མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོ་རྒོལ་གྱི་ཉེན་བརྡ་ཡིན་པ་ལས་འ་ཆད་འུ་ཐུག་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ངོ་རྒོལ་གྱི་ཉེན་བརྡའི་སྒྲོན་སྟེགས་ཡིན་པ་ལས་འ་ཆད་འུ་ཐུག་བྱ་སྤྱོད་མ་རེད།

ཁུ་རི་སུ་ཊོབ་ཧྥེ  བྷེ་སུའུ་ཆེས་བརྩམས། མང་རའི་གངས་ཐིགས་ཀྱིས་བསྒྱུར།

ངས་ཁྱོད་ཚོ་ང་ནང་བཞིན་ཡིན་མིན་ཧ་གོ་གི་མེད་ཡིན་ནའང་གསར་འགྱུར་བརྒྱུད་ལམ་དང་བཙན་བྱོལ་བོད་མི་ཚོས་ཉིས་སྟོང་དགུ་ལོར་ནས་བཟུང་བོད་ནང་དུ་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་འདི་ལ་“འ་ཆད་འུ་ཐུག་”ཅེས་པའི་རྒྱུན་སྤྱོད་ཀྱི་རྒྱན་ཚིག་འདིས་ཞིབ་འབྲི་གནང་བཞིན་པ་མཐོང་དུས་ངའི་སེམས་པར་ན་ཟུག་དྲག་པོ་ཞིག་གཏོང་གི་འདུག ངས་རྩོམ་ཡིག་འདི་འབྲི་དུས་བར་དུ་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བཅུ་བདུན་བྱུང་ཚར་འདུག “དོན་དངོས་ཀྱི་འ་ཆད་འུ་ཐུག་གི་བྱ་སྤྱོད་”དམ“འ་ཆད་འུ་ཐུག་གི་རང་ལུས་མེར་བསྲེགས་”ཞེས་པའི་བཤད་རྒྱུན་འདི་ལྟ་བུ་དག་ནི་རྒྱུན་ལྡན་གྱི་ཐ་སྙད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཚར་འདུག་ཅིང་རང་འགུལ་ངང་བསྐྱར་ཟློས་ཡང་ཟློས་བྱེད་བཞིན་འདུག  འདི་ལ་བལྟས་དེ་བཤད་ན་རྩོམ་པ་པོ་དང་གཞུང་ཞབས་པ། ཆབ་སྲིད་པ་ཚོས་བྱ་སྤྱོད་འདི་ཚོའི་རྒྱབ་ལོག་གི་གཞི་རྒྱ་ཆེ་བའི་དམིགས་ཡུལ་དག་ལ་ཞིབ་དཔྱོད་ཅིག་བྱ་དགོས་ཀྱི་མི་འདུག་སྙམ་གྱི་ཡོད་པ་འདྲ།

ཐ་སྙད་ཀྱི་འབྱུང་ཁུངས་ངོས་ནས་བརྗོད་ན་འ་ཆད་འུ་ཐུག་གམ་(desperation)ཞེས་པ་འདི་ལ་ཊིན་སྐད་ནང་གི་(esperatus)ལས་བྱུང་བ་རེད། དེ་ནི་ “ རེ་བ་བྲལ་བའི་” དོན་རེད། ངོ་རྒོལ་གྱི་ལས་འགུལ་ལ་སྦྱར་ཚེ་སྡུག་བསྔལ་དང་སྐྱོ་སྣང་གི་ཚོར་བ་ཞིག་སྤྲོད་ཀྱིན་ཡོད། ཨབ་གྷན་སི་ཐན་དུ་བུད་མེད་རྒན་གཞོན་ཚོས་རང་ལུས་མེར་བསྲེགས་བཏང་བ་དེ་ནི་“འ་ཆད་འུ་ཐུག་གི་བྱ་སྤྱོད” ཅིག་ལ་ཕལ་ཆེར་ངོས་འཛིན་བྱེད་ཆོག་པ་རེད། གང་ཡིན་ཞེ་ན། རང་ལུས་མེར་བསྲེགས་(༢༠༠༩ ལོའི་ཟླ་ ༣ པ་ནས་ ༢༠༡༠ ལོའི་ཟླ་ ༣ པའི་བར་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ ༡༠༣ བྱུང་ཡོད་པར་སྨྲ) ༼ ༡༽ གཏོང་མཁན་ཚོ་ནི་རྒྱུན་ཆད་མེད་པའི་རྒྱལ་ནང་གི་དྲག་སྤྱོད་དང་དམའ་འབེབས་འོག་འཚོ་སྡོད་བྱེད་པ་ལས་ཤི་བ་ལ་དགའ་མོས་གནང་ཡོད་པ་རེད། ཁོང་ཚོའི་ཀུན་སློང་སྐོར་ལ་དྲི་བ་འདྲི་དུས་རང་ལུས་མེར་བསྲེགས་ཁྲོད་ལམ་ལྷོང་མ་བྱུང་བའི་ཨབ་གྷན་བུད་མེད་ཚོས་ཁོང་ཚོ་ལ་“ལམ་ཁ་གཞན”མ་བརྙེད་པའི་ཚོར་བ་བྱུང་བར་བརྗོད་འདུག དེའི་ནང་གི་བུད་མེད་གཅིག་ལ་བུད་མེད་གཞན་པ་ཚོར་འབོད་སྐུལ་ག་རེ་ཡོད་མེད་དྲིས་དུས་“རང་ལུས་མེ་ལ་མ་བསྲེགས་རོགས། གལ་ཏེ་ཁྱོད་ཀྱིས་ལམ་ཁ་གཞན་འཚོལ་འདོད་ཡོད་ན་མེ་མདའ་བེད་སྤྱོད་གནང་རོགས། དེ་ལ་ཟུག་རྔུ་ཆུང་བ་འདུག་”ཅེས་ཐ་ན་འདི་ལྟར་ལན་བཏབས་ཡོད་པ་རེད།༼ ༢ ༽བོད་མི་ཚོའི་རང་ལུས་མེར་བསྲེགས་ནི་རྦད་དེ་ལོག་པ་རེད། རྒྱུ་མཚན་དང་པོ། བོད་མི་ཚོ་ནི་རླབས་ཆེན་གྱི་བྱ་གཞག་ཅིག་གིས་བསྐུལ་ཏེ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་ལས་སེམས་ཞུམ་པ་དང་སྤྱི་ཚོགས་ཀྱི་གནོན་ཤུགས་དང་དཔལ་འབྱོར་གྱི་དཀའ་ངལ་འོག་ནས་རང་ལུས་མེར་བསྲེགས་བཏང་བ་གཏན་ནས་མ་རེད། འདི་ནི་ད་ཡོད་ཀྱི་བདེན་དཔང་ཚང་མས་སྟོན་གྱིན་ཡོད། དཔེར་ན། སྤྱི་ཟླ་དང་པོའི་ཚེས་བརྒྱད་ཉིན་མགོ་ལོག་དར་ལག་ཏུ་རང་ལུས་མཆོད་འབུལ་གནང་མཁན་སྤྲུལ་སྐུ་བསོད་བྷ་མཆོག་གིས་“ངས་རང་ལུས་མེར་བསྲེགས་གཏོང་དོན་ནི་ང་སྒེར་གྱི་ཁེ་ཕན་དང་ཡང་ན་དཀའ་ངལ་གྱི་དབང་གིས་མིན། བོད་མི་ས་ཡ་དྲུག་གི་རང་དབང་གི་ཆེད་དང་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་བོད་དུ་གདན་འདྲེན་གནང་བའི་ཆེད་དུ་ཡིན། ”༼ ༣ ༽ཞེས་འདི་ལྟར་ཕྱག་བྲིས་གནང་ཡོད།

རྒྱུ་མཚན་གཉིས་པ། གལ་ཏེ་བོད་མི་ཚོའི་རང་དབང་གཞན་གྱིས་འཕྲོག་ཡོད་ནའང་རེ་བ་འཕྲོག་མེད། སྤྱི་ལོ་ ༡༩༩༨ ལོའི་ཟླ་ ༥ པའི་ནང་ལྡི་ལི་གསར་པ་རུ་ཐེངས་དང་པོར་རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་ཐུབ་བསྟན་དངོས་གྲུབ༼༤༽ནས་བཟུང་རང་ལུས་མེར་བསྲེགས་གཏོང་མཁན་གཞན་དག་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་ལ་བལྟས་ཀྱང་ཚང་མ་མི་བུ་བདེ་ཐང་ཅན་དང་སྐྱིད་པོ་ཅན་ཤ་སྟག་རེད། ཁོང་ཚོ་ཚང་མས་རང་སྲོག་བློས་གཏོང་བྱེད་དོན་ནི་རྒྱ་ནག་གིས་བོད་བདག་བཟུང་གནང་བར་འཐབ་རྩོད་བྱེད་པའི་ཆེད་ཡིན་པ་ལས་ཤི་དགོས་པའི་རྒྱུ་མཚན་གཞན་མེད། ད་དུང་སྤྲུལ་སྐུ་བསོད་བྷས་ཁོང་གི་ཆབ་སྲིད་ཀྱི་ཁ་ཆེམས་ནང་འ་ཆད་འུ་ཐུག་མིན་པའི་སྐོར་ལ་“བོད་མི་ཚོས་འབྱུང་འགྱུར་ལ་རེ་བ་བརླག་མི་རུང་། བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་ཡོང་ངེས་རེད”ཅེས་གསལ་གསལ་ཐིང་ཐིང་ངང་གསུངས་ཡོིད། འདི་ལྟ་བུའི་ཡིད་ཆེས་ཟབ་མོ་ཞིག་ཤ་ཉེ་གཞན་དག་ལའང་སྐྱེས་ཀྱིན་ཡོད་དེ་སྤྱི་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་དགུང་ལོ་ཉེར་གཉིས་ཅན་གྱི་རང་ལུས་མེར་བསྲེགས་གཏོང་མཁན་ན་གཞོན་བློ་བཟང་འཇམ་དབྱངས་ལགས་ཀྱི་ཨ་མས་“ང་ཚོ་ནང་མི་ཚོ་ཁོང་གི་འདས་གྲོངས་ལ་འགྱོད་པ་སྐྱེས་ཀྱི་མེད། གང་ཡིན་ཞེ་ན། ཁོང་གིས་བོད་དོན་ཆེད་དུ་རང་སྲོག་བློས་བཏང་བ་རེད” ཅེས་བསྒྲགས་ཡོད། ༼ ༥ ༽

འདི་ལྟ་བུའི་འཇིགས་སྣང་མེད་པའི་ངོ་རྒོལ་ལས་བྱུང་བའི་རེ་བ་དག་གིས་བོད་ནང་དུ་རྒྱ་ནག་གི་བཙན་གནོན་ལ་འགོག་རྒོལ་བྱེད་མཁན་དག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་སུ་བཅུག་ཡོད། གསང་ཉུལ་བའི་ཉེས་མིང་འོག་རྒྱའི་བཙོན་ཁང་ཞིག་ནང་ལོ་དྲུག་རིང་བཙོན་འཇུག་བྱས་པའི་རོལ་མོ་བ་དང་གློག་བརྙན་བཟོ་སྐྲུན་པ་བློ་བཟང་ཆོས་འཕེལ་ལགས་ཀྱིས་ཉེ་ཆར་གསུང་དོན། “༡༩༩༧ལོར་ང་བཙོན་ཁང་ནང་ཡོད་དུས་རྒྱ་གར་ནང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེགས་བཏང་པའི་སྐོར་གོ་སོང། ༼་་་་་་་་་་༽ ང་ལ་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཞིན་བློ་སྟོབས་རྒྱས་སུ་བཅུག་སོང་། རྒྱུ་མཚན་ཅི་ཡིན་ཞེ་ན་ང་ཚོ་ཚང་མས་བོད་ཀྱི་ཆེད་དུ་དོན་དག་ཅིག་འབྱུང་ངེས་རེད་བསམས་སོང་།”  ཁོང་གིས་མུ་མཐུད་བརྗོད་དོན། “ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་རང་སྲོག་བློས་གཏོང་དེས་བོད་ནང་གི་བོད་མི་མང་ཆེ་ཤོས་ལ་བློ་སྟོབས་དང་སེམས་འགུལ་ཐེབས་ཡོད་པ་ངས་ཁ་ཚོན་བཅད་ནས་བཤད་ཐུབ།”༼ ༦ ༽

ངོ་རྒོལ་གྱི་ལས་འགུལ་འདི་ཚོ་གང་རུང་ནང་དུ་འ་ཆད་འུ་ཐུག་དང་རེ་བ་སྟོང་ཟད་ཡིན་པའི་ཚོར་བ་མེད་པ་ངེས་གཏན་ཡིན་པ་ང་ཚོས་ཤེས་གསལ་རེད། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་དག་ནི་བོད་ནང་གི་ལས་འགུལ་རེ་རེ་དང་འདྲ་བར་རེ་བ་ཆེན་པོ་དང་སེམས་ཐག་གཙང་བཅད། ཡིད་ཆེས་ཀྱི་བསྐྱར་གསོའི་ནུས་པ་ལྡན་པའི་དཔེ་མཚོན་གསོན་པོ་ཁོ་ན་རེད། བློས་གཏོང་འདི་ཚོས་རྒྱལ་ཁབ་ཧྲིལ་བོ་ཞིག་གི་རྨི་ལམ་དང་བསམ་བློའི་སྟོབས་ཤུགས་མཚོན་གྱི་ཡོད། དེར་བརྟེན། འདི་ཚོ་སྣང་མེད་དང་ཟུར་ཟའི་ངང་ཡིད་སེམས་སྐྱོ་བའི་མི་སྒེར་ཞིག་གི་བྱ་སྤྱོད་ཀྱི་ངོ་བོར་གཏན་ནས་བསྒྱུར་མི་རུང་།

“འ་ཆད་འུ་ཐུག”་ཅེས་པའི་ཐ་སྙད་འདི་བེད་སྤྱོད་ལོག་པར་༼ མི་མང་པོ་ཞིག་གིས་བསམ་བཞིན་མ་ཡིན་པའི་ཐོག་ནས་བེད་སྤྱོད་གཏོང་གི་ཡོད་སྲིད།༽གཏོང་བཞིན་པ་འདི་ཡིས་དཔའ་རྒོད་ཀྱི་སྤྱོད་ལམ་འདི་ཚོ་ལ་གནོད་སྐྱོན་གཏོང་གིན་འདུག འདི་ངེས་པར་དུ་ཐེར་འདོན་བྱ་དགོས། རྒྱུ་མཚན་གཅིག་ནི་འདི་ཡིས་མི་སྒེར་གྱི་དྲན་ངོས་ལ་རྨས་སྐྱོན་གཏོང་གིན་ཡོད་པ་མ་ཟད་དཔའ་བོ་དཔའ་མོ་དེ་དག་གི་ཀུན་སློང་དང་མངོན་འདོད། བློ་ཐག་རྦད་གཅོད་ལ་བརྩི་བཀུར་བྱེད་ཀྱི་མེད་པ་མཚོན་གྱི་ཡོད། སྙིང་པོ་དབེན་པའི་ཟུག་རྔུ་དྲག་པོ་དང་འ་ཆད་འུ་ཐུག་ལ་ནན་བརྗོད་མང་པོ་གནང་ན་དཔའ་ཉམས་ལྡན་པའི་བྱ་སྤྱོད་ཅིག་ཉེན་གཡོལ་གྱི་ཐབས་བཀོད་ཙམ་ཞིག་ལ་ངོས་འཛིན་བྱ་བར་འཇུག་སྲིད་ལ་ཆེས་སྡུག་ས་ནས་བརྗོད་ན་གཉོམ་ཆུང་དང་སྡར་མའི་མཚོན་རྟགས་ཤིག་གི་དྲན་སྐུལ་དུ་འགྱུར་སྲིད། འདི་ཡིས་ལུས་སེམས་གཉིས་ལ་གནོད་འཚེ་ཅན་གྱི་མཇུག་འབྲས་བསྐྱེད་ངེས། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་མཁན་དག་གི་སྣང་བརྙན་ལ་དམའ་འབེབབ་གཏོང་དགོས་པ་གསལ་པོར་ཤེས་ཀྱི་ཡོད། དཔེར་ན། སྤྲུལ་སྐུ་བསོད་བྷས་རང་ལུས་མེར་བསྲེགས་བཏང་བ་དང་རྒྱ་གཞུང་གིས་འཕྲལ་དུ་དེ་ནི་གསང་བའི་བརྩེ་དུང་གི་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་བྱུང་བ་ཡིན་སྐོར་བསྒྲགས་པ་ལྟ་བུ་རེད། རང་ལུས་མེར་བསྲེགས་འདི་དག་ནི་རྒྱ་ནག་གི་བདག་བཟུང་ལ་འ་ཆད་འུ་ཐུག་གི་འཐབ་རྩོད་ཡིན་ཞེས་མཚན་སྙན་བཏགས་ནའང་གནོད་སྐྱོན་ཆེ་ས་རེད། གང་ལེགས་ཞེས་ན། ང་ཚོས་འབྱུང་སྲིད་པའི་གསར་བརྗེ་ཞིག་གི་རེ་བའི་མེ་སྟག་དང་པོ་ནས་མེད་པར་བཟོ་བཞིན་ཡོད། ཉུང་མཐར་ངྷ་རམ་ས་ལའི་བོད་ཀྱི་མགོ་ཁྲིད་ཚོའི་ཐད་ནས་བརྗོད་ན་སྐབས་འདིར་ང་ཚོས་ཚོར་ཤེས་ཧ་ཅང་ཆེ་བའི་གནད་དོིན་ཞིག་ལ་ལག་པས་འཆིང་གིན་ཡོད།

རང་ལུས་མེར་བསྲེགས་གཏོང་སྐབས་མི་བུ་འདི་ཚོའི་སེམས་ལ་དམིགས་ཡུལ་ཁ་ཤས་ཡོད་ཁོ་ཐག་རེད། ཁོང་ཚོས་ལས་འགུལ་འདི་དུས་ཡུན་ཐུང་ཐུང་ཙམ་ནང་མཇུག་རྫོགས་པར་ཕལ་ཆེར་བསམས་ཡོད་ཀྱི་མ་རེད། དེ་ལས་ལྡོག་སྟེ། ཁོང་ཚོས་སོ་སོའི་བློས་གཏོང་འདི་གཞི་རྒྱ་ཆེ་བའི་ངོ་རྒོལ་ཞིག་གི་མེ་སྟག་ཏུ་འགྱུར་བའི་ཆ་འཇོག་གནང་ཡོད་ཀྱི་རེད། དུས་རྒྱུན་ཁོང་ཚོའི་དམིགས་ཡུལ་ནི་བོད་ནང་གི་རྒྱ་ནག་གི་དྲག་གནོན་ལ་འཛམ་གླིང་གི་དོ་སྣང་ཡོང་བའི་ཆེད་དུ་ཡིན་པར་འགྲེལ་བརྗོད་གནང་གི་ཡོད་པ་རེད། འདི་ནི་ཡང་དག་པ་ཞིག་གཏན་ནས་མ་རེད། བོད་ཕྱི་ནང་གི་བོད་མི་མང་ཆེ་ཤོས་ཀྱིས་ཕྱིའི་རྒྱལ་ཁབ་དག་ལ་རེ་བ་རྒྱག་གི་མེད་ལ་ཁོང་ཚོ་ལ་དོན་ཕན་ལྡན་པའི་ཆབ་སྲིད་ཀྱི་རོགས་རམ་གནང་བར་རེ་བ་དངོས་གནས་རྒྱག་གི་ཡོད་པ་མ་རེད། མ་ཟད། རང་ལུས་མེར་བསྲེགས་གཏོང་མཁན་ཚོས་ཁོང་ཚོའི་ཁ་ཆེམས་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་གྱི་སྲིད་གཞུང་གང་ལའང་གཞོགས་འདེགས་ཡོང་བའི་བརྡ་ལན་བཞག་མི་འདུག རང་ལུས་མེར་བསྲེགས་འདི་ཚོའི་དམིགས་ཡུལ་ཆེ་ཤོས་ནི་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་གནང་སྟེ་རྒྱ་ནག་གི་བདག་བཟུང་ལ་འཐབ་རྩོད་བྱེད་པའི་དུང་བརྡ་སྒྲོག་པའི་ཆེད་ཡིན་རྒྱུ་རེད། འདི་ཁོང་ཚོས་བསམ་བཞིན་དུ་འཆར་གཞི་ཕལ་ཆེར་བཏང་ཡོད་རྒྱུ་མ་རེད། ཡིན་ཡང་སྔོན་ཚུད་ནས་ཚོད་དཔག་གནང་ཡོད་ངེས་པ་རེད། འདི་ལ་ཐེ་ཚོམ་བྱེད་དགོས་དོན་མི་འདུག ཁ་གཏད་དུ་ལངས་པའི་བྱ་སྤྱོད་འདི་ཡིས་ངོ་རྒོལ་བྱེད་པའི་འདུན་པ་ཡོད་མཁན་ཚོ་ལ་དངོས་གནས་ངར་ཤུགས་བསླངས་ཡོད་པ་རེད་ལ་གདོང་རྒོལ་བ་ཚོས་འདི་ལྟ་བུའི་གཅིག་རྗེས་གཉིས་མཐུད་དུ་འབྱུང་སྲིད་པའི་གནས་ཚུལ་ལ་སྔ་མོ་ནས་བསམ་གཞིགས་གནང་ཡོད་ངེས་རེད། སྤྲུལ་སྐུ་བསོད་བྷས་རང་ལུས་མེར་བསྲེགས་བཏང་རྗེས་མགོ་ལོག་ས་ཁུལ་དུ་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ངོ་རྒོལ་བྱུང་འདུག་ཅིང་། བློ་བཟང་འཇམ་དབྱངས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་རྔ་བ་རུ་དེ་མཚུངས་ཀྱི་ངོ་རྒོལ་བྱུང་སོང་། ཕྱི་མ་འདི་ནི་སྐོར་སྲུང་དམག་མི་དག་གིས་བློ་བཟང་འཇམ་དབྱངས་ལགས་ལ་དམར་ལམ་ལམ་གྱི་མེ་ལྕེའི་ཁྲོད་དུ་ད་དུང་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་པ་ལ་བརྟེན་ནས་མི་དམངས་ཀྱི་ངོ་རྒོལ་བྱུང་བ་འདྲ་ནའང་། ལས་འགུལ་འདི་ཚོས་དོན་རྐྱེན་འདི་དག་སྐུལ་རྫས་ལྟར་མྱུར་ཚད་ཇི་ལྟར་ཇེ་མགྱོགས་སུ་བཏང་བ་གསལ་གསལ་ཐིང་ཐིང་གིས་སྟོན་གྱིན་ཡོད།

བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་སྤྱི་དང་ལྷག་པར་དུ་ལས་འབྲས་ཀྱི་ལྟ་གྲུབ་ལ་ཐོས་བསམ་བྱས་མྱོང་པའི་གྲྭ་བ་དང་བཙུན་མ་ཚོས་ཁོང་ཚོའི་བྱ་སྤྱོད་ཀྱིས་ཧ་ལས་པའི་མཇུག་འབྲས་ཤིག་བསྐྱེད་ཐུབ་པ་དང་དེ་དག་གིས་ཁོང་ཚོའི་བློ་མཐུན་རྒྱལ་གཅེས་པ་དག་གི་སུན་སྣང་དང་འདོད་བློ་མ་ཁེངས་པའི་ཡིད་སེམས་འགུག་ནུས་པའི་དངོས་ཡོད་གནས་ཚུལ་འདི་ཚོར་མེད་ན་དེ་ནི་དངོས་གནས་ཧ་ལས་ཧོན་འཐོར་དགོས་པ་ཞིག་རེད། ཁོང་ཚོས་ལོ་སྔོན་མར་མོ་ཧཱ་མེ་བྷོ་ཟི་ཡི་རང་ལུས་མེར་བསྲེགས་ཀྱིས་ཊུའུ་ནེ་ཞི་ཡའི་གསར་བརྗེ་བྱུང་བཅུག་པ་དང་དེ་ནས་གཞི་རྒྱ་ཆེ་བའི་ཨ་རབ་དཔྱིད་ཀའི་གསར་བརྗེ་བྱུང་བར་སྒུལ་ཤུགས་ཐེབས་པའི་སྐོར་གོ་ཡོད་སྲིད་ལ་མེད་ཀྱང་སྲིད། འོན་ཀྱང་། མི་དེ་ཚོས་ཁོང་ཚོའི་བྱ་སྤྱོད་ལ་བརྟེན་ནས་ཟིང་འཁྲུག་ཆེན་པོ་ཞིག་འབྱུང་ངེས་པ་རྟོགས་ཡོད་ངེས་རེད། གཅུན་དཀའ་བའི་བོད་ནང་གི་ས་ཆ་གང་སར་ཆ་མི་མཚུངས་པའི་རྒྱ་ནག་གི་གཞོགས་འདེཊ་དཔུང་དམག་དང་སྐོར་སྲུང་དམག་མི (SWAT)རུ་ཁག་བཅས་བཀྲམས་ཡོད་པར་བལྟས་ན་པེ་ཅིན་གྱིས་ངོ་རྒོལ་འདི་ཚོའི་འབར་ཤུགས་རང་བཞིན་རྟོགས་ཀྱིན་ཡོད་པ་ཐེ་ཚོམ་མེད་ཅིང་ལས་འགུལ་དེ་དག་ལས་བྱུང་བའི་འཇིགས་སྐུལ་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། འོ་ན། ངྷ་རམ་ས་ལས་ཅིའི་ཕྱིར་གནས་སྟངས་འདིའི་ཁེ་ཕན་ལེན་གྱིན་མེད་པ་རེད།

དབུ་མའི་ལམ་རང་གི་བཙོན་མ་ཞིག་ཏུ་གྱུར་པའི་མཁྲེགས་བཟུང་ཅན་གྱི་བཙན་བྱོལ་བོད་གཞུང་ལ་དངོས་འབྲེལ་བྱས་ན་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ཚོའི་ཁྱབ་རྒྱའམ་བསྒྲུབ་བྱ་ཇེ་ཆུང་དུ་གཏོང་བའི་རྒྱུ་མཚན་ཡོད་པ་རེད། དང་པོ། ངོ་རྒོལ་འདི་ཚོས་བོད་གཞུང་གི་ཞི་མཐུན་འགྲིག་འཇགས་ཀྱི་སྲིད་བྱུས་ལ་རྒྱབ་འགལ་བྱེད་ཀྱིན་ཡོད། མཐོ་རིམ་གཞུང་ཞབས་ཚོས་སྲིད་བྱུས་འདི་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ལྡེ་མིག་གཅིག་པུ་ཡིན་པའི་ཡིད་ཆེས་གནང་གིན་ཡོད། ཡིན་ནའང་དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་རང་ལུས་མེར་བསྲེགས་གཏོང་མཁན་ཁ་ཤས་ཀྱིས་རང་དབང་རང་བཙན་ལ་དགོས་འདུན་འདོན་གྱིན་ཡོད་པ་དང་གཞན་པ་ཚོས་བོད་ནི་“རྒྱལ་ཁབ”ཅིག་ཡིན་པའི་ཁུངས་གཏུགས་ཀྱི་ཡོད་པ་འདི་དག་གིས་“རང་སྲིད་རང་སྐྱོང་གཙང་མ་”ལ་རྒྱབ་སྐྱོར་ཉུང་ངུ་ལས་སྟོན་གྱི་མེད་པ་ནམ་ལངས་ལངས་དང་ཉི་ཤར་ཤར་རེད།

དེར་བརྟེན། བཀའ་ཁྲི་བློ་བཟང་སེངྒེས་ཝ་ཤིན་ཊོན་ཕོ་སི་ཊིའི་ནང་ལ་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་འདི་ཚོ་ནི་“འ་ཆད་འུ་ཐུག་གི་བྱ་སྤྱོད་” ༼ ༧ ༽ དམ་ཡང་ན་ཉེ་ཆར་གྱི་བཅར་འདྲི་ཞིག་གི་ནང་“གྲྭ་བ་ཚོས་ཅི་བྱ་གཏོལ་བྲལ་འོག་ནས་རང་ལུས་མེར་བསྲེགས་གཏོང་གིན་ཡོད”་༼ ༨ ༽པ་ཁྱབ་བསྒྲགས་གནང་བཞིན་པ་མཐོང་སྐབས་ཡ་མཚར་མི་རུང་ལ། རྡོར་གདན་གྱི་དུས་འཁོར་དབང་ཆེན་སྐབས་སུ་བོད་མི་འབུམ་ཕྲག་གཉིས་ལ་ཉེ་བའི་མདུན་ནས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཡོངས་རྫོགས་ཀྱི་མཚན་ཐོ་ཀློག་དུས་སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༢ པའི་ནང་ཐེངས་དང་པོར་རང་ལུས་མེར་བསྲེགས་གཏོང་མཁན་ལོ་ན་ཉི་ཤུ་ཅན་གྱི་བཀྲ་བྷེ་ཡི་མིང་ཐོ་སྐྱུར་བ་ལའང་ཧ་ལས་མི་རུང་།

ངྷ་རམ་ས་ལ་ཡིས་རང་ལུས་མེར་བསྲེགས་གཏོང་མཁན་དག་གི་དམིགས་ཡུལ་ངོ་མ་དག་ལ་ངོས་འཛིན་བྱེད་པར་འདོད་མོས་མེད་པ་དང་ཕྱི་རྒྱལ་གྱི་བརྒྱུད་ལམ་དག་གིས་བོད་པ་ཚོས་ཅི་ཞིག་གི་ཆེད་འཐབ་རྩོད་བྱེད་བཞིན་པ་ཇི་མ་ཇི་བཞིན་བཤད་པར་ཁས་ལེན་བྱེད་ཀྱི་མེད་པ་ལ་མ་ལྟོས་པར་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་འདི་ཚོ་ངེས་མེད་དུ་མི་འབྱུང་བའི་འགན་ལེན་བྱེད་ཆེད་ཅི་ཞིག་ཡིན་ཡང་ཛ་དྲག་གིས་སྒྲུབ་དགོས་ཀྱི་འདུག ཡིན་ནའང་། དགོན་པ་དག་གི་མཐའ་སྐོར་མཁན་དཔུང་དམག་དག་དང་བརྟན་ལྷིང་མེད་པའི་ས་ཁུལ་དག་ནས་གཞོགས་འདེགས་དྲག་དམག་དག་ཕྱིར་འཐེན་བྱེད་དུ་བཅུག་པ་ཙམ་གྱིས་རང་ཉིད་རང་ལུས་མེར་བསྲེགས་གཏོང་བའི་ལས་འགུལ་འདི་མཚམས་འཇོག་ཏུ་འཇུག་ཐུབ་ཀྱི་མེད་ལ་ཁོང་ཚོས་དམིགས་ཡུལ་ངོ་མ་ཞིག་བསྒྲུབ་ཏུ་འཇུག་པའི་ཁག་ཐེག་བྱ་ཐུབ་ཀྱི་མ་རེད། ཁྲབ་ལྡན་འཐབ་འཁོར་དང་མེ་མདའ་སྦག་སྦག་དག་ནི་རྒྱ་ནག་གི་ཡ་ང་སྙིང་རྗེ་མེད་པའི་དབང་སྒྱུར་གྱི་མངོན་སུམ་མཚོན་རྟགས་ཁོ་ན་རེད། རྒྱ་གཞུང་གིས་བོད་ཀྱི་ས་གནས་མི་དམངས་ལ་“དོ་དམ”༼ ཐ་སྙད་འདི་ནི་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བེད་སྤྱོད་གནང་ཡོད། ༽ ༼ ༩ ༽ གནང་སྟེ་སྐྱོབ་གསོ་ཅི་ཙམ་གནང་ཡང་དེ་ནི་གནས་སྐབས་ཙམ་གྱི་དཀའ་ངལ་སེལ་ཐབས་ལས་མ་འདས། ཉིན་ཞིག་གམ་ཡང་ན་དེའི་རྗེས་ནས་ཡང་བསྐྱར་ངོ་རྒོལ་གྱི་ལས་འགུལ་དག་འབྱུང་གི་རེད། དེ་དུས་ཀྱི་ངོ་རྒོལ་ནི་ཆེས་གཞི་རྒྱ་ཆེ་བའི་བཙན་རྒོལ་ཞིག་ཡིན་ངེས་ལ་དེའི་ཁྲོད་དུ་ཆག་སྒོ་ཆེན་པོ་འབྱུང་ངེས་པ་གདོན་མི་ཟ།

ཕྱོགས་གཞན་ཞིག་ནས་བརྗོད་ན་ནུས་ཤུགས་བསྐྱར་གསོ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་ངང་གོ་སྒྲིག་བྱས་ཏེ་ངོ་རྒོལ་གནང་ན་བོད་ནང་གི་བོད་མི་ལྷག་བསམ་ཅན་དག་གིས་བཙན་དབང་སྒོས་རང་ལུས་མེར་བསྲེགས་མ་ཡིན་པའི་བྱ་སྤྱོད་གཞན་སྤེལ་ངེས་པ་ཕལ་ཆེར་གཏན་འཁེལ་བ་རེད། སྤྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ནང་གི་བོད་མི་ཚོས་ཁོང་ཚོའི་ཆོད་སེམས་དང་སྙིང་སྟོབས་ཕྱི་གསལ་ནང་གསལ་སྒོས་མིག་སྟོན་གསལ་བཤད་གནང་ཡོད་པ་རེད། ལོ་བཞིིའི་ནང་ཚུད་དུ་རྒྱ་ནག་གི་བཙན་བཟུང་ལ་རྒོལ་བའི་ལས་འགུལ་གྱི་གཞི་རྒྱ་མི་མཐུད་ཇེ་ཆེར་འགྲོ་བཞིན་འདུག་ལ་ད་ཆ་ ༡༩༥༠ ལོའི་རྗེས་ནས་བསླེབས་མ་མྱོང་བའི་ཚད་གཞི་ཞིག་ལ་བསླེབས་འདུག སྔོན་ཆད་ལངས་ཕྱོགས་བརྟན་པོ་ཞིག་བཟུང་བར་གཡོལ་མཁན་གྱི་ཤེས་ཡོན་པ་དང་སྒྱུ་རྩལ་པ་དག་གིས་ད་ལྟ་བོད་ལ་རྒྱབ་སྐྱོར་གནང་བའི་སེམས་ཐག་གཙང་བཅད་གནང་འདུག བོད་རང་བཙན་གྱི་འབོད་སྒྲ་སྒྲོག་མཁན་དང་བོད་ཀྱི་རྒྱལ་དར་བེད་སྤྱོད་གནང་མཁན་གྱི་གྲངས་འབོར་སྔོན་མ་ལས་ཇེ་མང་དུ་འགྲོ་བཞིན་འདུག་ལ་བོད་ས་ཡོངས་རྫོགས་ནང་མཉམ་ལས་མི་བྱེད་པའི་ལས་རིམ་འདུས་པའི་ལྷག་དཀར་ལས་འགུལ་རྒྱ་ཇེ་ཆེར་འགྲོ་བཞིན་འདུག ད་དུང་བོད་ས་ཁྱོན་ཡོངས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་གསར་བ་ཞིག་འཕེལ་བཞིན་འདུག ངོ་རྒོལ་གྱི་རྣམ་པ་གསར་པ་མང་པོ་ཞིག་གསར་གཏོད་བྱེད་བཞིན་འདུག  སྤྱི་ཡོངས་ནས་འདོད་བློ་མ་ཚིམས་པའི་སེམས་པ་ཆུ་ཁོལ་ལྟར་ལྷོག་ལྷོག་ཏུ་ཁོལ་གྱིན་འདུག འདི་ལྟ་བུའི་གནས་སྐབས་ཤིག་འབྱུང་བ་ཧ་ཅང་དཀོན་པོ་རེད།

འདི་ལྟ་བུའི་གནས་སྟངས་དག་གི་འོག་ངྷ་རམ་ས་ལས་བོད་ནང་གི་བོད་མི་ཚང་མ་གཅིག་སྒྲིལ་གྱིས་འཚེ་མེད་ཞི་བའི་ལས་འགུལ་རྒྱ་ཆེན་པོ་སྤེལ་བའི་འབོད་སྐུལ་གནང་བ་ཡིན་ན་འདིས་བོད་ནང་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཞིག་ཐེབས་ངེས་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དཔེར་ན། བོད་ས་ཁྱོན་ཡོངས་ལ་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་ཞིག་སྤེལ་དགོས་པའི་རེ་སྐུལ་གནང་བ་ཡིན་ན་དེ་ལ་དགའ་བསུ་ཞུ་ངེས་རེད་ལ་གལ་ཏེ་ཆ་རྐྱེན་འགྲིག་པ་ཡིན་ན་རྒྱའི་བཙན་འོག་གི་འཚོ་སྡོད་གནང་མཁན་བོད་མི་མང་ཆེ་ཤོས་ཀྱིས་རྒྱབ་སྐྱོར་བྱ་ངེས་པ་ཐེ་ཚོམ་མི་འདུག ད་དུང་གླེང་རིན་ཡོད་པ་ཞིག་ལ་འདི་འདྲའི་གོམ་སྟབས་ཀྱིས་བཙན་བྱོལ་ནང་གི་དབུ་ཁྲིད་གསར་བ་ལ་ནུས་ཤུགས་ལྡན་པའི་ཁྲིམས་མཐུན་གྱི་མགོ་ཁྲིད་གནས་བབ་སྩོལ་ངེས་རེད། བོད་ནང་གི་བོད་མི་ཚོས་དབུ་ཁྲིད་གསར་བའི་འོས་འདེམས་ལ་སྤྲོ་སེམས་འཁོལ་བའི་ཐོག་ནས་དེ་སྔ་རྣ་བས་གཏད་པ་རེད་ལ་ད་དུང་འང་ཁོང་ལ་གཞིས་ལུས་གདོང་དམར་བ་ཚོས་རེ་བ་མཐོ་པོ་ཞིག་རྒྱག་གིན་ཡོད་པ་རེད། ཡིན་ནའང་། ངས་སྐབས་འདིར་ཡང་བསྐྱར་བཙན་བྱོལ་བོད་གཞུང་ལ་འཐབ་རྩོད་འདི་དབུ་ཁྲིད་པའི་འདུན་པ་ཡོད་མེད་ལ་ཐེ་ཚོམ་ཡོད་ཅེས་བསམ་ཚུལ་མི་བརྗོད་ག་མེད་བྱུང་། དབུ་མའི་ལམ་ནི་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་བྱེད་ཁོ་ན་ཞིག་མ་རེད། དེ་ནི་ལས་འགུལ་མི་སྤེལ་བ་དང་མགོ་སྒུར་པའི་འབོད་སྐུལ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་རེད། དེ་ཡིས་བོད་ནང་གི་བོད་མི་ཚོར་ལམ་སྟོན་ཁ་ཕྱོགས་ཤིག་གཏན་ནས་གནང་མེད། ༼ སྔོན་ཆད་རྒྱ་མི་བཙན་འཛུལ་བ་ཚོར་མཉམ་རུབ་མཉམ་ལས་ཀྱི་ལངས་ཕྱོགས་རྒྱུད་འཛིན་བྱས་པ་ཡིན་སྲིད ༽ བཀའ་བློན་ཁྲི་བའི་གཏམ་བཤད་དག་དང་རྒྱ་གཞུང་ནས་གདུག་རྩུབ་ཆེ་བའི་དམ་དྲག་བཀའ་ཆད་༼༡༡༽མི་ཡོང་ངམ་སྙམ་པའི་ཁོང་གི་སེམས་ཁྲལ་དག་ལ་གཞིར་བཞག་སྟེ་བརྗོད་ན་ངྷ་རམ་ས་ལས་ལམ་སང་བོད་ནང་ལ་ཆབ་སྲིད་ཀྱི་ངོ་རྒོལ་ལས་འགུལ་དག་སྤེལ་བའི་སྐུལ་མ་མི་གཏོང་བ་ངེས་གཏན་རེད།

ཡིན་ནའང་། ང་རང་དོན་དག་གཅིག་ལ་ཡིད་ཆེས་གཙང་མ་ཡོད། དེ་ནི་བོད་མིའི་ངོ་རྒོལ་འདི་ཚད་གཞི་གསར་བ་ཞིག་ལ་བསྐྱལ་མ་ཐུབ་ན་རང་ལུས་མེར་བསྲེགས་དག་དང་དེ་མཚུངས་ཀྱི་ཐལ་ཆ་ཆེ་བའི་བྱ་སྤྱོད་འདི་དག་མཚམས་འཇོག་གི་མ་རེད་འདོད། སྔར་ཡོད་གནས་བབ་ལ་ཕྱིར་སློག་བྱེད་པ་ནི་གདམ་ག་ཞིག་མ་རེད། ད་ལྟ་བོད་མི་ཚོ་ཕྱིར་འཁོར་ས་མེད་པའི་ས་མཚམས་ཤིག་ལ་ཐོན་གྲབས་འདུག འཇིགས་མེད་ཨོ་རྒྱན་གྱིས་བཏགས་པའི་“རྩམ་པའི་གསར་བརྗེ་”ད་ལྟ་མགོ་རྩོམ་བཞིན་པའི་སྒང་རེད། དབྱིན་ཇིའི་གཞས་པ་ཕེ་ཊར་གྷ་བྷལ་ལགས་ཀྱིས་སི་ཊེ་བན་བྷི་ཀོ་ལྷོ་ཨ་ཧྥེ་རི་ཀའི་བཙོན་ཁང་ཞིག་ནང་བཀྲོངས་ཚར་རྗེས་བྲིས་པའི་གཞས་ཚིག་ཅིག་བསྐྱོར་ན་འདི་ལྟ་སྟེ། “ཡང་ལྭའི་འོད་སྣང་མེད་པར་བཟོ་ཐུབ་ཀྱང་།། མེ་ཡི་འོད་ཟེར་དེ་ལྟ་ཡིན་མི་སྲིད།། དེ་ཡི་མེ་ལྕེ་ཁྱབ་མགོ་ཚུགས་པ་ན།། རླུང་གིས་དེ་ཉིད་དགུང་ལ་སྦར་བར་ངེས།།”༼ ༡༢༽

རང་ལུས་མེར་བསྲེགས་གཏོང་མཁན་འདི་ཚོ་ནི་དངོས་གནས་དྲང་གནས་ཀྱི་རང་དབང་འཐབ་རྩོད་པ་རེད། ཁོང་ཚོས་ཆེས་ན་ཟུག་ཆེ་ཤོས་སམ་མཐར་ཐུག་གི་འཚེ་མེད་ཞི་བའི་བྱ་སྤྱོད་སྤེལ་ཏེ། རང་གི་རྒྱལ་ཁབ་བཙན་གནོན་འོག་ནས་སྐྱོབ་ཀྱིན་ཡོད། ང་ཚོས་ཆེས་ཉུང་མཐར་སྒྲུབ་འོས་པ་གཅིག་ནི་ཁོང་ཚོས་རང་སྲོག་བློས་གཏོང་ག་རེིའི་ཆེད་དུ་གནང་གི་ཡོད་པ་དེ་ག་རང་དུ་ལྟ་དགོས་པ་ལས་བློ་རྒྱ་དོག་པའི་ང་ཚོའི་བསམ་དོན་ལྟར་ལྟ་ག་ལ་རུང་། སྐྱེས་པ་དང་བུད་མེད་འདི་ཚོ་ནི་རྒྱ་ནག་གི་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་འ་ཆད་འུ་ཐུག་གི་གནོད་འཚེ་ཕོག་ཡུལ་མ་རེད། ཁོང་ཚོ་“རེ་བ་བྲལ་བ”ལ་བརྟེན་ནས་རྒྱ་ནག་གི་སྟོབས་ཤུགས་ལ་མགོ་སྒུར་མཁན་གྱི་མི་བུ་དེ་ཚོའང་མ་རེད། ཁོང་ཚོས་རང་གི་ཁ་བ་རི་བའི་སྤུན་ཟླ་ཚོའི་ཁེ་ཕན་ཆེད་དང་རྒྱལ་ཁབ་ཅིག་གི་སྤོབས་པ་བསྐྱར་གསོ་ཡོང་བའི་དོན་དུ་རང་རང་སོ་སོའི་ཚེ་སྲོག་བློས་གཏོང་གནང་གི་ཡོད། གང་ཡིན་ཞེ་ན། ཁོང་ཚོས་རང་གི་བྱ་སྤྱོད་དག་གིས་ཁྱད་པར་ཞིག་བཟོ་ཐུབ་པ་ཤེས་ཀྱི་ཡོད། ཁོང་ཚོའི་གངས་དཀར་སེམས་ལ་བོད་འདི་ཉིན་ཞིག་རང་དབང་ཐོབ་པའི་རེ་བ་བཟུང་ཡོད་པ་རེད། ཁོང་ཚོ་ནི་རྒྱ་ནག་གི་བཙན་དབང་སྲིད་གཞུང་ལ་འཐབ་རྩོད་བྱེད་མཁན་གྱི་ཉེན་བརྡའི་སྒྲོན་སྟེགས་རེད་ལ་བོད་མི་ས་ཡ་མང་པོར་མཚོན་ན་ཁོང་ཚོ་ནི་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་བཟོ་སྤྱད་ཀྱི་ཕྲེང་ཐག་རེད་ལ་རང་དབང་རང་བཙན་ལེན་པའི་ལ་རྒྱ་དང་སྤོབས་པ་ཡི་འབྱུང་ཁུངས་རེད། རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་ཚོའི་བློས་གཏོང་འདི་ནི་རྒྱ་ནག་དམར་ཕྱོགས་རིང་ལུགས་པའི་ཉམས་རྒུད་ཀྱི་མགོ་འཛུགས་པའི་མཚོན་རྟགས་སུ་འགྱུར་བར་སྨོན།

མཆན།

[1] Abigail Hauslohner, “Afghanistan: When Women Set Themselves on Fire”, Time, 7 July 2010

http://www.time.com/time/world/article/0,8599,2002340,00.html

[2] Martin Patience , “Afghan women who turn to immolation”, BBC, 19 March 2009

http://news.bbc.co.uk/2/hi/south_asia/7942819.stm

[3] ༢༠༡༢ལོའི་བོད་ནང་གི་མེར་བསྲེགས་གནས་ཚུལ་ཐོག་མ། Tibet Times, 9 Jan 2012

https://tibettimes.net/news.php?cat=49&&id=5385

[4] Jamyang Norbu, “Remembering Thupten Ngodup”, 12 May 2008

http://www.jamyangnorbu.com/blog/2008/05/12/remembering-thupten-ngodup/

[5] “‘No Regret’ For Loss: Mother”, RFA, 18 Jan 2012

http://www.rfa.org/english/news/tibet/mother-01182012151811.html

[6] Ngawang Choephel, “Are we ignoring self-immolation?”, 2 January 2012

http://www.facebook.com/note.php?note_id=10150452176846793

[7] Dr Lobsang Sangay, “Chinese repression to blame for immolations in Tibet”, The Washington Post, 4 November 2011

http://bit.ly/vGyddB

[8] Vishal Arora, “World will regret its neglect of Tibet: Tibetan PM”, IANS, 18 Jan 2012.

http://bit.ly/xprV5X

[9] “Statement by Special Coordinator for Tibetan Issues Maria Otero”, 24 January 2012

http://www.state.gov/r/pa/prs/ps/2012/01/182424.htm

[10] http://lhakar.org/

[11] “Tibetan PM Discouraging Political Protest In Tibet?”, Tibettruth.com, 2 Nov 2011

http://tibettruth.com/2011/11/02/tibetan-pm-discouraging-political-protest-in-tibet/

[12] Peter Gabriel – Biko (1987)

http://www.youtube.com/watch?v=MgM-1r0X5Zc

སྒྱུར་མཁན་གྱི་མཆན།  རྩོམ་ཡིག་འདི་རྩོམ་པ་པོ་ཁུ་རི་སུ་ཊོབ་ཧྥེ བྷེ་སུའུ་ཤེ་འམ་མགོ་ལོག་ཨ་འབུམ་གྱི་རེ་འདུན་ལྟར་བསྒྱུར་བ་ཡིན། ཁོང་ནི་ལག་རྩལ་སློབ་སྟོན་པ་དང་ལོ་མང་རིང་གི་བོད་རང་བཙན་གྱི་ལས་འགུལ་བ་ཞིག་རེད། ད་ལྟ་སི་ཝེ་སུའི་རང་བཙན་མཐུན་ཚོགས་ཀྱི་ཚོགས་གཞོན་ཡིན་འདུག དོགས་པ་ཡོད་ན་འོག་གི་མ་རྩོམ་ལ་་གཟིགས་རོགས། http://phayul.com/news/article.aspx?c=4&t=1&id=30767&article=Beacons+of+resistance%2c+not+desperate+acts+by+Christophe+Besuchet

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese