཀུག་པ་ཞིག་ལས་ཁོས་ཕར་བཀུག་སོང་བ་སུ་ཡོད་ན། ཐ་ན་འོད་ཟེར་ལགས་དང་ཁོང་གཉིས་ཀས་ཀྱང་ཕར་བཀུག་ཚུར་བཀུག་འདྲ་མཉམ་ལོས་ཡིན། ཧེ་ཧེ་་བོན་རྒྱ་ལགས་ཀྱིས་བོང་ལི་ཞོན་ཟེར་སྲོལ་ལ་བལྟས་ན་མི་ཐེབས་ཆགས་ཚོའི་སྐད་ཆ་འདྲ་བོ་ཞིག་རེད།
ང་ཚོས་ཝང་ལི་ཞུང་ལ་བསྟོད་པ་བྱེད་དགོས་དོན་ཅང་མེད་ན་ཡང་ཁོང་གིས་བཤད་པ་དག་གནས་ལུགས་རྒྱུ་མཚན་ཆེ་ན་མ་མཐར་ཡང་དེ་ལ་ངོས་ལེན་དང་བཀའ་དྲིན་ཆེ་ད་ཞུ་ལོས་དགོས། ལྷག་པར་ང་ཚོའི་རྒྱུ་འབྲས་བློ་མིག་གིས་བལྟས་ན་་་་ཨ་མ་རེད་དམ་གྲོགས་བོན་རྒྱ་བོན་ཁོ།
དྲ་གྲོགས་བྱམས་རྒྱལ་ལགས། ཁྱེད་ཀྱིས་བཤད་པ་དེ་ལྟར་རེད། གོང་ས་མཆོག་བཞུགས་བཞིན་པའི་སྐབས་འདི་ནི་བོད་པ་ཚོ་གསོན་ན་གསོན་ཚད་རེད་ལ། ཤི་ན་ཤི་ཚད་ཀྱང་ཡིན་ནི་རེད། ད་ནི་མི་རིགས་འདི་འཆི་བ་ལ་མངོན་དུ་ཕྱོགས་པའི་དུས་རེད། མི་རིགས་འདིའི་བར་སྲིད་གྲུབ་ལ་ཉེ་བ་འདུག་སྙམ་པ་ཞིག་ཚོར་འོང་གི། དངོས་གནས་ཡིན།
མདང་ནུབ་རྒྱ་ནག་དམར་གཞུང་གི་གསང་བའི་ཇུས་འགོད་པ་རྒྱ་བོང་ལུ་ཞོན་གྱིས་ཀྱང་བོད་ནང་གི་མེ་ལྕེ་འཇགས་ཐབས་ཀྱི་ཁྱི་སྐད་འདོན་གྱིན་པ་ཨེ་གོ། འུ་ཚང་གི་དྲ་འབུ་རྔ་ཆད་འདི་ཚོའང་བོང་ལུ་ཞོན་གྱི་རིགས་པ་ལྟར་སྣང་གི་འོག་ལ་ཚུད་ཀྱིན་ཡོད་པ་རེད། སྤྱིར་ན་རྒན་ལྷ་མོ་ད་རྒྱ་རྒན་དེའི་འོག་ཏུ་ཚུད་ཚུད་ལ་ཡོད་པ་རེད། སྔོན་ཆད་ཀྱང་ཀུན་ཐར་དང་ཁོང་གཉིས་ཀྱིས་བོང་ལི་ཞོན་ཁྲིད་ནས་རྡ་སར་ཡོང་བ་ཨེ་དྲན་གི། ད་ནི་དངོས་གནས་རིགས་རྡིབ་ཚོས་རིག་པ་འགུལ་ཚོད་རེད་ཡ།
བོད་བསྟན་སྲིད་དང་འབྲེལ་བའི་མི་རིགས་འདིའི་ཤི་གསོན་གཉིས་ཀྱི་མཚམས་དེ་༧བླ་མ་ཡིད་བཞིན་ནོར་བུ་སྐུ་འཚོ་བཞུགས་སྐབས་འདིར་འབྱེད་དགོས་ བླ་མ་འདས་རྗེས་མི་རིགས་འདི་རུལ་འགྲོ་རྒྱུ་ཡིན་པ་ཐག་གི་ཆོད་ དེ་དུས་ཤི་ན་མི་ཕན་ལ་གསོན་ནའང་མི་ཕན་ བོན་རྒྱས་གསུངས་པ་ལྟར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་ལའང་རྒྱབ་སྐྱོར་ཡོད་ གཞུང་གི་བཀའ་རྒྱ་ལྟར་དོན་གཅོད་ཁག་གིས་ལས་འགུལ་དབུ་ཁྲིད་ཀྱི་འདུག་པས་ད་ནས་རེ་བ་གསར་པ་ཞིག་ཀྱང་ཚོར་བརྒྱི་འདུག་ སྔར་ཡིན་ན་དོན་གཅོད་ཟེར་དུས་བོད་པའི་ལས་འགུལ་ཁག་དང་འབྲེལ་བ་ཡོད་མ་རེད་ ཤི་བོ་རྣམས་ཀྱི་དམིགས་ཡུལ་ཅི་ཡིན་པ་ཚང་མས་ཤེས་གསལ་ཡིན་ཡང་ ཤི་བོ་རྒྱབ་ལ་ཆོས་ཟེར་བ་དགོས་ཀྱི་ཡོད་པ་རྩོམ་བདག་དང་ གྲོགས་པོ་མང་པོས་ཞིབ་ཕྲ་གསུངས་འདུག་ རྩོམ་བཞིན་པའི་བྱ་བ་ལ་རྐྱོན་བརྗོད་ཉུང་ཙམ་དང་ རྒྱབ་སྐྱོར་དང་ ཐབས་ལམ་མང་པོ་འདོན་རོགས་ཞེས་རེ་སྐུལ་ཞུའོ་
རྒྱ་བོང་ལུ་ཞོན་གྱི་ལྟ་ཚུལ་གདོང་གཉིས་མའི་བྲན་གཡོག་ལ་གྱུར་བའི་དྲ་གྲོགས་ཚོ། ཁྱེད་ཅག་གིས་བོད་ནང་གི་ལས་འགུལ་རེ་བྱུང་ན་ལམ་སེང་དེ་ཞི་འཇགས་འགྲོ་ཐུབ་ལ་ཡར་གྱི་ལྷ་དྲུད་འོག་གི་གླུ་དྲུད་ནས་འབད་པ་བྱེད་ཀྱིན་ཡོད་པ་རེད་དེ། ད་ནི་གཞིས་ཀྱི་སྤུན་ཟླ་ཚོས་ཀྱང་མཚམས་རེ་ལྷ་དང་འདྲ་ཞིང་སྐབས་རེ་འདྲ་དང་འདྲ་བའི་གདོང་འབག་དེ་ཞེན་ཁ་ལོགས་ཡོད་པ་མ་ཟད། དེའི་ཕྱི་ནང་གི་ཐབས་ཇུས་མ་ལུས་རིལ་གྱིས་མཐོང་ཡོད་པ་རེད། ཁྱོད་ཚོས་ལྟོས་དང་མེ་ལྕེ་མཚམས་ཆད་ཀྱི་མེད་པ་ཨེ་མཐོང་གི། མུ་མཐུད་ནས་སྡེབས་ལངས་བྱེད་ཀྱིན་པ་ཨེ་མཐོང་གི།
ད་ཁྱོད་ཚོ་གནས་ལུགས་བཤད་རྒྱུ་མ་རྙེད་དེ་༸གོང་ས་མཆོག་དྲུད་ནས་ཡོང་སྟེ་ནག་པོ་བཟོ་སྙམ་གྱིན་ཡོད་པ་རེད་དེ། ང་ནི་གླེང་འགེལ་ལ་སྐྲག་ནི་ཟིག་ཡིན་ནི་མ་རེད། ཁྱོད་ཚོས་ཚོད་དཔག་ནོར་བ་སོང་བ་རེད། ངས་མུ་མཐུད་ནས་བོད་ནང་གི་སྤུན་ཟླ་ཚོར་རང་གི་རེ་བ་དང་འདོད་པ་དྲང་མོར་བརྗོད་ནི་རེད། ད་ནི་ཁྱོད་ཚོས་ལྷ་འབོད་གླུ་འབོད་མཚང་སྒྲོག་སྐྱོན་བགྲང་ཅི་བྱས་རུང་། ངས་རང་གི་ལངས་ཕྱོགས་འཛིན་ནི་རེད།
དེ་མིན་་དྲ་གྲོགས་བསོད་ནམས་རྒྱ་མཚོ་ཞེས་པ་ཞིག་གིས་རྩོམ་ཡོངས་བཀླགས་ནས་བསམ་ཚུལ་ཞིག་བཤད་འདུག་པར་གུས་ཞབས་ཡོད། དེ་མིན་གྱི་དྲ་འབུ་རྔ་ཆད་འདི་ཚོས་ནམ་ཡིན་ནའང་བསང་འབོད་བྱས་ནས་ཡོང་ན་ང་དགོད་རྒྱུ་ཡོང་གི།
ཛ་དྲག་དང་གནད་འགགས་ལ་གཏུགས་ཡོང་དུས་རྒྱག་གཅིག་མཆོང་གཅིག་ཡིན་པ་དེ་དཔའ་རྟུལ་ཞིག་གི་རང་གཤིས་མ་རེད་ཟེར་རྒྱུ་མེད་མོད། དེ་བས་ཀྱང་ཐབས་མཁས་གཡོ་སྒྱུའི་གསོན་ཐབས་ཀྱིས་རང་གཞན་གྱི་དོན་ཆེན་ངང་རིང་གིས་སྒྲུབ་རྒྱུར་བསམ་བློ་འཁོར་རྒྱུ་ནི་དཔའ་མཛངས་གཉིས་ལྡན་གྱི་འཐབ་ཇུས་ཡིན་པར་ཡོངས་སུ་གྲགས་པ་ཞིག་མ་ཡིན་ནམ། ཚེ་སྲོག་དང་དངུལ་ཁྲག་གི་འགྲོ་གྲོན་ད་བར་དུ་བཏང་བ་རེད་ལ་ད་དུང་ཡང་གཏོང་དགོས་ལོས་ཡིན། ཡིན་ན་ཡང་ཚང་མ་འཆི་ལམ་དུ་སྐྱོད་དགོས་དོན་རྩ་བ་ནས་མེད་ལ་སྐྱིད་སྡུག་མཉམ་མྱོང་ཟེར་བ་ཡང་གཞན་དེའི་ལད་ཟློས་རང་བྱེད་དགོས་པ་ཞིག་ག་ལ་ཡིན། ང་ཚོར་མཁས་མཛངས་ལྡན་པའི་དེད་དཔོན་ཆེན་པོ་འཚོ་ཞིང་བཞུགས་བཞིན་དུ་ད་དུང་ཡང་རི་བོང་ཅལ་འདྲོགས་ཀྱི་ཟློས་གར་འཁྲབ་པ་འདི་དག་ངོ་མ་སྙིང་རྗེ་བ་ཞིག་རེད་ཨང། བཙན་བྱོལ་བའི་ཀླད་མེད་འགའ་ཞིག་ལ་ཡིད་བཞིན་ནོར་བུ་མི་མཁོ་ན་ཡང་གཞིས་ལུས་དད་ལྡན་རྒྱ་ཆེའི་མི་དམངས་ལ་ཡིད་བཞིན་ནོར་བུ་རང་གི་སྲོག་ལས་ལྷག ཡིད་བཞིན་ནོར་བུས་ཅི་གསུང་ཀ་ཞེ་གཉིས་མེད་ཀྱིས་བརྩི་ངེས། ཇི་བཞིན་སྒྲུབ་མ་ཐུབ་ན་ཡང་གསུང་དང་རྒྱབ་འགལ་མི་བྱེད་ཐག་ཆོད་ཡིན།
ཡིད་བཞིན་ནོར་བུ་དགོས་ན། ནོར་བུའི་བཀའ་གསུང་བརྩི་རོགས། དད་པ་ཡོད་ཡོད་ཟེར་བཞིན། ལོག་པའི་ལམ་དུ་མ་ཞུགས།
༿བཙན་བྱོལ་བ་ཚོས་ཕྱི་ལོགས་ནས་སྐད་བརྒྱབ་སྟེ་འགགས་སོང་ནའང་ཁྱབ་བསྒྲགས་ཙམ་ལས་དོན་དངོས་ལ་ཕན་གི་མ་རེད། མེར་སྦར་ཏེ་བསྲེགས་བཏང་ནའང་དོན་དངོས་ལ་ནུས་པ་ཐོན་ནི་མ་རེད། ༾ དོན་འདི་ཤེས་ཤེས་མེད་ལ་བྲོས་བྱོལ་ཡུལ་ནས་ཁྱི་ལབ་རྒྱག་རྒྱུ་ངོ་མི་ཚའམ། ད་རུང་མུ་མཐུད་དུ་འབར་དགོས་ན་ངེད་ཅག་ཁྱི་ལབ་རྒྱག་རྒྱུ་ངོ་མི་ཚ་བ་དག་བོད་ནང་དུ་ལོག་ཏེ་མེ་མཚོ་འཕྱུར་བར་བྱོས། སྐད་ཆ་འདི་ཕག་ཏུ་ཡུབ་ནས་ཁྱི་ལབ་རྒྱག་མཁན་དག་ལ་བཤད་པ་ལས་ཕྱི་སྡོད་བོད་པ་ཡོངས་ལ་ལབ་པ་མིན།
སུས་ཀྱང་རང་ལུས་མེར་སྒྲོན་དག་གིས་གོང་ས་མཆོག་གི་བསྔོ་སྨོན་ཐོབ་ཕྱིར་དལ་འབྱོར་མི་ལུས་རིན་པོ་ཆེ་འདི་མེར་སྦར་གྱིན་པར་བསམ་གི་ཡོད་པ་མ་རེད།
མེ་ལྕེ་མུ་མཐུད་་དུ་འབར་དགོས་ཟེར་རྒྱུར་ངོ་མི་ཚའམ། རང་སྲོག་མེར་སྦར་རྒྱུ་དེ་འདྲའི་ལས་སླ་མོ་ཞིག་ཡིན་ན། ཁྱེད་རང་བྲོས་བྱོལ་དུ་འགྲོ་དོན་མེད་ག
ཁྱི་སྒོ་ཁ་ནས་བཙན་ཟེར་བ་ནང་བཞིན་རང་དབང་རྒྱལ་ཁ་ནས་སྐད་ཆ་སྦོམ་པོ་བཤད་གི་མ་འདུག
རང་སྲོག་བདེན་དོན་དང་རང་དབང་རྩོད་ལེན་གྱིས་ཆེད་དུ་བློས་གཏོང་མཁན་དག་ལ་གུས་མེད་བྱས་པ་རེད།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས།
ཁྱེད་ཀྱིས་གསུངས་པ་བདེན་གི་ཡ། སྔོན་མའི་བཀའ་སྤྱི་གཉིས་ཀྱི་སྐབས་སུ་སུམ་བཅུའི་དུས་དྲན་ཐོག་བྱང་ཆུབ་སེམས་མཆོག་རེ་སྐྱོར་ནས་བསྡད་པ་དེ་དྲན་གི ཟམ་གདོང་བླ་མས། རྒྱ་མིའི་དཔོན་རིགས་ཕྱི་རྒྱལ་ཁག་ལ་སྐྱོད་སྐབས། ངོ་རྒོལ་མི་རུང་ཚུལ་གསུངས་པའི་བཀའ་སློབ་དེ་དག་དྲན་གི། ཉིས་སྟོང་བརྒྱད་ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་སྐབས་སུ་གཞུང་འབྲེལ་གྱིས་གཞི་རྒྱ་ཆེ་བའི་ལས་འགུལ་གང་ཡང་སྤེལ་མེད་པ་དེའང་དྲན་གི དང་པོར་ཟམ་གདོང་བླ་མ་བཀའ་བློན་འོས་གཞིའི་ནང་ལངས་ཡོད་པ་གོ་དུས་གོ་སྐབས་ཆེན་པོ་ཅིག་རེད་བསམ་སྟེ་རེ་བ་ཆེན་པོ་རྒྱབ་པ་རེད། གང་ཡིན་ཟེར་ན་སྤྱི་འཐུས་ལོ་མང་གནང་བའི་ཆབ་སྲིད་ཀྱི་ཉམས་མྱོང་དང་། མཁན་དབང་གི་མཚན་སྙན་ཐོགས་པའི་རབ་བྱུང་རང་ཚུགས་བརྟན་པོ་ཡོད་པའི་སྐྱེས་བུ་དམ་པ་ཞིག་ལ་རྩིས་པ་རེད། ཡིན་ཡང་ཁོང་བཀའ་བློན་ཁྲི་བར་དངོས་སུ་ལངས་དུས། བསམ་ཡུལ་ལས་འདས་པའི་རྒྱ་བོད་ཞི་བའི་གྲོས་མོལ་གྱི་ཁོར་ཡུག་བསྐྲུན་ཆེད། གཞུང་དམངས་ཚང་མ་ཆེས་ཞི་བའི་ལམ་དུ་ཤར་སྐྱོད་དགོས་ཚུལ་གསུངས་ཏེ། མཐའ་ན་སུམ་བཅུའི་དུས་དྲན་སྐབས་སུ་འཛམ་གླིང་ཁྱོན་ཡོངས་ལ་ངོ་རྒོལ་གྱི་སྐད་འབོད་སོགས་མེད་པ་བཟོས་ཏེ་བྱང་ཆུབ་སེམས་མཆོག་ཙམ་འདོན་རྒྱུ་བྱས་གནང་བ་རེད། ཕྱི་ནས་བལྟས་ཚུལ་ལ་རྩ་དོན་བློས་བཏང་བའི་རྣམ་པ་བྱུང་ཡོད། མ་ཟད་སི་ཊ་སི་སྦག་གི་དོན་མཚན་ལྔ་ཡང་བརྩིས་མེད་བཏང་བར་ཐོས་དུས། རང་རེས་འཐབ་རྩོད་བླངས་བྱ་ཅི་ཡང་མེད་པའི་མགོ་འབུལ་ལུས་འབུལ་གྱི་ཐབས་ལམ་ཞིག་ལས་སྙིང་པོ་ཅི་ཡང་མཐོང་མ་སོང་། འོན་ཀྱང་ཞིབ་ཏུ་དཔྱད་དུས་ཞི་དྲག་གཉིས་ལྡན་ཡོད་པའི་ཆབ་སྲིད་ཚོགས་པའམ་སྤྱི་ཚོགས་ཤིག་ཡིན་ན་ཐབས་དེ་གཉིས་ཕན་ཚུན་བར་དགག་རྒྱག་བྱེད་བཞིན་གནས་ཏེ་དོན་ངོ་མ་གཅིག་ཕན་གཅིག་གྲོགས་ཐོག་འགྲོ་ཀྱིན་ཡོད། ངེད་ཅག་ལ་དེ་མེད་པའི་ཞི་བ་དང་ཆེས་ཞི་བའི་ཐབས་ལམ་གཉིས་ཀྱི་སྒོ་ནས་འཐབ་རྩོད་ཀྱི་ལམ་དུ་སྐྱོད་དགོས་པ་ཡིན་གྱི་རེད་བསམ་བྱུང་། བདེན་པའི་རང་ཚུགས་ཅན་གྱི་གཞོན་ནུ་ཚོགས་པའི་རང་བཙན་གྱི་ལྟ་བ་དེ་ལྟ་བ་མཁྲེགས་པོ་ཡིན་པ་ངོས་འཛིན་གྱི་ཡོད་ནའང་། ཁ་ཡོད་ལག་ཡོད་ཀྱི་རྒྱ་བོད་ཞི་མོལ་ཁོར་ཡུག་གི་མཐུན་རྐྱེན་ལ་ཕན་ཐོགས་མ་བྱུང་། ཡིན་ཙང་། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ཏུ་འཛུལ་བའི་དབུ་ལམ་ཞིག་མ་སྐྲུན་ཐབས་མེད་བྱུང་བ་ཡིན་པར་ངོས་འཛིན་གྱི་ཡོད། གོམ་པ་རིམ་སྤོས་འགྲོ་དགོས་པ་ལས། ཁ་གཏད་སྟོབས་ཤུགས་ཆེ་བས་གཟེངས་སུ་ཐོན་པ་ཞིག་སུས་ཀྱང་ད་ལྟའི་སྐབས་འདིར་ཁག་པོོ་རེད། ད་ལྟའི་གཞུང་གིས་རྒྱལ་སྤྱིའི་ཐོག་ཁྱབ་སྒྲོག་དང་འབོད་སྐུལ། མར་མེའི་ཁྲོམ་སྐོར་དང་ཁ་སྔོན་གཞུང་འབྲེལ་ཐོག་ཟས་བཅད་ངོ་རྒོལ་གནང་བ་དག་སྔར་གཞུང་འབྲེལ་ཐོག་བྱུང་མ་མྱོང་བའི་ལས་འགུལ་རླབས་ཆེན་སྤེལ་སོང་བསམ་གྱིན་ཡོད། ཡིན་ཡང་ཁྱེད་ཀྱིས་མུ་མཐུད་དེ་བོད་ནང་ཡར་ལངས་དགོས་རེད་གསུངས་པ་དེར་མོས་མཐུན་མེད། གང་ཟེར་ན། མུ་མཐུད་དེ་རང་རེའི་སྤུན་ཟླའི་ཚེ་སྲོག་འགྲོ་གྲོན་གཏང་དགོས་ན། ང་ཚོ་ལ་རྒྱལ་ཁ་ཐོབ་པར་གདེང་ཅུང་ཟད་ཅིག་དགོས་ཀྱང་། དེ་ནི་ཁག་པོ་བྱེ་བྲག་རེད། གཅིག་ནི་རྒྱ་ནག་འདི་རྒྱ་སྤྱིའི་ཚོང་ར་ཆེན་པོ་ཆགས་ཚར་ཡོད། གཉིས་ནི་ཨ་རི་མ་འགུལ་ན་རྒྱལ་སྤྱི་ནས་རྒྱབ་སྐྱོར་ཐོབ་ནའང་བྱ་ཐབས་བྲལ། ཨ་རི་དང་རྒྱལ་སྤྱིའི་དམག་སེ་རི་ཡ་ལ་དམག་རྒྱག་ཐུབ་ཀྱིན་མེད། རྒྱ་སྤྱིའི་དམག་བཏང་བར་རྒྱ་ནག་གིས་མོས་མཐུན་དགོས། ར་ཤི་ཡ་དང་རྒྱ་ནག་གཉིས་ཀྱིས་མོས་མཐུན་བྱུང་མེད། དེ་བཞིན་ད་ལྟའི་ཆར་ཨ་རིས་ཨེ་རིན་ལ་ཚོང་འབྲེལ་སོགས་ཀྱིས་གནོན་ཤུགས་སྤྲད་རྐྱེན་ཨེ་རིན་ཁོང་ཁྲོ་ཆེན་པོ་ལངས་སྟེ་ཛ་དྲག་གི་གནས་སུ་ཡོད། མ་ཟད་ཨ་རིས་སྤ་ཀི་སི་ཐན་ནང་གི་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་རྒྱུ་ཐག་བཅད་ཟིན། ཨ་ཧྥུ་རྒ་ན་སི་ཐིན་ནང་བདེ་འཇགས་ཡག་པོ་བྱུང་མེད། ཨེ་རག་ཁི་ནང་དཀའ་རྙོག་གཙང་མ་ཆགས་མེད། བྱང་ཀུ་རེ་ཡའི་གནད་དོན་དེ་མུར་ལྷགས་ཡོད། ད་དུང་ཡང་ཨིས་ཟ་རིལ་སོགས་ཀྱི་དཀའ་རྙོག་མང་བ་ཡོད། རྒྱ་ནག་ནི་ཨེ་རག་ཁི་དང་། ལེ་བྷེ་ཡ་ནང་བཞིན་སླ་པོ་ཞིག་མ་རེད། དཔལ་འབྱོར་དང་དམག་དོན་སོགས་གང་ཅི་ཐད་འཛམ་གླིང་ནང་སྟོབས་ཆེན་གྲས་ལ་སླེབ་ཡོད།
ཁྱེད་ཀྱིས་གསུངས་བ་བཞིན་ད་ལོ་བོད་ནང་རང་ལུས་མེ་སྲེག་གི་དོན་རྐྱེན་དང་ཡར་ལངས་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གིས་ལས་འགུལ་སྤེལ་མཁན་ཇེ་དཀོན་དུ་འགྱུར་བཞིན་པ་འདི་ཅུང་དངངས་འཚབ་སྐྱེས་དགོས་པ་ཞིག་གུས་པས་ཀྱང་མཐོང་སོོང་ངོ་།།
དྲ་གྲོགས་ཚོ་ཕེབས་ནས་བསམ་ཚུལ་བཤད་པ་དང་། བསམ་ཚུལ་ལ་གཉའ་གནོན་བྱས་པ་ཐམས་ཅད་ལ་ཐུགས་རྗེ་ཆེ། བགྲོ་གླེང་ངོ་མ་ཞིག་བྱེད་འདོད་ན་དོན་ཚན་ཆ་ཚང་ཞིབ་ཚགས་ཤིག་བཀླགས་ནས་བསམ་ཚུལ་འདོན་རོགས། སྤྱིར་ན་བསམ་ཚུལ་འདི་ནི་བོད་ནང་གི་སྤུན་ཟླ་ཚོ་དང་རྒྱ་ནག་ལ་བཤད་པའི་བསམ་ཚུལ་ཞིག་ལས་བཙན་བྱོལ་ནང་གི་དྲ་འབུ་ཚོ་ལ་བཤད་ནི་ཞིག་མིན། ཁྱེད་ཅག་གིས་ང་ལ་འགན་འཁུར་ཞེས་པའི་སྐད་ཆ་འདི་བཤད་ན་ང་དགོད་རྒྱུ་ཡོང་གི་འདུག ད་ནས་བཟུང་ངའི་སྔུན་ལ་ཁྱོད་ཚོས་གདོང་འབག་གོན་ནས་མ་ཡོངས་རོགས། ཡོང་ནའང་སྟག་གི་རུས་པ་ཁྱི་གུས་ནམ་དུའང་འཆའ་ཐུབ་ཀི་མ་རེད།
རེ་བ་བཟང་ས་ནས་རྒྱག་སྟངས་དང་གྲ་སྒྲིག་སྡུག་ས་ནས་བྱེད་སྟངས་གཉི་ག་ནོར་གི་ཡོད་པ་མིན་ནམ། གྲ་སྒྲིག་ཅི་ཙམ་གྱིས་སྡུག་ས་ནས་བྱེད་ན་ཡང་མི་རིགས་འདི་རྦད་དེ་ཚར་འགྲོ་བའི་འཆི་ལམ་ལ་ནམ་ཡང་ཕྱོགས་མི་ཉན། ང་ཚོ་བློ་དང་ཐབས་ཀྱིས་ལངས་དགོས། ང་ཚོ་ཇི་སྲིད་དུ་འཚོ་ཞིང་གནས་པའི་ལམ་བུར་སྙེག་དགོས། འདི་ནི་དགྲས་མི་འདོད་ཅིང་རང་ཉིད་རྒྱལ་ཚུལ་གྱི་ཐབས་ལམ་ཡིན། མགོན་པོ་མཆོག་གི་དགོངས་གཞི་ཡིན། མི་རིགས་རླབས་ཆེན་འདིའི་འོས་འགན་ཡིན། འཛམ་གླིང་ཞི་བདེའི་གཞི་མ་ཡིན།
ངའི་ཚོར་སྣང་གི་བོད་འདི་ཡིན་ལ། བོད་འཚོ་གནས་ཀྱི་སྙིང་བོ་ཡང་འདི་རང་ཡིན།
བོན་རྒྱ་བསྟན་འཛིན་ལགས་ཀྱི་གནས་ལུགས་ཀྱི་སྐད་ཆ་རེད། ཡི་རང་ཡོད་གང་ཡིན་ཟེར་ན་ཁོ་ལྟ་བུ་ལ་མཚོན་ན་བོད་མི་ཞིག་ཡིན་དུས་བོད་མི་གཅིག་གི་སྲོག་ཤོར་བ་ཡིན་ན་ཕང་སེམས་མི་སྐྱེ་མཁན་ཞིག་ཡོད་ནི་མ་རེད། ཡིན་ཡང་བདེན་དོན་དང་གནས་ལུགས་ཡོད་ན་དེ་ལ་རྒྱབ་སྐྱོར་བྱེད་པ་ཆོས་ཉིད་རེད་ཡིན་དུས་ཁོང་གི་དཔྱད་བརྗོད་ལ་དོན་སྙིང་ལྡན་པར་མཐོང་རྒྱབ་སྐྱོར་ཡོད།
ང་ཚོའི་ཁ་ཚབ་དགོས་བཏུགས་ལ་བསམ་བློ་ཕྱོགས་གཅིག་བཏང་བཞག་པ་ཡིན་ན་སེམས་ཁོང་ན་མི་ཤོང་བའི་སྡུག་བསྔལ་དེ་མངོན་འདེད་བྱ་རྒྱུ་གལ་ཆེ་ཞིང་བོད་ཕྱི་ནང་གཉིས་ཀའི་ངོས་ནས་ཤུགས་མཉམ་རུམ་སྒྲིག་རྒྱུ་འགག་རྩ་ལ་སླེབས་ཡོད་ནའང་་་་བོན་རྒྱས་ཟེར་བ་ནང་བཞིན་བོད་ནང་དུ་བོད་མིར་མེ་རུ་འབར་དགོས་ཟེར་བ་ངར་འཐད་པ་མ་བྱུང་་་་བོད་ནང་གི་བོད་མི་རེ་རེ་བཞིན་ཤི་དགོས་པ་ཨེ་་་རེད་་་སྙིང་སྟོབས་ཅན་གྱི་གང་ཟག་རེ་རེ་བཞིན་རྫོགས་དགོས་པ་ཨེ་རེད་་<བོད་ནང་གི་མེ་ལྕེ་དེ་དག་མུ་ཐུད་དུ་འབར་དགོས་>ཟེར་བའི་ཁ་བྱང་མཐོང་ཙམ་ཉིད་ནས་སྙིང་ལ་ན་ཟུག་འདྲ་རྒྱག་གི་་་་ད་དུང་དེར་ཨ་རིག་དགེ་མཐོང་སོགས་འགའ་ཤས་ཀྱིས་བསྟོད་པ་འདྲ་རྒྱབ་་ངོ་མ་ཀླད་མེད་འདི་ཚོ་གྲས་ཅི་བསམ་གྱི་ཡོད་ས་རེད་དྲན་གྱི་འདུག་་་མེ་རུ་སྦར་དགོས་ན་ངེས་པར་དུ་བོད་ནང་དུ་ཅི་ལ་དགོས་་་ཁྱེད་ཚོ་ཡང་རེ་རེ་་བཞིན་མེ་རུ་སྦོར་དང་་ནམ་རྒྱུན་བསམ་བློ་བ་ཡིན་ཙང་་ས་ཆ་གནད་འགག་ཅན་ལ་འགྲོ་ཤེས་ཀྱི་རེད་་དེ་ནས་ང་ཚོས་སྔོ་སྨོན་འདྲ་བྱེད་མཆོད་མེ་འདྲ་སྤར་འོང་། ཐུབ་པས་འགྲོ་བའི་སྡུག་བསྔལ་་ཕྱག་གི་ལེན་མི་ཐུབ་པར་མ་གསུངས་སམ་་་་བོད་མི་རེའི་ཚེ་སྲོག་ལ་རིན་ཐང་འཚོལ་ཏེ་ཤི་མི་དགོས་པའི་ཐབས་ཤེས་སྤྲོད་རོགས་་་་་
ཤར་ཕྱོགས་ཁུག་རྟ་དང་བོན་རྒྱ་གཉིས་ནས་ཅིག་གླེང་རོགས་ང་ཚོར་ལྟ་འདོད་འདུག གླེང་མཁན་རེད་པཱ།
བོད་ནང་གི་རང་ལུས་མེ་རུ་བསྒྲོན་མཁན་གྱི་དཔའ་རྟུལ་དག་གིས་རང་གི་རྙེད་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་ཆེན་མེ་རུ་བསྒྲོན་པ་ནི་ཤི་སོང་ན་ཕྱི་ཡུལ་དུ་བཞུགས་པའི་རིན་པོ་ཆེ་ཁོང་གིས་གཙོས་བོད་མི་རྣམས་ཀྱིས་བསྔོ་བ་སྨོན་ལམ་ཡག་པོ་ཞིག་གསུང་གི་རེད། དེར་བརྟེན་ནས་རང་ཉིད་ཀྱང་ཕྱི་མའི་ལམ་དུ་བདེ་བར་བགྲོད་ཆོག་གི་རེད་སྙམ་པའི་བློ་དེ་མིན་པར་རང་དབང་གི་ཆེད་དང་༸གོང་ས་མཆོག་བོད་ནང་དུ་གདན་འདྲེན་ཞུ་རྒྱུའི་ཆེད་དུ་རེད། གལ་སྲིད་དེ་ལྟར་བསྔོ་སྨོན་ཞིག་ལ་འཁྲེང་ཡོད་ན་བྱེས་སུ་རིན་པོ་ཆེ་ཁོང་གིས་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་གསེར་གྱི་རི་བ་འདྲ་བ་དག་དང་། གདན་ས་སེ་འབྲས་དགའ་གསུམ་སོགས་དགོན་སྡེ་བརྒྱ་ཕྲག་འགའ་དང་གྲྭ་བཙུན་ཁྲི་སྟོང་འགའ་ཡོད་པས་ལོ་ཟླ་མཐུད་དེ་བསྔོ་སྨོན་གསུང་དགོས་ཀྱང་ཁག་པོ་མ་རེད། ཡིན་ནའང་། ཕྱི་ནས་འདི་མ་གཏོགས་འཇོན་ནི་མ་རེད། ད་ཁྱོད་ཚོ་རྒྱུག་ཟེར་དུས་ཁྱོས་ད་རྩོམ་པ་པོ་ཞིག་གི་ངོས་ཀྱི་འགན་ཁྱེར་ཡོད་ཀི
མ་མཐར་ཡང་བོད་ནང་གི་བོད་མིའི་མངོན་འདོད་ཆེ་ཤོས་གང་རེད། དེ་འགྲུབ་ཆེད་དུ་ཅི་ཞིག་བྱ་རྒྱུ་ཡོད་མེད་ལ་གཅིག་བལྟས་ན་མི་བཟང་ངམ། སྐད་ཆ་དྲང་མོ་བཤད་དགོས་ནི་རེད་ཟེར་ཞོར་ལ། རང་གིས་དྲང་མོ་བཤད་མི་ཕོད་པར། སྡར་མ། སྐྲག་ན་སྐྲག་གི་ལབ་རོགས། དེ་མིན་ན་ཁྱི་ལབ་མ་རྒྱག
སྨྱོན་གཏམ་མ་བཤད། རང་སྲོག་མེར་བསྲེགས་རྒྱུ་དེ་སྐུལ་སློང་བྱེད་རྒྱུ་ཞིག་ག་ལ་ཡིན། མི་རིགས་སྤྱིའི་ལས་འགུལ་མ་སྤེལ་བར་མི་རེ་འགའི་ཚེ་སྲོག་བློས་བཏང་བ་ཙམ་གྱིས་རང་དབང་བརྩོན་ལེན་བྱེད་ནུས་ན་ཁྱེད་ཀྱིས་ཀྱང་རྩོམ་ཆག་འདི་འབྲི་རྒྱུ་ལས་རང་སྲོག་མེར་སྒྲོན་དང་། རང་གིས་སྒྲུབ་མི་ནུས་པ་ཅིག་ཅི་ཕྱིར་གཞན་ལ་སྐུལ་སློང་བྱེད་པ་ཡིན།
བོ་རྒྱ་བསྟན་འཛིན་རབ་རྒྱས། ཐུགས་རྗེ་ཆེ། ཐབས་ཅིག་ཏུ་དགའ་སུ་ཡོད།
བོན་རྒྱ་ལགས་ཀྱི་བསམ་ཚུལ་དེ་ཞིབ་བཀླགས་ཟིན། སྐད་ཆ་འདི་དག་ལ་གཞིགས་ན་ད་ནི་ཁྱེད་རང་རྒད་པོ་ཉམས་མྱོང་ཅན་ཞིག་གི་བཟོ་ལྟ་འདུག དེ་ཙམ་བྱོས།
གང་ལྟར་ཁ་རོག་གེར་འདུག་པ་ལས་འདི་ལྟར་བསམ་ཚུལ་རེ་བརྗོད་ན་དོན་སྙིང་འདུག མུ་མཐུད་ནས་ཡིན་ད།
ད་དུང་མེ་ལྕེ་འབར་དགོས་ཞེས་པའི་སྐུལ་སློང་དེ་འདྲ་ནམ་ཡང་བྱེད་མི་རུང་ རྒྱུ་མཚན་གང་ལག་ཟེར་ན་ད་ལྟ་འབར་བཞིན་པ་དེ་ཁོང་ཚོས་དང་ལང་ཡིན་པ་ལས་གཞན་གྱིས་བསྐུལ་མ་བཏང་བ་ཞིག་མིན་པ་ཤེས་དགོས་ལ་ཡང་དབུས་གཙང་ནས་བལྟད་མོ་བལྟས་འདུག་སོག་ཁ་སྟོང་པ་ནམ་ཡང་བཤད་མི་རུང་ཁོང་ཚོ་མེ་མདའི་སོ་ཁར་སྡད་པ་དང་ང་ཚོ་རང་དབང་ལུང་པ་སྡད་པ་གཉིས་ག་ལ་འདྲ་ དེ་ལྟར་ཡིན་ན་ཁྱེད་རང་བོད་པ་གཙང་མ་ཞིག་ཡིན་པའི་ཆ་ནས་བོད་ལ་ཕེབས་ནས་ལས་འགུལ་ཞིག་སྤེལ་ན་འགྲིག་པ་ལས་ད་དུང་གཞིས་ལུས་རྣམས་ཀྱི་ཤུག་རྒྱག་གི་མི་འདུག་འདོག་འདོག་དང་ཡང་ཁ་ཤས་ཀྱི་ཁ་སྟོང་པའི་འཆོལ་ཁ་དང་ཆོས་བརྒྱུད་བར་སྐྲུག་པའི་གཏམ་འཆལ་དེ་འདྲ་ནམ་ཡང་མ་སྤེལ་ན་བཟང་།།
བོན་རྒྱ་ལགས། ད་ཚེ་སྲོག་གི་མེ་ལྕེ་སྤོར་བ་དེ་མཚམས་བཞག་རོགས་ཟེར་ན་ངོ་དགོས་པ་ཞིག་འདུག ཡང་ཚེ་སྲོག་གི་མེ་ལྕེ་དེ་མུ་མཐུད་སྤོར་རོགས་ཟེར་ན་ནི་གཞི་ལུས་བོད་མི་ཚོ་སྙིང་རྗེ་བ་ཞིག་འདུག
གང་ལྟར་ན་ཡང་ན་བོད་ཆོལ་ཁ་གསུམ་ཚང་མས་ཡར་ལངས་ངོ་རྒོལ་གཅིག་འགྱུར་མུ་མཐུད་དེ་བྱེད་དགོས་པ་འདུག ཡང་ན་མེ་ལྕེ་ཆུང་ཆུང་འདི་མེ་རང་ཤི་དང་དང་དུ་རང་ཡལ་དུ་གཏོང་དགོས་པ་འདུག
སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་ངེས་པར་དུ་བྱེད་ཐུབ་པ་དགོས། དེ་མིན་ས་ཁུལ་འགའ་ཤས་ཤིག་ནས་ཡང་ལངས་བྱས་བསྡད་ན་ཐ་མ་དེར་སྡུག་གྱོང་ཟེར་བའི་ཚིག་ལས་ཡོང་རྒྱུ་ཅི་ཡང་མེད།
དྲ་གྲོགས་ཚོ་ཕེབས་ནས་བསམ་འཆར་བཤད་པར་དགའ་ཡོད། ལྷག་པར་གྲོགས་ཁུག་རྟ་ཡོང་ནས་བསམ་འཆར་བཤད་པ་ལ་ཉན་ཡོད། ཁྱོད་ཀྱི་ཆ་ཚང་བཀླགས་མི་ཐུབ་ནའང་”ང་ཚོས་སྐད་ཆ་དྲང་མོར་བཤད་དགོས་པ་རེད”ཅེས་པ་དེ་བཀླགས་ན་འགྲིག་འདུག དེ་ད་ཕལ་ཆེར་ཁྱོད་ལ་ཆེད་དུ་བྲིས་པ་ལྟ་བུ་ཞིག་རེད། ཧ་ཧ་་་་་
ད་ཤི་ན་ཤི་དང་གསོན་ན་གསོན་གི་ལམ་ཁ་བདམས་པ་མིན་པར་གནམ་གྱིས་སྤྲད་པ་ཡིན་པས་མི་འདོད་ཀྱང་ཞུགས་དགོས་ནི་རེད་ཡ། གྲོགས་མཆོག ད་རླུང་ཆེན་གཡུགས་རྒྱུ་རེད་ཅེས་བཞའ་ས་དང་། མེ་ཆེན་འབར་རྒྱུ་རེད་ཅེས་འབྲོ་ས་འདྲ་ཡོད་ནི་མ་རེད། ངས་འདི་ནས་བརྗེད་སོང་ནི་ཞིག་ལ། ཁྱེད་དབུ་མའི་ལམ་ཚང་གཙོས་པའི་མཆོད་འབུལ་ཚོགས་པ་བཅུ་གཅིག་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་སང་འུ་ཚོས་ཆོས་རེ་བཅའ་དགོས་ནི་རེད།
གྲོགས་པོ་ལགས་དངོས་གནས་ཚོར་བ་ཐད་སྤྲོས་བྱས་འདུག་པས་དགའ་བྱུང་། ཞིབ་ཏུ་ཀློག་ཁོམ་ཀྱང་མ་བྱུང་། ༡ ཚང་མ་སྡེབས་ལངས་བྱས་ཏེ། ལེབས་བསྲེགས་བྱས་ན། ཁྱེད་ཀྱིས་གསལ་ཁ་གནང་མེད་པ་ནི་རྒྱ་ནག་གཞུང་གིས་ཅི་ལྟར་ཁ་གཏད་གཅོག་རྒྱུ་དང་ཐག་གིས་གཅོད་རྒྱུ་དེ་རེད། ད
༢་ཤི་ན་ཤི། གསོན་ན་གསོན་ཟེར་རྒྱུ་ཡིན་ན། ད་ལྟ་བར་དུ་རོ་དུངས་ནང་དུ་ཟགས་སོང་བ་མིན་ནམ། འོ་ན་ད་ལྟ་གཞི་ནས་ཤི་ན་ཤི། གསོན་ན་གསོན་པའི་ལམ་ཁ་འདེམས་དགོས་པའི་རྒྱུ་མཚན་ག་རེ་ཡིན། གནད་དོན་འདི་གཉིས་ལ་རྒྱབ་ལྗོངས་ཡོད་པའི་དཔྱད་པ་གནང་ཐུབ་ན། ངས་ཁྱེད་ཀྱི་ཇ་ཁ་ཆང་ཁའི་གཏམ་འདི་ལ་ལགས་སོ་ཞུ་རྒྱུ་ཡིན།
གྲོགས་པོ་ལགས་དངོས་གནས་ཚོར་བ་ཐད་སྤྲོས་བྱས་འདུག་པས་དགའ་བྱུང་། ཞིབ་ཏུ་ཀློག་ཁོམ་ཀྱང་མ་བྱུང་། ཚང་མ་སྡེབས་ལངས་བྱས་ཏེ། ལེབས་བསྲེགས་བྱས་ན། ཁྱེད་ཀྱིས་གསལ་ཁ་གནང་མེད་པ་ནི་རྒྱ་ནག་གཞུང་གིས་ཅི་ལྟར་ཁ་གཏད་གཅོག་རྒྱུ་དང་ཐག་གིས་གཅོད་རྒྱུ་དེ་རེད།
ཤི་ན་ཤི། གསོན་ན་གསོན་ཟེར་རྒྱུ་ཡིན་ན། ད་ལྟ་བར་དུ་རོ་དུངས་ནང་དུ་ཟགས་སོང་བ་མིན་ནམ། འོ་ན་ད་ལྟ་གཞི་ནས་ཤི་ན་ཤི། གསོན་ན་གསོན་པའི་ལམ་ཁ་འདེམས་དགོས་པའི་རྒྱུ་མཚན་ག་རེ་ཡིན།
ཕུག་རྒྱང་རིང་པོར་བསམས་ནས། །
རང་ལུས་མེར་བསྲེགས་བཞག་དགོས། །
རང་རིགས་ལ་རྒྱར་བསམས་ནས། །
གཞན་རྒྱུད་ངན་སེམས་བཅོམ་དགོས། །
བོན་རྒྱ་བསྟན་རབ་ལགས་ ངོ་སོ་བསྟོད་
བདེན་ཀི ང་ཚོས་བྱེད་ཐུབ་པ་དེ་ཁྱབ་བསྒྲགས་དང་འདས་པོ་དག་ལ་བསྔོ་སྨོན་མཆོད་འབུལ་སོགས་རེད། འདི་ལ་ངེས་པར་དུ་ཤུགས་རྒྱག་དགོས། མཆོད་འབུལ་བྱེད་པ་འདི་འང་དོན་དག་ཆུང་ཆུང་ཞིག་མ་རེད། འདས་པོ་དག་གི་ནང་མི་དང་གཞིས་སྡོད་བོད་མི་ཚོས་གོ་ན་སེམས་ཀྱི་དྲོད་ཐིག་ཅིག་ཀྱང་ཏན་ཏནཆགས་ངེས། ཤི་བོ་དག་གིས་ཤི་གོ་ཆོད་འདུག་ཨང་སྙམ་ངེས་རེད། བོད་མིའི་སྒྲིག་འཛུགས་ཀྱིས་དབུས་པའི་ཚོགས་པ་ཆེ་ཆུང་དང་དགོན་སྡེ་སོ་སོས་བསྔོ་སྨོན་མཆོད་འབུལ་རྒྱ་གང་ཆེ་བྱས་ཏེ་དེ་འང་གསལ་བསྒྲགས་ཤུགས་ཆེན་པོ་བྱེད་དགོས། བསྔོ་སྨོན་མཆོད་འབུལ་གཅིག་པོས་འགྲིག་གི་འདུག་ཟེར་གྱི་མེད་མོད། གང་ལྟར་གལ་ཆེན་དོན་ཆེན་དུ་བརྩིས་ནས་བྱེད་དགོས། དེ་བཞིན་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་དང་འབོད་སྐུལ་སོགས་ཀྱང་དམ་ལྷོད་མེད་པ་བྱེད་དགོས་འདུག གང་ལྟར་གཞུང་དང་སྒེར་སུ་ཡིན་ཀྱང་གང་ནུས་ཅི་ཐུབ་རེ་བྱེད་རྒྱུ་ལས་ནང་ཁུལ་ཁ་གཏོང་རེས་བྱེད་པའི་དུས་ཤིག་ཡེ་ནས་མ་རེད།
བོན་རྒྱ་བསྟན་རབ་ལགས་ཀྱིས་ཡག་པོ་བྲིས་འདུག། དགའ་བསུ་ཞུ། ང་རང་ཉིད་ཀྱིས་ཀྱང་དེ་ལྟར་འདོད། འོན་ཀྱང་བོད་ཕྱི་ལོགས་ནས་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མཆོད་འབུལ་བསྔོ་སྨོན་བྱས་ནས་ནས་ཁོང་ཚོའི་རྣམ་ཤེས་འདྲེན་པ་ལས་ཁོང་ཚོའི་འདོད་དོན་སྒྲུབ་ན་མ་རེད་དམ
རྒྱབ་སྐྱོར་ཡོད།
ང་ཚོ་རང་དབང་ལུང་པར་སྡོད་པའི་བཙན་བྱོལ་གཞུང་དང་མི་མང་གིས་ཁ་སང་དེ་རིང་གི་ཛ་དྲག་གནས་བབ་འདི་འདྲའི་སྐབས་སུའང་སྔར་བཞིན་བསྔོ་སྨོན་མཆོད་འཔུལ་དང་། འདས་པོ་ཚོའི་གྲངས་འབོར་གསལ་བསྒྲགས་ཙམ་གྱིས་བོད་ཀྱི་རྩ་དོན་འགྲུབ་མི་སྲིད་ལ། གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་ང་ཚོར་བཅངས་པའི་རེ་བ་དང་ཡིད་ཆེས། ལྷག་དོན་ང་ཚོ་གངས་ཅན་པའི་སྤྱི་དོན་དུ་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་དམིགས་འདུན་དང་ཐུགས་སྨོན་གྱི་ཆ་ཤས་ཙམ་ཡང་སྐོང་ག་ལ་ཐུབ། གང་ལྟར་ཇི་ཡང་མི་འཇོན་གང་ཡང་མི་ཐུབ་ན་བཙན་བྱོལ་གཞུང་གི་རང་མདོག་ངོ་མ་དེ་གཞིས་ལུས་བོད་རྒྱ་ཆེའི་མི་མང་ལ་གསལ་བོར་བསྟན་ན་བཟང་།