མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ངྷ་ས་ནས་ལྷ་སར་གོམ་བགྲོད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ན་གཞོན་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས། རྒྱ་གཞུང་ལ་ཞི་བའི་དགོས་འདུན་དོན་ཚན་ལྔ་བཏོན་ཏེ། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་ངྷ་ས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གོམ་བགྲོད་གནང་རྒྱུ་ཡིན་འདུག

དཀྱིལ་ཤར་ཨེ་ཛི་རལ་རྒྱལ་ཁབ་ནང་གནས་བཞུགས་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་འམ། སྨྱུག་མིང་ལ་མི་འགྱུར་གངས་ཕྲུག་ལགས་ཀྱིས་ཟླ་འགའི་གོང་ནས་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་སྔ་རྗེས་སུ་སྤེལ་ཏེ། བོད་ནང་གི་ཛ་དྲག་གནས་ཚུལ་རིམ་བསྟུད་དུ་ཐོས་ཡོང་སྐབས་ཉན་པ་རྣ་བའི་མི་བཟོད་ཅིང་། དྲན་པ་སེམས་སུ་མ་ཤོང་བའི་ན་ཟུག་འོག ཁོང་གིས་ད་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ། དགོས་འདུན་དོན་ཚན་ ༥ ཡི་ཆ་རྐྱེན་འོག་བཞུགས་སྒར་ངྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གོམ་བགྲོད་གནང་རྒྱུའི་དམ་བཅའ་བཞག་ཡོད་ཅིང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཁོང་ཨེ་ཛི་རལ་ནས་ནང་མི་བུ་ཕྲུག་དག་ལ་ཁ་གྱེས་ཏེ་བཞུགས་སྒར་ངྷ་རམ་ས་ལར་འབྱོར་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་གསར་འགོད་པ་ཆེད་དུ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྡོད་གནས་སུ་བསྐྱོད་དེ། གོམ་བགྲོད་མགོ་འཛུགས་ཇི་ལྟར་གནང་འཆར་ཡོད་མེད་རྒྱུས་ལོན་བྱས་པར། ལས་འགུལ་དེ་བཞུགས་སྒར་ངྷ་རམ་ས་ནས་ནས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ། གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་སྟེང་དངོས་སུ་མགོ་འཛུགས་གནང་རྒྱུ་ཡིན་འདུག་ལ། ཁོང་དང་མཉམ་དུ་རང་ལོ་ ༥༤ ཡིན་པའི་ཁོང་གི་ཨ་མ་སྡོམ་པོ་སྐྱིད་ལགས་དང་། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དགུ་བར་སློབ་སྦྱོང་བྱེད་བཞིན་པའི་རང་ལོ་ ༡༨ ཡིན་པའི་ཁོང་གི་གཅུང་མོ་ལྷ་མོ་སྐྱིད་གཉིས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གོམ་བགྲོད་འདིའི་ཐད་ཆོད་སེམས་བརྟན་པོ་དང་སེམས་ཐག་གཙང་བཅད་གནང་སྟེ། ཉེ་ལམ་རྒྱ་གར་ནང་ཕེབས་ཁར་ཁྲིམས་ཐོག་ནས་ཁོ་རང་གི་ཆུང་མ་དང་ཁ་ཁ་བཟོས་ཡོད་པ་མ་ཟད། བུ་ཕྲུག་གཉིས་ཀྱང་ཁྲིམས་ཐོག་ནས་ཆུང་མར་རྩིས་སྤྲད་དེ་ས་རྟགས་བརྒྱབ་ཡོད་འདུག

ཚེ་བརྟན་རྡོ་རྗེ་ལགས་ཀྱི་འབོད་ཚིག་ ༥ ནི། གཅིག ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། གཉིས། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས། གསུམ། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་སྤྲོད་དགོས། བཞི། བོད་མིར་རང་ཡུལ་ནས་ཆས་གོས་དང་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས། ལྔ། ད་ལྟ་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་མཁན་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱ་དགོས་པ་བཅས་རེད།    

གསར་འགོད་པས་ཁོང་ལ་བོད་ནང་གོམ་བགྲོད་གནང་དགོས་པའི་རྒྱུ་མཚན་དྲིས་པའི་ལན་དུ་ཁོང་གིས “ ང་རང་བདེན་པ་དང་འཚེ་མེད་ཞི་བར་མཐའ་ཡོད་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། འགྲོ་བ་ཀུན་ལ་ཕན་པའི་བོད་ཀྱི་ནང་པའི་རིག་གཞུང་འདི། ཅུང་མ་འགོར་བར་སྲིད་གཞུང་ངན་པ་ཞིག་གི་ལག་འོག་ཏུ་འཇིགས་ཉེན་ཡོད་སྟབས། བོད་ནང་གི་བོད་མི་ཚོས་སེམས་ཀྱིས་མ་བཟོད་པར་རང་ལུས་མེར་བསྲེགས་གཏོང་བཞིན་ཡོད་ལ། དེ་ནི་རང་གི་ཚེ་སྲོག་གཞན་དོན་དུ་ཕུལ་བ་ཞིག་ཀྱང་རེད། དེར་ང་རང་གིས་ཞི་བའི་མེ་ལྕེ་དང་སྙིང་རྗེའི་མེ་ལྕེ་ཟེར་གྱི་ཡོད། མ་འོངས་པར་མེ་ལྕེ་དེ་ཞེ་སྡང་གི་མེ་ལྕེ་རུ་མི་འགྱུར་བའི་ངེས་པ་མེད་ལ། གལ་སྲིད། ཞེ་སྡང་གི་མེ་ལྕེ་རུ་འགྱུར་བ་ཡིན་ན། བོད་རྒྱ་མི་རིགས་གཉིས་བར་ཁྲག་གི་འཁོར་ལོ་བསྐོར་རྒྱུའི་ཉེན་ཁ་ཡོད། གནད་དོན་དེ་དག་མི་འབྱུང་ཆེད་རང་ཉིད་ནས་མགོ་བརྩམས་ཏེ་ཞི་བའི་འཐབ་རྩོད་འདིའི་ནང་ཞུགས་པ་ཡིན་ ” ཞེས་བརྗོད་སོང་།  

ལས་འགུལ་མཐའ་འཁྱོལ་གནང་རྒྱུར་དམ་བཅའ་གང་འདྲ་ཡོད་མེད་དྲིས་པར།  “ འཐབ་རྩོད་ཟེར་ན་ཉི་མ་རེ་ཟུང་དང་དུས་ཚོད་ཁ་ཤས་ནང་བསྒྲུབ་ཐུབ་པ་ཞིག་མ་རེད། མི་ཚེ་ཧྲིལ་པོར་ལུས་པོ་འདི་བོད་མི་རིགས་ཆེད་འབུལ་རྒྱུ་ཡིན་སྙམ་པའི་དམ་བཅའ་ཞིག་དང་། ཁྱིམ་ཚང་གི་གནས་ཚུལ་ཙག་ཙིག་ཐོག་མགོ་འཁོར་ནས་སྡོད་རྒྱུ་མིན་པའི་དམ་བཅའ་ཞིག་དགོས་པ་རེད། སྔོན་མ་ཐེངས་མང་པོར་བོད་ནང་གོམ་བགྲོད་གནང་ཡོད་ཀྱང་། ས་མཚམས་ལའང་བསླེབས་ཐུབ་ཡོད་པ་མ་རེད། དེ་རིགས་ལ་མཚོན་ན་ལས་འགུལ་ཙམ་ལས་འཐབ་རྩོད་ཅིག་རེད་བསམ་གྱི་མེད། ངས་ཐེངས་འདིའི་ང་རང་གི་གོམ་བགྲོད་འདི་ལ་འཐབ་རྩོད་ཟེར་གྱི་ཡོད། གང་ཡིན་ཟེར་ན། གོམ་བགྲོད་སྐབས་རྒྱ་གར་ས་གནས་གང་ཞིག་ཏུ་འཛིན་བཟུང་བཙོན་འཇུག་བྱས་ཀྱང་།  ནམ་ཞིག་ཕྱིར་ཀློད་ཡོང་གི་རེད། གང་ནས་ཀློད་ན་ས་དེ་རང་སླར་ཡང་གོམ་མགྲོད་མཇུག་སྐྱོང་བྱ་རྒྱུ་ཡིན། ངའི་འབོད་ཚིག་དེ་དག་ལ་བརྡ་ལན་ཞིག་མ་རག་པ་ཡིན་ན། ངའི་གོམ་བགྲོད་མཚམས་འཇོག་རྒྱུ་མིན། གོམ་བགྲོད་འདིའི་ཆེད་དུ། ད་ཐེངས་ཚུར་ཡོང་ཁར་སྐྱེས་དམན་དང་ཁྲིམས་ཐོག་ནས་ཁ་ཁ་བཟོས་ཟིན་ལ། བུ་ཕྲུག་གཉིས་ཀྱང་ཁྲིམས་ཐོག་ནས་ཆུང་མར་རྩིས་སྤྲད་དེ་ས་རྟགས་བརྒྱབ་ཡོད། ཤི་གསོན་གྱི་གནས་ཚུལ་གང་འདྲ་བྱུང་ཡང་སེམས་ཐོགས་ས་མེད་པ་བཟོས་ཡོད ” ཅེས་བརྗོད་སོང་།  

གོམ་བགྲོད་དེའི་ནང་མི་གཞན་ཞུགས་ཆོག་གི་ཡོད་མེད་དང་། གལ་སྲིད་ཞུགས་པ་ཡིན་ན་ཆ་རྐྱེན་གང་དག་ཚང་དགོས་མིན་དྲིས་པར། “ ངས་ད་བར་ལས་འགུལ་འདིའི་ནང་མི་གཞན་པ་ཞུགས་དགོས་པའི་འབོད་སྐུལ་འདྲ་ཞུས་མེད། བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་སྟེ་ཞི་བདེ་རང་དབང་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་སྒྲོག་གི་ཡོད་དུས། ཕྱི་ལོགས་ནས་ཁོང་ཚོའི་འབོད་སྒྲ་དེའི་རྒྱབ་ཏུ་བཞེངས་མ་ཐུབ་ན་ངོ་ཚ་རེད་བསམ་མཁན་ཡོད་ན། གོམ་བགྲོད་འདིའི་ནང་ཞུགས་དགོས་པ་རེད་བསམ་གྱི་ཡོད། མགོ་བཀའ་བློན་ཁྲི་པ་ནས་མཇུག་ང་ལྟ་བུའི་ཟ་ཁང་ནང་ལས་ཀ་བྱེད་མཁན་ཚང་མ་མཉམ་ཞུགས་གནང་ཆོག་གི་རེད། ཆ་རྐྱེན་མང་པོ་ཚང་དགོས་པ་དེ་འདྲ་མ་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་བྱས་ཏེ་བསྐྱོད་དགོས་པ་རེད། གལ་ཆེ་ཤོས་བློས་གཏོང་དང་སེམས་ཐག་ཆོད་པོ་ཡོད་དགོས་པ་རེད། ང་རང་གིས་གོམ་བགྲོད་འདིར་ཐོག་མར་འཆར་གཞི་སྒྲིག་སྐབས་ཕ་མ་གཉིས་ལ་བཤད་པ་ཡིན། ཁོང་གཉིས་ཀྱིས་རྒྱབ་སྐྱོར་གནང་སོང་བ་མ་ཟད། ཨ་མ་ལགས་དང་སུ་ཇཱ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ངའི་གཅུང་མོ་གཉིས་ཀྱང་ང་དང་མཉམ་དུ་གོམ་བགྲོད་བྱ་རྒྱུའི་དམ་བཅའ་བཞག་སོང” ཞེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པ་སྐྱིད་ལགས་སུ་དགོངས་ཚུལ་གང་འདྲ་ཡོད་མེད་བཅར་འདྲི་ཞུས་པའི་ལན་དུ་ཁོང་མོས། “ ངེད་ཚང་ཆ་རྐྱེན་འཛོམ་པོ་དང་ཤེས་ཡོན་ཆེན་པོ་ཡོད་མཁན་དེ་འདྲ་གང་ཡང་མིན། ཚེ་བརྟན་རྡོ་རྗེ་ཁོ་རང་གི་ཨ་ཕ་ལོ་ ༥༧ རེད། ལས་ཀ་ཡོད་པ་མ་རེད། ང་རང་གིས་ལས་ཁུངས་ཤིག་གི་མ་ཆེན་བྱེད་ཀྱི་ཡོད། དེ་དཀའ་ངལ་ཆེན་པོ་གང་ཡང་མ་རེད། བོད་ནང་ཉིན་ལྟར་རང་ལུས་མེར་བསྲེགས་གཏོང་བཞིན་པ་གོ་ཡོང་ན་སེམས་ནས་བཟོད་ཀྱི་མི་འདུག མཚམས་རེར་ངུས་བསྡད་པ་ཡིན། ང་རང་ཡིག་རྨོངས་ཡིན་ནའང་། ང་རང་གི་བུས་འགྲེལ་བཤད་བརྒྱབ་ཡོང་དུས། སོ་སོའི་སྲོག་འགྲོ་དགོས་ཀྱང་ཅིག་བྱེད་དགོས་ཀྱི་འདུག་དྲན་གྱི་འདུག   ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་དང་། བོད་ནང་གི་བོད་མི་ཚོས་སྡུག་པོ་མྱོང་མི་དགོས་པར་ཕན་ཞིག་ཐོགས་ན། ང་ཚོ་ནང་མི་གསུམ་པོ་གོམ་བགྲོད་ནང་ཤི་སོང་ཡང་འགྱོད་པ་རྩ་བ་ནས་མེད” ཅེས་བརྗོད་སོང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནི་ ༡༩༧༧ ལོར་བོད་མདོ་སྨད་བླ་བྲང་དུ་སྐྱེས་ཤིང་། ཁོང་གི་སྨྱུག་མིང་ལ་མི་འགྱུར་གངས་ཕྲུག་ཟེར། ༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་ནས་བོད་དབྱིན་གཉིས་ཐོག་སློབ་སྦྱོང་གནང་ཡོད། ༢༠༠༨ ལོ་ནས་ཨེ་ཛི་རལ་རྒྱལ་ཁབ་ཏུ་ཕྱིན་ཏེ། ད་ལྟ་ཁོང་ལ་ལོ་ ༣ ཅན་གྱི་བུ་མོ་ཞིག་དང་ཟླ་ ༦ ཅན་གྱི་བུ་ཞིག་བཅས་ཡོད་འདུག

ཁོང་གིས་ད་བར་བོད་ཡིག་ཐོག་དེབ་ ༤ བརྩམས་ཡོད་ཅིང་། དེ་དག་ནི། ༼ བརྩེ་དུང་གི་ཨ་ལོང་ནས་ཤོར་བའི་སེམས་འཕྲིན་དམར་པོ ༽ དང་། ༼ བརྩེ་དུང་། མི་རྐྱང་རི་ལ་ཆས་པའི་གཏམ་རྒྱུད ༽ ༼ རྣམ་ཤེས་ཀྱི་བརྩེ་དུང ༽ ༼ གྲྭ་པ་མི་བྱེད། སྦྱིན་བདག་མི་དགོས ༽ བཅས་ཡིན་འདུག

ན་གཞོན་རྩོམ་པ་པོ་མི་འགྱུར་གངས་ཕྲུག་ལགས་ཀྱིས་ནམ་རྒྱུན་སྨྱུག་མིང་འདྲ་མིན་འོག བོད་ཕྱི་ནང་གི་དྲ་ཚིགས་ཁག་ཏུ་བོད་དོན་དང་འབྲེལ་བའི་བསམ་ཚུལ་དང་རྩོམ་ཡིག་འདྲ་མིན་སྤེལ་ཡོད་འདུག་ལ། ཉེ་ལམ་ཁོང་གིས་བོད་ནང་གོམ་བགྲོད་གནང་རྒྱུའི་སེམས་ཐག་བཅད་རྗེས། དྲ་ཚིགས་ཁག་ཏུ་གསལ་བསྒྲགས་སྤེལ་ཏེ། དེ་སྔོན་བརྒྱུད་ལམ་ཁག་ཏུ། བོད། ཤ་ཁྲག་རུས་གསུམ་ཟེར་བ་དང་། བོད་ལྷ་ཀླུ་གཉན་གསུམ་ཟེར་སོགས་ཀྱི་མིང་ཐོག་ནས་རྩོམ་ཡིག་འདྲ་མིན་སྤེལ་བ་ཡང་ཁོ་རང་ཡིན་པ་གསལ་བཤད་གནང་ཡོད། 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 35

  1. ཨ་མཆོག་ཚངས་ཐིག says:
    ལོ་ 13 སྔོན།

    དང་པོར་ངོ་ཤེས་པའི་ཚེ་བརྟན་རྡོ་རྗེ། བར་དུ་ངོ་ཤེས་པའི་བོད་ཤ་ཁྲག་རུས་གསུམ། ཐ་མར་ངོ་ཤེས་དུས་ཞི་བདེའི་གོམ་བགྲོད་པ་རྒྱལ་གཅེས་དཔའ་བོ། ཁྱེད་ཀྱི་ཐུགས་བསམ་བཞིན་ནམ་ཡང་ན་ཁྱེད་ཀྱི་རེ་འདོད་དེར་རང་ནུས་གང་ཡོད་དུས་ངེས་མེད་ལ་འབད་འབོང་བྱེད་དམ་བཅའ་བརྟན་པོ་བྱེད། རྒྱལ་ཁའི་ངང་རྒྱལ་ས་ལྷ་ས་ནས་ཐུག་པའོ་རེ་བ་དང་ཡིད་ཆེས་ཡོད།

    Reply
  2. རླུང་བུ། says:
    ལོ་ 13 སྔོན།

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་རྒྱབ་སྐྱོར་ཞུ།

    Reply
  3. ལུང་རྟོགས། says:
    ལོ་ 13 སྔོན།

    སེམས་ཤུགས་ཅན་ལ་སྙིང་ནས་རྒྱབ་སྐྱོར་ཞུ་རྒྱུ་ལས་ཅི་ཡོད་

    Reply
  4. འཁྱམས་པོ། says:
    ལོ་ 13 སྔོན།

    ཡག་པོ་འདུག་་་་་་་ ད་ངས་ཁ་ཡག་མི་བཤད་་་་ང་ཁྱོད་དང་ཁ་ཐག་ཧ་ཅང་ཉེ་པའི་གྲོགས་ཞིག་ཡིན་པས་ཆ་ནས་ངས་གང་བསམ་པ་དེ་ཁྱོད་ཀྱིས་ཤེས་ངེས་་་་་་
    འདིར་ངོ་ཞིག་བསྟན་པ་ཙམ་ཡིན་་་་་་་་་་་
    བདེ་འཚམས་ངང་དེར་འབྱོར་པ་དགའ་ནས་ཡོད་

    Reply
  5. དུག་མདའ། says:
    ལོ་ 13 སྔོན།

    སེམས་ཤུགས་ཅན་ལ་ང་ཚོ་སྐྱིད་ཉལ་རྒྱག་མཁན་ཚོས་ག་འདི་ཟེར་བར་སེམས་ན་གནོང་ཞིག་འདུག དེ་ལས་བརྗོད་པ་ངག་དང་བྲལ་ལོ་ཟེར། ཨ་མའི་ཚེ་མཇུག་དང་སྲིང་མོའི་ལང་ཚོ་མཐའ་མཚམས་ནས་ཡར་འགྲོ་མར་འགྲོར་རྫོགས་ན་ཅུང་ཕངས་རྒྱུ་ཞིག་འདུག

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    དཔའ་བོ་གསུམ་ལ་གུས་འདུད་ཞུའོ། 
    ཁྱེད་རྣམས་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པར་ཤོག། ཉིད་ཀྱི་ཁྱིམ་ཚང་མ་བུ་གསུམ་པོས་དུས་གཅིག་ཏུ་གཞན་དོན་ཁུར་འཁྱེར་གྱི་བློས་ཀུན་ནས་སློང་སྟེ་ཡོད་ཚད་བློས་གཏོང་བ་མཐོང་དུས་དགྲ་བོ་ཡིན་རུང་མིག་ལ་མཆིལ་མས་དབང་མེད་དུ་མི་རླན་མཁན་སུ་ཡོད། འོན་ཀྱང་སྡར་མ་བདག་གིས་བཤོལ་འོས་མ་མཆིས་ཀྱང་བོད་པའི་སྤྱི་ལ་དགོངས་ཏེ་རེ་ཞིག་ཟླ་ཤས་རིང་ཕྱིར་འཐེན་གནང་ན་མི་བཟང་ངམ། ཁྱེད་རྣམས་ལྟ་བུ་ལྷག་བསམ་དང་སྙིང་སྟོབས་ཅན་རང་རེ་སྤྱི་ཚོགས་འདིའི་སྣེ་ཁྲིད་མཁན་དང་སློབ་སྟོན་གནང་མཁན་མེད་དུ་མི་རུང་བ་རེད། གལ་སྲིད་བཤོལ་མེད་ཀྱི་དམ་བཅའ་བཞག་ཟིན་ན་ཨ་མ་དང་གཅུང་མོ་ཕྱིར་འཐེན་གནང་རོགས་ཞུའོ། དུས་བབ་ནང་གི་ཨ་མའི་ངོ་རིས་མཐོང་དུས། བཤོལ་ཚིག་དབང་མེད་དུ་ཤོར་སོང་ངོ་། ཁྱེད་རྣམས་ས་ཕྱོགས་གང་དུ་སླེབ་ན་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལམ་ལྷུང་ཡོང་བའི་སྨོན་ལམ་ཡང་ནས་ཡང་དུ་ཞུའོ།།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    བཀུར་ཞིག་བསྔགས་པར་འོས་པའི་དྲ་གྲགས་བཟང་པོ་བོད། ལྷ་གླུ་གཉན་གསུམ་མམ་ཤ་ཁྲག་རུས་གསུམ་ལགསདང་། ཨ་མ་སྡོམ་པོ་སྐྱིད་། སྲིང་མོ་ལྷ་མོ་གསུམ་གྱིས་བློས་གཏོང་ཆེན་པོས་བོད་མི་རིགས་དང་རྒྱལ་ཁབ་ཆེད་དུ་འདི་ལྟ་བུའི་ལས་འགུལ་གཞི་རྒྱ་ཆེ་ཞིང་དམིགས་ཡུལ་ངེས་ཅན་ལྡན་པ་ཞིག་གི་དབུ་ཁྲིད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་དང་། སེམས་གཏིང་ནས་བསྟོད་བསྔགས་འབུལ་ཞིང་། ཁྱོད་ཚོའི་དགོངས་དོན་བཞིན་རྒྱ་གཞུང་གིས་ཁས་ལེན་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱལ་ཁ་འཐོབ་པའི་རེ་སྨོན་མཉམ་དུ་ཞུ།
    མཐར་སྐུ་གཟུགས་ལ་གཅེས་སྐྱོང་དང་ལམ་བར་དག་ཏུ་གསར་འགོད་པ་དང་མི་སྒེར་བ་མང་པོས་དྲི་བ་འདྲ་མིན་སྣ་ཚོགས་འབྱུང་ངེས་ལ་ཟབ་རླིང་བབ་གསུམ་གྱི་ལན་འདེབས་ཀྱང་སེམས་ནས་གྲ་སྒྲིག་བྱེད་དགོས་ངེས་སོགས་ཐུགས་ལ་འཇགས་རོགས་ཞུ།
    མཇལ་ཡོང་།

    Reply
  8. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    བཤད་དགོས་པའི་སྐད་ཆ་ཞིག་དྲན་པ་བརྗེད་འདུག ཁྱེད་དང་ཁྱེད་ཀྱི་ནང་མི་ལ་སྐྱབས་བཅོལ་ལག་ཁྱེར་ཡོད་མེད་དེ་ཡིན། གལ་སྲིད་སྐྱོབས་བཅོལ་ལག་ཁྱེར་མེད་ན་འབྲེལ་ཡོད་ཚོགས་པ་ཁག་ལ་འབྲེལ་བ་ནང་ནས་ཇི་ལྟར་བྱེད་དགོས་མིན་གྲ་འགྲིག་བྱེད་དགོས་ཀྱི་ཡོད་ཡ། གཉིས་སྟོང་བརྒྱད་ཀྱི་གོམ་འགྲོ་ཆེན་པོ་སྐབས་གང་ནས་བཟུང་ན་སྐྱོབས་བཅོལ་ལག་ཁྱེར་ཡོད་མེད་ལ་སྐད་ཆ་འདྲི་གི འདི་སུས་མཐོང་ན་ཡང་ཕན་ཚུན་ལ་བཤད་རྒྱུ་ཐུགས་རྗེ་ཆེ།

    Reply
  9. ནོར་བུ་བཀྲ་ཤིས། says:
    ལོ་ 13 སྔོན།

    བོད་མི་རེ་རེ་ལ་འདི་ལྟ་བུའི་ཆོད་སེམས་ཤིག་དང་སྙིང་སྟོབས་ཤིག་འགན་འཁྲི་ཞིག་དང་ན་ཟུག་ཅིག་ཡོད་ཚེ་ང་ཚོའི་འཐབ་རྩོད་འདི་དཀའ་མོ་ཞིག་མ་རེད་བསམ།

    Reply
  10. སྨྱུག་མདའ། says:
    ལོ་ 13 སྔོན།

    ཁྱེད་ཀྱི་རླབས་ཆེན་གྱི་སྙིང་སྟོབས་ལ་ཡིད་སྨོན་སྐྱེ་བ་ཤིག་རེད།འོན་ཅང་ད་དུང་ཡིན་ན་བསམ་བློ་མང་སུ་གཏུང་རོགས།དེ་ལས་ཀྱང་ཨ་མ་དང་སྲིང་མོ་ལ་བསམ་གཞིག་ནན་མོ་བྱེད་དུ་འཇུག་དགོས།བདེ་ལེགས་དང་འདྲེ་མེ་འབུད་གཉིས་ཀྱི་བཤད་པ་སྐད་ཆ་ཙམ་མ་ཡིན་པའི་ཁྱེད་ཀྱི་ཐུགས་ལ་བཅང་རོགས་ངས་ཡང་དེ་ལྟར་དུ་བཤད་པ་ཡིན།
    ཉིད་ཀྱི་རེ་བ་ལེགས་འགྲུབ་ཡོང་བར་སྨོན།

    Reply
  11. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    ཁྱོད་མ་བུ་གསུམ་གྱི་སྐུ་ཚེ་བརྟན་པ་དང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོབ་འདུན་གྲངས་མེད་ཞུ།
    རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རྗེ་དྲུང་ཆེ་གཙོས་ཕྱག་རོགས་རྣམ་པ་དང་། གོ་ལ་འདི་ལ་ཤ་ཚ་ཞིང་མིའི་རིགས་ལ་བརྩེ་བ་ཆེ་བའི་རྒྱལ་ཁབ་སོ་སོའི་འགོ་འཁྲི་དང་། འཛམ་གླིང་མི་དམངས་ཡོངས་ལ་གུས་པ་དང་བཅས་ཏེ་ཞུ་རྒྱུ། འཛམ་གླིང་གི་དབུ་འཁྲི་དག་གིས་གོ་ལ་འདི་ནི་ཡིད་དུ་འོང་བ། ཕུན་སུམ་ཚོགས་པ། ལྟ་ན་སྡུག་པའི་ཞིང་ཁམས་ཤིག་ཏུ་བསྒྲག་གིན་པའི་དུས་རབས་ཉེར་གཅིག་པའི་སྐབས་འདིར། དེ་བཞིན་ས་སྒང་འདིའི་ཡང་སྟེང་དུ་ཆགས་པའི་མཐོ་སྒང་ཉམ་ཆུང་བོད་པ་ཚོར། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་མཐོང་ཆུང་དང་བརྙས་བཅོས། ཁྱད་གསོད་དང་དམའ་འབེབ། དམར་གསོད་དང་འཕྲོག་བཅོམ་སོགས་བློ་ཡིད་ལས་འདས་པའི་གདུག་རྩུབ་ཆེན་པོའི་སྲིད་ཇུས་ནག་པོ་ལག་བསྟར་བྱེད་བཞིན་ཡོད། དེ་ལྟ་བུའི་བཙན་གནོན་འོག་ནས་བོད་མི་རིགས་ལ་བསམ་བློ་རང་དབང་དང་། སྨྲ་བརྗོད་རང་དབང་། འབྲི་རྩོམ་རང་དབང་། ཆོས་དད་རང་དབང་སོགས་མིའི་རིགས་ལ་གཞི་རྩའི་ཡོད་ཆོག་པའི་རང་དབང་གཅིག་ཀྱང་མེད། ད་ལྟ་ཕ་ཡུལ་གངས་ལྗོངས་ནི་འཛམ་གླིང་གི་བཙོན་ཁང་ཆེན་པོ་ཞིག་ཏུ་གྱུར་ཏེ། བོད་ས་ཀུན་ལ་རྒྱ་དམག་གིས་དྲག་གནོན་བྱས་ཡོད། ང་ཚོས་ཁྱེད་རྣམས་ལ་བརྗོད་འདོད་པ་ཞིག་ལ། འཛམ་གླིང་གཅིག་ལ་བཙོན་ཁང་གཅིག་ཡོད་རེད། དེ་ནི་བོད་ལུང་བ་རེད་ཅེས་ཤུགས་ཀྱི་བརྗོད་ན་འདོད། བཙོན་ཁང་དེར་གནས་པའི་ང་ཚོ་བོད་མི་རིགས་ལ་མཚོན་ན། ཉེས་པ་མ་གསགས་པའི་བཙོན་པ་རྐྱང་རྐྱང་ཡིན་ལ། ཁྲིམས་ལུགས་གང་དང་མ་འགལ་བའི་བཙོན་པ་རྐྱང་ཡིན། སྨྲ་བརྗོད་ལས་འདས་པའི་མི་རིགས་ཤིག་གི་གཉའ་གནོན་གདུང་ལེན་བྱེད་ཆེད། མི་ལོ་ལྔ་བཅུ་རིང་ཞི་བའི་ངོ་རྒོལ་རྒྱུན་ཆད་མྱོང་མེད། ལྷག་པར་ཏུ་གཉིས་སྟོང་བརྒྱད་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ད་པར་དུ། མི་ལོ་བཞི་རིང་ཞི་རྒོལ་མཚམས་ཆད་མེད། ན་ནང་དང་ད་ལོ་ཡང་ངོ་རྒོལ་ཐེངས་མང་བྱུང་པའི་ནང་ནས། མི་རྣམས་ཀྱིས་དོ་སྣང་བྱུང་བ་ནི་རང་ལུས་མེ་སྲེག་གི་ལས་འགུལ་འདི་ཉིད་ཡིན་ལ། ལས་འགུལ་འདི་ནི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོན་པོ་ཞིག་ཡིན་པར་ཀུན་གྱིས་གླེང་། བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་ཉི་ཤུ་བརྒལ་བ་ཞིག་གིས། ས་ཆ་འདྲ་མིན་ལ་རང་ལུས་མེ་སྲེག་བཏང་ནས་ངོ་རྒོལ་བྱས། བོད་ནང་གི་ལས་འགུལ་འདི་དག་བྱུང་དུས། ཕྱི་སྡོད་བོད་པ་ཚོས་ནུས་པ་ཡོད་ཚད་བཏོན་ནས་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། དེ་ལ་རྩ་བའི་དམིགས་ཡུལ་གཉིས་ཡོད་པར་ཁོ་བོས་འདོད། གཅིག་ནི། རྒྱ་ནག་སྲིད་གཞུང་གིས་བོད་གསར་བ་ནི་ཡིད་དུ་འོང་ཞིང་མཛེས་སྡུག་ལྡན་པ། འཕེལ་རྒྱས་ནས་འཕེལ་རྒྱས་སུ་སོང་ནས་སུས་མཐོང་ན་ཡང་ཡིད་སྨོན་ཤོར་བའི་དག་ཞིང་ཞིག་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་འདོད་པ་ཡོངས་སུ་ཁེངས་ཏེ། རྒྱ་ནག་གུང་ཁྲན་ནི་ཁོ་ཚོའི་མགོན་སྐྱབས་ཉག་གཅིག་ཏུ་བརྩི་བཞིན་ཡོད་ཅེས་པའི་རྫུན་གཏམ་ལ་གསལ་བཤད་དང་། གཉིས་ནི། བོད་མི་རིགས་ནི་འཇིག་རྟེན་འདིའི་སྟེང་གི་སྟོང་ལ་ཉེ་བའི་མི་རིགས་ཤིག་ཏུ་གྱུར་ཡོད་པས། འཛམ་གླིང་གི་དབུ་འཁྲི་རྣམས་དང་མི་དམངས་ཡོངས་ལ་གསལ་འདེབས་བྱེད་ཀྱི་ཡོད་པར་མ་ཟད། བོད་མི་རིགས་མྱུར་སྐྱོབ་བྱེད་དགོས་པའི་རེ་འབོད་ཞུ་རྒྱུ་ཡོད། དེ་ནི་ང་ཚོ་ཕྱི་བསྡོད་བོད་མི་ཚོས་བསྒྲུབ་དགོས་པའི་འོས་འགུལ་ཞིག་ཏུ་འཁུམ། འདི་ནས་གླེང་འདོད་པ་ཞིག་ལ་། གོ་ལ་འདིའི་སྟེང་གི་མི་སྡེ་སྤྱི་ཚོགས་ནང་རང་ཉིད་ཀྱི་ཕུགས་འདུན་འགྲུབ་ཆེད། རྩ་བའི་ལས་འགུལ་གཉིས་འགྲོ་བཞིན་ཡོད།
    དེ་ནི་དྲག་སྤྱོད་དང་ཞི་བ་གཉིས་སོ། མི་སྒེར་དང་ཚོགས་སྤྱི་གང་གི་དཀའ་ངལ་ཡིན་ན་ཡང་གདུང་ལེན་བྱེད་སྟངས་དེ་གཉིས་ལས་མ་འདས། མི་སྡེ་ཁྱིམ་ཚང་ཆེན་པོ་འདི་ལ་ཤ་ཚ་མཁན་ཞིག་ཡིན་ཕྱིར། གོང་གི་བྱེད་ཐབས་དེ་གཉིས་ལ་ཧ་ཅང་གཟབ་ནན་བྱས་ཏེ་ལྟ་དགོས་ཀྱི་འདུག བྱེད་ཐབས་དེ་གཉིས་ཀྱི་ནང་གི་གཅིག་བླང་བྱ་དང་། གཅིག་སྤངས་བྱ་ཡིན་པ་སྨྲ་མི་དགོས། དངོས་ནས་དྲག་སྤྱོད་ཀྱི་བྱ་སྤྱོད་དེ་དག་ང་ཚོའི་གོ་ལ་འདིར་དགོས་མཁོ་མེད་པ་ཡིན་ན། ཅི་ཞིག་ལ་འཚེ་མེད་ཞི་བའི་ལས་འགུལ་དག་ལ་ཡིད་ཚིམ་པའི་རྒྱབ་སྐྱོར་བྱེད་ཀྱི་མེད་དམ། གཅིག་བྱས་ན་གོ་ལ་འདིར་ཚོང་བས་དབང་འགྱུར་བྱེད་བཞིན་པས། ཁེ་ཕན་དང་དྲང་བདེན་གྱི་གནད་དོན་ཞིག་ཡིན་སྲིད། གལ་སྲིད་ད་དུང་མུ་མཐུད་དུ་འཛམ་གླིང་ཀུན་ཁྱབ་ཀྱི་བསམ་བློ་དང་བྱ་སྤྱོད་དག་ཉམས་ཆུང་ནུས་མེད་དུ་ལྷག་ན།
    དྲག་སྤྱོད་པའི་ལས་འགུལ་གྱིས་འཚེ་བ་མེད་པའི་ལས་འགུལ་ལ་ཤུགས་རྐྱེན་སྤྲད་སྲིད། དེའི་མཇུག་འབྲས་ཀྱི་འགན་ཚང་མ་ད་ལྟའི་འགོ་ཁྲིད་དང་མི་དམངས་ཡོངས་ལ་ཡོད་པར་ཁོ་བོས་འདོད།
    འདི་ནི་ཉམས་ཆུང་བོད་མི་ཞིག་གི་ངུ་སྐད་ཡིན་ནོ། །
    སྤྱི་ལོ༢༠༡༢ ༢ ༢༩

    Reply
  12. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་གི་དྲ་འབུ་ཚོའི་ནང་གི་ཁ་བཤད་དོན་ལ་གནས་པའི་དྲ་གྲོགས་ཤ་ཁྲག་རུས་གསུམ་ལ་སྙིང་ཐག་པ་ནས་གུས་དུད་ཞུ། གུས་པ་དང་འདྲ་བའི་སྡར་མ་ཁ་སྟོང་ཚིག་སྟོང་གི་བདག་པོ་མི་ཉུང་བ་ཞིག་གིས་ག་རེ་དྲན་བཞིན་དང་ག་རེ་བཤད་ཀྱིན་ཡོད་ཅེ་ན། གལ་སྲིད་ང་དཔའ་བོ་ཞིག་ཡིན་ན་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེ་བསྲེག་གཏང་བ་དང་ཡང་ན་ཁྱེད་ལྟ་བུར་རང་གི་ཡོད་ཚད་བློས་གཏོང་ཐུབ་ལ། གལ་སྲིད་ང་འབྱོར་ལྡན་ཞིག་ཡིན་ན་ངས་བོད་བསྟན་སྲིད་ཀྱི་གང་སར་ཞལ་འདེབས་རྒྱག་ལ། གལ་སྲིད་ང་དབང་ཐང་ཅན་གྱི་ཚོགས་གཙོ་ཞིག་ཡིན་ན་ངའི་འཐབ་རྩོད་ཀྱི་ལངས་ཕྱོགས་དྲག་པོ་རུ་བསྒྱུར་ཅིང་། བོད་ཕྱི་ནང་གསང་གསུམ་ནས་དྲག་པོས་ཕལ་རྒོལ་བྱ་རྒྱུ་ཡིན། གལ་སྲིད་ང་བོད་དོན་ལ་ལྷག་བསམ་རྣམ་དག་ཡིན་པ་ཞིག་ཡིན་ན་ངས་བོད་པའི་སྤྱི་ཚོགས་ནང་ཁུལ་ནས་མགོ་བདེ་དྲན་འཕྲུལ་གྱི་བྱ་བ་མི་བྱེད་པར་རང་ནུས་གང་ཡོད་ཀྱིས་བོད་བསྟན་སྲིད་ལ་ཕན་པའི་ལས་ཀ་ཞིག་བསྒྲུབ་ངེས་ཡིན་ཞེས་་བཤད་ཀྱིན་ཡོད། ཡིན་ནའང་ང་དང་ང་འདྲ་བ་ཚོར་དེ་དག་གི་ཆ་རྐྱེན་མེད་པས་ལྷོད་ལྷོད་ཡིན།

    Reply
  13. འཁྱམ་པོ། says:
    ལོ་ 13 སྔོན།

    ཁྱེད་གསུམ་ལ་སྙིང་དབུས་ནས་གུས་འདུད་དང་རྗེས་སུ་ཡིད་རང་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་ཐུག་རྗེ་ཆེ་གྲངས་མེད་ཞུ་བ་ལགས། རེ་བ་གྲ་སྒྲིགས་དང་ཐུག་དགོང་ཡག་པོ་ཞིག་བཞེས་ན་ལེགས། གལ་སྲིད་ཁྱེད་རྣམས་རྒྱ་བལ་རྒྱལ་མཚམས་གཉིས་རྒལ་ཐུབ་ཀྱང་བོད་ཀྱི་ས་ཁོངས་སུ་སླེབས་རྗེས་ཁྱེད་རྣམས་གར་སོང་ཆ་མེད་དུ་གྱུར་ཏེ་ཤི་གསོན་ཙམ་ཡང་མཐོས་རྒྱུ་མེད་པ་ཞིག་གྱུར་རྒྱུ་ཡིན་པ་སྨྲོས་མེད་ལ་ཡིད་གཟབ་གནང་རོག་ཞུ།། ཡིད་ལ་མནག་པའི་རེ་འབྲས་རྣམས་གེགས་མེད་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ།།

    Reply
  14. འབྲི་གུང་སྤྲོ་ཚེ། says:
    ལོ་ 13 སྔོན།

    སྙིང་ནས་བརྩེ་བའི་གྲོགས་པོ་ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་ཀྱིས་འདས་ཟིན་པའི་བསམ་བློའི་སྒྱུ་རྩལ་ལས་འཁྲུངས་པའི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་གང་མང་ཀློག་མྱོང་ལ། ད་ལྟ་དངོས་སུ་བོད་དོན་གྱི་ཆེད་དུ་ལས་འགུལ་སྤེལ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་བཀའ་དྲིན་རྗེས་དྲན་བྱེད་བཞིན་ཡོད། སྐུ་ཉིད་ལ་ཞུ་མི་དགོས་ཀྱང་གོང་གི་དྲ་གྲོགས་མང་དག་ཞིག་གིས་གསུངས་པའི་བཀའ་མོལ་དེ་དག་ཕྱོགས་བསྡོམས་ཤིག་གནང་ནས་གྲ་སྒྲིག་གང་ལེགས་གནང་བའི་འབོད་སྐུལ་ཡོད།

    Reply
  15. རིག་འཛིན། says:
    ལོ་ 13 སྔོན།

    མ་བུ་གསུམ་གྱིས་ཐག་བཅད་གནང་སྟངས་འདིར་རྒྱབ་སྐྱོར་དང་ཡིད་རངས་སེམས་གཏིང་ནས་ཞུ་རྒྱུ་ཡིན།

    Reply
  16. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    དྲ་གྲོགས་འདི་ངོ་མ་རླབས་ཆེན་གྱི་མི་སྣ་ཞིག་རེད།

    Reply
  17. Danaktsering says:
    ལོ་ 13 སྔོན།

    བོད་། ལྷ་གླུ་གཉན་གསུམ་ལགས། ཨ་མ་སྡོམ་པོ་སྐྱིད་། སྲིང་མོ་ལྷ་མོ། ལགས་ཁྱོད་མ་བུ་གསུམ་་གྱི་རླབས་ཆེན་གྱི་བློས་བཏང་དེ་ལ་སྙིང་ཁུང་རིས་གཏིང་ནས་གུས་འདུད་ཞུ་།
    དེད་དཔོན་པོ་གླང་ཚང་བ་ལགས་། ཉེ་བར་ཆར་དྲ་ལམ་ཁག་དུ་བཀོད་པའི་སྐུ་ཉིད་ཀྱི་རྩོམ་ཡིག་དེ་དག་ཀློག་ན་ཀློག་མི་ཐུབ་ལ་། མ་ཀློག་པར་འཇོག་མི་ཐུབ་པ་སོགས་ཀྱི་ཚོར་གཟེར་ཅན་ཞིག་གི་ཕོ་རྡུགས་ངའི་ཁྱི་སེམས་ཡང་དྲོད་མཁོར་ཞིང་། དབུ་འཚང་། ཁ་ཤ་འདར་། མིག་ཆུ་འཐོར་། མིད་པ་འགག། ་་་་་གཡུག་ཤོག། དེ་རིང་འདི་རང་ཉིད་ཀྱི་མ་འཇོན་པས་སྡུག་སྐད་མི་རྒྱག་།
    སྐུ་ཉིད་ཀྱི་ལས་དེ་ལམ་འགྲོ་ཡོང་བར་བཀྲ་ཤེས་བདེ་ལེགས་དང་། མཆོག་གསུམ་དང་དཀར་ཕྱོགས་སྐྱོང་བའི་ལྷ་ཆོས་སྐྱོང་སྲུང་མས་གདོང་གྲོགས་དང་མགོན་སྐྱབས་གནང་རོགས་ཞེས་ཨ་རི་ནས་།
    དོན་འགྲུབས་ཚེ་རིང་གི་

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དྲ་གྲོགས་བོད་ལྷ་ཀླུ་གཉན་གསུམ་ལགས། ལས་འགུལ་ལ་དགའ་བསུ་ཡོད་ལགས། དགེའོ། དགེ་བར་འགྱུར་ཅིག །

    Reply
  19. འདྲེ་མེ་འབུད། says:
    ལོ་ 13 སྔོན།

    ཁྱོད་ཀྱིས་དངོས་གནས་བློས་གཏོང་མང་པོ་ཞིག་བྱས་འདུག གཅེས་པའི་སྲོག་ལྟ་བུའི་ཕྲུ་གུ་དང་ཁྱིམ་ཆུང་མ། འདི་དག་ནི་ཁྱོད་ཀྱི་དམིགས་ཡུལ་དང་དམ་བཅའི་འགོ་རྩོམ་ས་ཞིག་ཡིན་པས། བདག་ནི་ཧད་དེ་ཁྱོད་ཀྱི་ཕྱི་རྗེས་སུ་ལྟ་དགོས་བྱུང་ལ། གལ་སྲིད་ང་ལ་རེ་བ་ཞིག་ཞུ་ཆོག་པའི་གོ་སྐབས་ཤིག་བྱུང་ན། ཨ་མ་དང་གཅེས་པའི་སྲིང་མོ་གཉིས་ཀ་མ་ཁྲིད་ན་སྙམ་པའི་རྨོངས་པའི་དྲན་ཚོད་ཅིག་མཆིས་པ་དེ་རེད། མ་གཞི་རླབས་ཆེ་བའི་ལས་འགུལ་ངོ་སོ་བསྟོད་དོ།།

    Reply
  20. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    ཨ་ཨ་གྲོགས་པོ་ཁྱེད་མ་བུ་གསུམ་རེད་འདུག ད་མ་རྩ་སྤུན་གྲོགས་སུ་ཡིན་ན་ཡང་གཅིག་པ་རེད ། འདི་ལྟ་བུའི་སེམས་ཤུགས་དང་སྙིང་སྟོབས། རིགས་ཞེན་དང་ལ་རྒྱ ། བློས་གཏོང་དང་བཟོད་བརྩོན།ངོ་མ་ཧ་ལས་དགོས་པ་ཞིག་རེད།མ་གཞི་ཁྱེད་རང་ཕ་མ་ལ་བརྩི་བཀུར་ལྡན་པ། གྲོགས་པོ་ལ་ཕྱི་ཐག་རིང་བ་སོགས་ཡོན་ཏན་སྣ་འཛོམས་ཅན་ཞིག་ཡིན་ཁར་འདི་འདྲའི་དཔའ་བློ་ཁོག་ཅན་ཞིག་ཀྱང་རེད་འདུག ཡིན་ཡང་སྲིང་མོ་སློབ་གྲྭ་ནས་རྩ་དགོངས་ཞུ་ཚར་མེད་ན ། ཐུགས་སྐོར་གནང་རོགས ། ཐུགས་བསམ་ལྷུན་གྱིས་གྲུབ་པར་སྨོན།
    གྲ་སྒྲིག་ཡག་པོ་དགོས །ད་རུང་གཤམ་གྱི་བདེ་ལེགས་ཞུ་བ་དེའི་སྐད་ཆ་ལ་ཉན་རྒྱུ་མང་པོ་འདུག ཕར་རྒྱལ་མཚམས་བརྒལ་ཐུབ་སོང་ནའང་།གྲ་སྒྲིག་དགོས།ཁོ་ཚོས་སླེབ་མ་ཐག་འཛིན་གི་རེད། ནག་གསུབ་གཏོང་གི་རེད།རང་ཕྱོགས་ནས་ཀྱང་དྲིལ་སྒྲོག་གི་ཆེད་སྔོན་ན་པར་བ་སོགས་དགོས་པ་རེད།སློབ་ཕྲུག་གམ་གཞོན་ལྷན་སོགས་ཚོགས་པ་ཞིག་ལ་གསང་འབྲེལ་བྱས་ན་བཟང་སྙམ ། མི་རིགས་ཀྱི་འཐབ་རྩོད་རྨང་གཞི་ས་གནས་ས་ཐོག་ནས་བྱེད་དགོས་པ་ཤེས་བཞིན་དུ །ཝ་བྲོས་བྱས་ཡོང་ནས་ད་རུང་རང་གཞུང་ལ་ང་ང་ང་ཞེས་སྡུག་ཡུས་ལུང་པ་གང་ཚར་མེད་རྫོགས་མེད་དུ་བཤད་མཁན་ང་ལྟ་བུས་གཞན་ལ་ཁ་ཏའི་ཟོལ་འདྲ་བོ་མི་མཛའ་ཡང་གྲོགས་པོ་ཡིན་པས་ནང་ཞུ་ཙམ་ཡིན །

    Reply
  21. སེང་གདོང་སྐྱབས ། says:
    ལོ་ 13 སྔོན།

    ཐོག་མར་བདག་གིས་དཔའ་བོ་གླིང་ཚ་བ་དང་ཁོང་གི་ཡུམ་ཆེན། ད་དུང་བདག་གི་སློབ་གྲོགས་ལྷ་མོ་སྐྱིད་བཅས་ཀྱི་ཆོད་སེམས་ལ་ཐུགས་རྗེ་བླ་ལྷག་ཏུ་ཞུ་བ་དང་ཆབས་ཅིག་བྱ་བཞག་དོན་འབྲས་སྨིན་པར་སྨོན་ལམ་ཡང་ཡང་རྒྱབ་ཆོག་་་་་་་་་།་མཐར་བོད་མི་ཡིན་ནོ་ཅོག་གི་ཚབ་བྱས་ནས་ཐུགས་རྗེ་ཞུ་འོ། མགྱོགས་མྱུར་ངང་ཕོ་བྲང་པོ་ཏ་ལའི་གསེར་འོད་ལམ་ལམ་གྱི་རྒྱ་ཕིབ་མཐོང་བར་གདོན་མི་ཟའོ།

    Reply
  22. བདེ་ལེགས། says:
    ལོ་ 13 སྔོན།

    ཚེ་བརྟན་རྡོ་རྗེ། ངས་ཁྱོད་ལ་བསྟོད་ར་སོགས་ཁ་ཡག་ངོ་དགའ་བཤད་རྒྱུ་མེད་ལ། ཡང་དྲང་པོ་ཟེར་བ་སོགས་མི་ཁ་ཤས་ལྟར་གཞི་མེད་སྐུར་འདེབས་ཡང་བྱེད་རྒྱུ་མེད། ཡིན་ན་ཡང་ང་ལ་ཁྱོད་ལ་བཤད་རྒྱུ་གཅིག་ཡོད། འདི་སེམས་ལ་ཟུངས། ད་སྐབས་ཁྱོད་ཀྱི་ཨ་མ་དང་གཅུང་མོ་གཉིས་དང་མཉམ་དུ་གོམ་བགྲོད་བྱེད་རྒྱུར་ཐག་བཅད་འདུག་ག ཡིན་ན་ཡང་ཤེས་དགོས་པ་ཞིག་ལ། བར་ལམ་ཞིག་ནས་ཁྱོད་ཚོ་རྒྱ་གར་དང་བལ་བོ་གང་རུང་གིས་འཛིན་བཟུང་བྱེད་འགྲོ་གི་རེད། འཛིན་བཟུང་བྱེད་སྐབས་ཁྱོད་ཚོ་གསུམ་ཀ་མཉམ་དུ་འཇོག་གི་མ་རེད། ཧ་ལམ་གཅུང་མོ་དང་ཨ་མ་གཉིས་མཉམ་དུ་འཇོག་སྲིད་པ་རེད། ཡིན་ན་ཡང་ཁྱོད་ཁོང་གཉིས་དང་མཉམ་དུ་འཇོག་གི་མ་རེད། དེ་གཅིག་རེད། གཉིས་པ་དེ་ཁྱོད་ཚོ་གསུམ་པོ་བཀག་ཉར་བྱེད་རྒྱུའི་དུས་ཡུན་འདྲ་གི་མ་རེད། གསུམ་ནས་ཁྱོད་ཚོ་བཀའ་ཉར་བྱས་རྗེས་ཁྱོད་ཚོ་གསུམ་པོའི་ཡུན་རིང་པོ་ཞིག་ལ་ཕན་ཚུན་གཅིག་གིས་གཅིག་གི་གནས་ཚུལ་གོ་གི་མ་རེད། དཔེར་ན་གང་ན་བཀག་ཉར་བྱས་ཡོད་མེད་དང་། ཕྱིར་ས་གནས་གང་རུང་ཞིག་ལ་བསྐྱལ་ཡོད་མེད་སོགས་ཤེས་ཀྱི་མ་རེད། དེར་བརྟེན་གཅིག་གིས་གཅིག་སྒུག་ནས་ཡང་བསྐྱར་མཉམ་དུ་འགྲོ་ཟེར་བ་དེ་ཁག་པོ་རེད། དེར་བརྟེན་དེ་ཚོ་ལ་བསམ་བློ་སྔོན་ལ་བཏང་ནས་དེ་ལུགས་གྲ་སྒྲིག་དགོས་པ་རེད། དེ་མ་གཏོགས་ལབ་ཡ་ཅང་མེད། སེམས་ལ་ཟུངས། ངས་ཉམས་མྱོང་གི་སྐད་ཆ་ཡིན། ཤེས་ནས་བཤད་ཀྱི་ཡོད། འཕྲིན་ཐུང་འདི་ཁྱོད་ཀྱིས་རིག་ན་རིག་ཡོད་པའི་བརྡ་ལན་ཞིག་སྤྲོད་རོགས། ཅིག་བཤད་རྒྱུ་ཡོད་པ་དེ་བཤད་ཡོད་བསམ་ནས་ང་བློ་བདེ་བོ་ཡོང་ང་།

    Reply
  23. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    བོད་ཤ་ཁྲག་རུས་གསུམ་མ་བུ་གསུམ་ལ་སེམས་ཁོང་ནས་ཐུགས་རྗེ་བླ་མེད་ཞུ་བཞིན་ཡོད། སང་ཉིན་ངེད་ཚོ་འཇལ་ཡོང་། ཁྱེད་ཚོའི་འཆར་གཞི་སོགས་ལ་རྗེས་ལོན་ཞིག་བྱེད་རྒྱུ་སྤྲོ་སེམས་ཆེའོ།

    Reply
  24. རིན་ཆེན་གྲགས་པ། says:
    ལོ་ 13 སྔོན།

    མ་གཞི་ནས་གོམས་བགྲོད་བྱེད་རྒྱུ་སེམས་ཐག་གཙང་བཅད་བྱས་པ་ཧ་ཅང་ཡག་པོ་མཐོང་སོང་།ཡིན་ནའང་གྲ་སྒྲིག་ཡག་པོ་བྱ་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་ཡིན།ལོ་ངོ༥༢རིང་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོམས་བགྲོད་ཐེངས་མང་བྱས་ཀྱང་གཅིག་ཀྱང་ཐར་ཡོད་པ་མ་རེད།ལམ་ཁར་དཀའ་ངལ་འཕྲད་རྒྱུ་ཡིན་པ་ལ་གྲ་སྒྲིག་ཚགས་ཚུད་པ་བྱ་རྒྱུ་གལ་ཆེན་པོ་ཡིན།ནུ་མོ་ཆུང་ཆུང་དེ་སློབ་གྲྭ་ནས་སློབ་གཞོལ་མི་བྱེད་རྒྱུ་མཁྱེན་མཁྱེན་ཞུ་བཀའ་དྲིན་ཆེའོ།གླིང་ཚ་མ་བུ་གསུམ།

    Reply
  25. རང་དབང་རྒྱལ་སྲས། says:
    ལོ་ 13 སྔོན།

    ཁོང་ཉིད་ཀྱི་ཆོད་སེམས་ལ་སེམས་གཏིང་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།

    Reply
  26. འཇམ་བཟང་། says:
    ལོ་ 13 སྔོན།

    གངས་ཅན་པའི་ཕོ་རྒོད་ཚེ་བརྟན་རྡོ་རྗེ་ལགས་ལ་སྙིང་དབུས་ནས་འཚམས་འབྲི་དང་རྒྱབ་སྐྱོར་ཞུ།
    མ་ཚད་ད་དུང་ནམ་རྒྱུན་ཁ་བདེ་མོ་བཤད་མཁན་དང་མཆན་འབྲི་དག་ཡང་ད་རེས་ལངས་དགོས་པ་སྙམ། ཁོང་ཚོ་ནང་མི་དང་མཉམ་དུ་བོད་ལ་གོམ་བགྲོད་འགྲོ་རྒྱུ་བསམ་བློ་བཏང་རོགས། ཤེས་སོང་ངམ། ང་དང་ང་ལྟ་བུ་དེ་དག་ཤོག་དང་མཉམ་དུ་འགྲོ།
    ཐུགས་བསམ་བཞེངས་རོགས།

    Reply
  27. ཅང་མེད། says:
    ལོ་ 13 སྔོན།

    གླིང་ཚེ་རྡོར་དང་ཁོ་གི་མ་ཡུམ་ཆེན་མོ་གཅུང་མོ་བཅས་ལ་བཅོས་མིན་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། གོང་གསལ་ཁྱེད་ཀྱི་གསལ་བསྒྲགས་ཀློག་སྐབས་ཁྱེད་རྣམས་ཀྱི་ཆོད་སེམས་དང་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་འཕངས་སེམས་ཀི་མིག་དབང་མེད་ཤོར་ཞོར་མཆན་འདི་བྲིས་པ་ཡིན། དངོས་གནས་བཀའ་དྲིན་ཆེ། ལེའུ་ཁྲི་ཕྲག་ལས་བརྒྱལ་བས་ཕ་རོལ་ནས་ཁྱེད་རྣམས་སྐྱེལ་མ་བྱེད་པ་ཡོང་ངེས་ཡིན། ཤ་དང་རུས་གསང་ནས་བཀའ་དྲིན་གྲངས་མེད། དཔའ་རྒོད་ཚོ་་་་….,1,,,་་་་….;;;;”’དཔའ་རྒོད་ཚོ་་་་….,2,,,་་་་….;;;;དཔའ་རྒོད་ཚོ་་་་….,3,,,་་་་….;;;;དཔའ་རྒོད་ཚོ་་་་….,28,,,་་་་….;;;;

    Reply
  28. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    དཔའ་བློ་ཁོག་ཟེར་ན་དེ་འདྲ་རེད་ལ་བུ་རྒོད་པོ་ཟེར་བ་འང་དེ་ལས་མེད་པས། མིའི་རིགས་ཀྱི་དཔའ་བོ་ལགས་ཞེས་བདག་གིས་ཁྱེད་ཅག་ལ་ནན་གྱིས་ཞུ།

    Reply
  29. རང་དབང་རྒྱལ་སྲས། says:
    ལོ་ 13 སྔོན།

    ཁོང་དག་གི་རླབས་ཆེན་གྱི་ཆོད་སེམས་ལ་སྙིང་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད།

    Reply
  30. ཨ་མིའི་བུ། says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད་། ད་དུང་གཅུང་མོ་ལྷ་མོ་སྐྱིད་བཅས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ད་སང་ཁྱེད་སྐྱེམ་མས་ཁ་བཏག་གཡོག་ཏུ་ཡོང་ངས་ཡིན་ལགས། ངས་ཁྱེད་ལ་སེམས་གཏང་ནས་རེ་བ་ཞིག་ཞུ་རྒྱུ་ཡོད་པ་ནི་ཁྱེད་ཀྱི་གཅུང་མོ་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་སེམས་ཐགས་བཅད་པ་ལ་རྗེས་སུ་ཡི་རང་ཡོད། ཡིན་ནའང་གཅུང་མོ་ལགས་ད་དུང་ལོ་ན་ཧ་ཅང་ཆུང་བ་མ་ཚད་ཁོང་གི་སློབ་སྦྱོང་བྱེད་བཞིན་ཡོད་པས་ཁོང་གི་གོ་སྐབས་རྩ་ཆེན་འདི་ཆད་སོང་ན་དེ་ནི་ངོ་མ་ཁྱེད་ཁྱིམ་ཚང་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ཀྱོང་ཚབ་ཆེན་ཞིག་ཏུ་ངོས་འཛིན་ཆོག། དེས་ཕྱིར་ཁོང་གི་སློབ་སྦྱོང་མི་མཐུད་དུ་བྱེད་རྒྱུ་བྱས་ན་ངོ་མ་རང་མི་རིགས་ཀྱི་གཉན་འཕྲང་ཆེ་བའི་སྐབས་འདིར་ཕན་ཐོག་པ་དེ་རེད། དེས་ན་ཐུགས་རྗེ་གཟིགས་གནས་སྐབས་རིང་མོ་ཕྱིར་འཐེན་ཡོང་བས་རེ་བ་སྙིང་ཁུངས་ནས་ཞུ་བཞིན་ཡོད།

    Reply
  31. གནམ་ལྕགས། says:
    ལོ་ 13 སྔོན།

    སྙིང་སྟོབས་ཆེན་པོའི་སེམས་དཔའ་ཁྱོད་དུ་ངེས།།
    མ་དང་གཅུང་མོ་དེ་ཡང་ཁྱེད་བཞིན་ནོ།།
    མིག་ཆུ་བྲང་ལ་འཐབ་པའི་ལས་འགུལ་འདིས།།
    ཁྱེད་ཀྱི་བདེན་པའི་ངོ་བོ་གསལ་བར་ཤོག།

    Reply
  32. ཚངས་སྲས། says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད་། ད་དུང་གཅུང་མོ་ལྷ་མོ་སྐྱིད་བཅས་ལ་སེམས་གཏིང་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་བླ་མེད་ཡོད་། ལྷག་བསམ་རབ་ཏུ་ཡངས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་དང་འདི་ལྟ་བུའི་རིགས་ཇི་ཙམ་མང་ན་བོད་ཀྱི་རྩ་དོན་ལ་དེ་བས་ཀྱང་མཁོ། ང་རང་ཉིད་ནི་འདི་ལྟར་ཡོད་ཚད་བློས་གཏོང་ཕོད་མཁན་ཞིག་མིན་རུང་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་ཕྱག་ལས་གནང་མཁན་ཚོ་ལ་དུས་དང་ནམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་

    Reply
  33. མི་ཆུང་། says:
    ལོ་ 13 སྔོན།

    བོད། ཤ་ཁྲག་རུས་གསུམ་ནང་མི་ལྷན་ལ། གུས་བཀུར་དང་ཡི་རང་ཡོད། འཐབ་རྩོད་ལ་འགན་རྐྱེན་མི་འཕྲད་པར་སྨོན། མི་བུ་རེ་རེ་ནས་ཕ་ཡུལ་གྱི་ཕྱོགས་སུ་ཕེབས་ཚུལ་དེ་ག་རང་རེད།

    Reply
  34. ཤིང་ལོ། says:
    ལོ་ 13 སྔོན།

    ༼དགྲ་ནག་པོས་ད་སྡོད་མ་ལབ་ན།། བུ་མགོ་འདྲོགས་འདྲ་ཞིག་སུ་ཡང་ཡིན།།༽ཟེར་བ་ལྟར་རྒྱ་ནག་གིས་འདི་ལྟར་དྲག་གནོན་མནར་གཅོད་གཏོང་བཞིན་པར། བོད་ཀྱི་དཔའ་བོ་དཔའ་མོ་ཚོས་འདི་ལྟར་བོད་མི་རིགས་ཀྱི་ཆེད་དུ་གང་ཡང་ཕངས་མེད་དུ་བཏང་ན། དངོས་གནས་བོད་འདིར་རེ་བ་དང་ཡིད་ཆེས་གཙང་མ་སླེབས་ཀྱི་འདུག

    Reply
  35. ཨ་ར་དཀར་པོ says:
    ལོ་ 13 སྔོན།

    ངས་གླིང་ཚ་ཚེ་རྡོར་གཅིག་པུ་རེད་བསམས་ཡོད། ད་བྱས་དུས་ཁོང་མ་བུ་གསུམ་མཉམ་དུ་གོམ་བགྲོད་གནང་རྒྱུ་ཡིན་པ་རེད། ངོ་མ་རླབས་ཆེན་རེད། ཁྱེད་མ་བུ་གསུམ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese