མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གཞུང་ལ་སྙིང་རྗེ་སློང་བའི་ལེའུ་མཇུག་སྒྲིལ་རན།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཞལ་འདོན་གཡོ་སྐྱོར་གྱི་འཁྲབ་ཚན་དང་པེ་ཅན་སྲིད་གཞུང་ལ་སྙིང་རྗེ་སློང་བའི་ལེའུ་མཇུག་སྒྲིལ་རན་རེད།

 

གཅིག

རྫ་སྲས་བདེ་ཆེན།

གངས་ཅན་སྐྱིད་གཤོང་ནས་མགོ་འདོགས་རང་ལུགས་ཀྱི་འཁྲབ་ཚན་ག་ཚོད་འཁྲབས་ཀྱང་། རྒྱ་ནག་པེ་ཅན་ནས་དྲག་གནོན་རང་བཞིན་གྱི་སྲིད་ཇུས་ཅི་ཞིག་བཏིངས་ཀྱང་བོད་ནང་གི་བོད་མི་ཚོས་རྒྱ་ནག་དང་མཉམ་དུ་འདུག་རྒྱུ་ལས་ཤི་རྒྱུ་བདམས་ནས་ཡོད་ལ། འདི་ནི་ཁོང་ཚོའི་ལོ་ཟླ་རིང་བོའི་ཉམས་མྱོང་དང་དངོས་ཡོད་གཞི་ལ་བཞག་པའི་མཐའ་མའི་གདམ་ག་དེ་ཆགས་ཡོད། མཚམས་འདི་ནས་བྱེས་གྱར་བོད་པ་ཚོས་ཀྱང་གསལ་བོར་ཤེས་དགོས་པ་ནི། བོད་མིའི་སྐྱིད་སྡུག་ལས་དབང་དང་། འཐབ་རྩོད་ཀྱི་རྒྱལ་ཕམ་དེ་ཕྱི་རྒྱལ་མགོ་སེར་ཁ་ཤས་ཀྱི་རོགས་རམ་མུག་སྐྱོབ་ཐོབ་པ་ཙམ་གྱིས་གཙང་སེལ་ཐུབ་པ་ཞིག་མིན་པ་དང་། རྒྱ་ནག་ལ་ཉམ་ཆུང་བསྟུན་ཐབས་བྱས་ནས་ཐག་གཅོད་ཐུབ་པ་ཞིག་ལར་ནས་མིན་པ་འདི་རེད། “བོད་རྒྱའི་འཐབ་རྩོད་ནི་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་ཡིན”  ཚིག་དུམ་འདི་བོད་རྒྱ་གཉིས་ཀྱི་གནས་སྟངས་ལ་ནང་རྒྱུས་ཡོད་པའི་རྒྱ་གཞུང་གི་དཔོན་ཆེན་ཞིག་གིས་བཤད་པ་དང་། “རྒྱ་དམར་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་པོ་བོད་མི་ཡིན” ཞེས་པའི་འབོད་ཚིག་འདི་ལྔ་བཅུ་ང་དགུ་ལོ་ནས་ད་ལྟ་བར་དུ་བོད་མི་ཚོས་མེ་འདའི་ཁ་སྒོ་ཚུན་ཆད་བློས་མ་ཐོངས་ཤིང་། ད་དུང་མུ་མཐུད་ནས་བོད་མི་གར་ཡོད་ཀྱི་འཛམ་གླིང་གི་ས་ཆ་ཀུན་ན་མགྲིན་གཅིག་ཏུ་གྱེར་བཞིན་པའི་འཐབ་རྩོད་ཀྱི་འབོད་ཚིག་རྕ་ཆེ་ཤོས་དེ་རེད། གོང་སྨྲོས་ཀྱི་ཐ་ཚིག་དང་འབོད་ཚིག་འདི་འདྲའི་སྟེང་ནས་བོད་རྒྱ་མཉམ་གནས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ཟེར་བ་དེ་ནི་སྦྲུལ་དང་སྦ་བ་རུམ་བསྡོང་མི་ཡོང་བའི་དཔེ་རུ་སོང་ཡོད། འོན་ཀྱང་། བཙན་བྱོལ་བོད་པ་ཚོས་གདུག་རྩུབ་ཅན་གྱི་པེ་ཅན་སྲིད་གཞུང་གི་སྙིང་རྗེ་དང་། བསམ་ཤེས། གཟིགས་སྐྱོང་སོགས་ལ་རེ་བ་དང་ངང་སྒུག་བྱེད་ཀྱིན་པའི་རྣམ་པ་ཡི་མུག་པ་འདི་ནི་དངོས་ཡོད་དང་མི་འཚམས་པར་མ་ཟད། འདི་འདྲའི་བླ་བཙོང་མགོ་འདོགས་ཀྱི་ལོ་རྒྱུས་ཤིག་མི་རབས་ཕྱི་མ་ཚོར་སྙན་ལ་ཇི་ལྟར་གསོལ་དང་། ལོ་རྒྱུས་དེབ་ཐར་དུ་ཇི་ལྟར་འགོད་ཨང་སྙམ་པའི་ངོ་ཚ་དང་ཕང་སེམས་འདྲེས་མའི་ཚོར་བ་ཞིག་བོད་མི་ངའི་བྲང་གཞུང་ལ་ཚ་བེར་བེར་གྱིས་འཚང་ཡོང་གི་འདུག

གཉིས།

བར་སྐབས་ཤིག་ནས་ཟམ་གདོང་ཐེ་བའི་བོད་བཙན་བྱོལ་དཔོན་ཆེན་ཚོས་ཅི་ཞིག་དཔོག་མདོག་གིས་རྒྱ་ནག་པེ་ཅན་ལ་ཡིད་ཆེས་བླ་ན་མེད་པ་ཞིག་དང་། རེ་བ་ས་ཡིས་མི་ཐེག་པ་ཞིག་བརྒྱབ་པ་རེད། པེ་ཅན་ལ་གྲོགས་སྒྲིག་རྒྱུའི་སླད་དུ་གསུམ་བཅུའི་དུས་དྲན་ལ་འཛོམས་པའི་བོད་རིགས་སྤུན་ཟླ་ཚོའི་ཞལ་སྒོ་ནས་འཐབ་རྩོད་ཀྱི་འབོད་ཚིག་རྣམས་བསྡུ་གསོག་བརྒྱབ་ནས་བྱང་ཆུབ་སེམས་མཆོག་མ་དང་ཚད་མེད་ཡོན་ཏན་མ་ཙམ་སྐྱོར་བཅུག་པ་རེད། ལག་དམར་སྲིད་གཞུང་ལ་ཡག་བཤད་བབ་བསྟུན་བྱེད་པའི་སྲིད་ཇུས་དེ་དང་དེ་འདྲ་བ་དག་ལ་ཕྱི་མིག་ཅིག་བལྟས་ན། ཡང་ན་དེའི་གྲུབ་འབྲས་ལ་ཞིབ་བརྩིས་ཤིག་བརྒྱབ་ན་ང་ཚོས་དེ་རིང་དང་། ཡང་ན་སང་ཉིན་ནས་པེ་ཅན་ལ་རྣམ་འགྱུར་ག་རེ་འཛིན་དགོས་མིན་དེ་གསལ་བོར་ཆགས་འདུག་པས། ད་ནི་བོད་པ་ཚོ་འབོད་ཚིག་གཅིག་གི་འོག་ནས་རྡོག་རྡོག་བྱ་རྒྱུ་ལས་གདམ་ག་གཉིས་པ་ཞིག་ལྷག་མེད་ལ། འུ་ཚང་གིས་བདེན་དོན་འཐབ་རྩོད་ཀྱི་ནུས་པ་གཅིག་རང་འདོན་ཐུབ་པ་དེ་འདི་རེད། མདོར་ན། པེ་ཅན་དང་གྲོགས་སྒྲིག་རྒྱུ་ཡིན་མདོག་གིས་ཟུར་ཞིག་ལ་འཐེན་ནས་བོད་རིགས་སྤུན་ཟླ་ཚོའི་འཐབ་རྩོད་ཀྱི་ནུས་པ་ཚལ་བ་བརྒྱ་རུ་བཏང་བ་དེ་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ། བརྒྱ་ལ་ལོ་རྒྱུས་ཀྱིས་བརྗེད་ཀྱང་ངས་མི་བརྗེད། ང་བོད་མི་ཞིག་ཡིན་པས་ཆ་ནས་དང་། ངའི་བོད་རུས་ལ་གཡའ་མ་ཞུགས་ཤིང་བོད་སེམས་ལ་ལྷད་མ་འདྲེས་བའི་ཆ་ནས་མི་བརྗེད། ཁ་སང་དེ་རིང་བོད་དོན་ཟེར་བ་འདི་མང་དག་ཅིག་ལ་ཚོང་རྫས་བྲིན་པོ་ཞིག་ཆགས་བསྡད་ཡོད།

འདིའི་ཡོང་འབབ་ཀྱིས་ཁོང་ཚོ་རེ་ཞིག་སྐྱིད་ཉལ་རྒྱག་ཆོག་ཀྱང་། མ་འོངས་བའི་ལོ་རྒྱུས་ཀྱི་ངོས་ནས་ཁོ་ཚོའི་ངོ་གདོང་ལྷིང་ལ་འབུད་པའི་ཡིད་ཆེས་ཡོད་ལ་སྨོན་ལམ་ཀྱང་ཡོད།

 

བོད་དོན་ཛ་དྲག་གི་དུས་འདིར་བོད་པ་མང་བོས་བོད་ནང་གི་སྤུན་ཟླ་ཚོའི་སྐུ་སྲོག་མེ་ལ་སྦར་བའི་ཡ་ང་བའི་གནང་སྟངས་ལ་སྡུག་ཡུས་མི་བྱེད་པར། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་དར་ཆ་མེ་ལ་བསྲེགས་སོང་ཟེར་ནས་ངུ་འབོད་བྱེད་གྱི་འདུག བོད་མི་ཚོའི་སྡུག་བསྔལ་གྱི་མིག་ཆུ་མི་གླེང་བར་རྒྱ་མི་ཚོའི་དམར་སྲུང་གི་སེམས་ཁམས་ལ་ཕོག་ཐུགས་ཤོར་མིན་ཐད་སེམས་སྡུག་བྱེད་ཀྱིན་འདུག ཁོང་ཚོའི་མིག་སྔུན་ནས་རྒྱ་ནག་དམར་གཞུང་གི་དར་ཆ་དེ་འདི་འདྲའི་རྩ་ཆེན་པོ་ཞིག་དང་། བཀའ་གཉན་པོ་ཞིག་ཆགས་སོང་བའི་རྒྱུ་མཚན་མི་ཤེས་ཀྱང་། ཁོང་ཚོར་མཚོན་ན་བོད་རིགས་སྤུན་ཟླ་ཚོའི་སྐུ་ལུས་མེར་བསྲེགས་པ་དང་འདི་ནས་པེ་ཅན་གྱི་རྒྱལ་དར་མེར་བསྲེགས་བྱས་པ་གཉིས་ཀྱི་ཕྱི་མ་ཛ་དྲག་ཏུ་རྩི་ཡི་འདུག དེ་ལུགས་ཀྱིས་གླེང་སློང་བྱེད་ཀྱིན་འདུག དེ་ལུགས་ཀྱིས་སེམས་ཁྲལ་བྱེད་ཀྱིན་འདུག་མོད། ངས་བསམ་ན་ཁོང་ཚོ་དང་ཁོང་ཚོ་ལྟ་བུའི་པེ་ཅན་ཕྱོགས་ལ་ཡིད་རྟོན་དང་རེ་བཅོལ། ཡང་ན་ཞེད་སྣང་གི་འདུ་ཤེས་རབ་ཏུ་མཐུག་པ་དག་གིས་རྒྱ་མི་དང་གཞུང་གི་སེམས་ཁམས་སྲུང་སྐྱོབ་བྱེད་རྒྱུ་ལས་ཨང་དང་བོར་བོད་ནང་གི་སྤུན་ཟླ་ཚོའི་སྐུ་སྲོག་སྐྱོབ་ཐབས་ལ་བསམ་བློ་བཏང་ན་འོས། ཚེ་སྲོག་བསྲེག་སྦྱོར་བྱེད་པའི་ཛ་དྲག་གི་འཐབ་རྩོད་འདིས་བྱིན་པའི་གོ་སྐབས་དམ་འཛིན་བྱས་ན་ཡག་གོ།

གསུམ།

པེ་ཅན་ནས་ཉི་མ་རེ་རེ་བཞིན་སྡིགས་དམོད་བྱས། བོད་ཡུལ་ནས་དུས་ཚོད་རེ་རེ་བཞིན་གསོད་གཏུབ་བྱས། བོད་མི་ཚོ་གཅིག་ཤོར་གཉིས་ཤོར་གྱིས་རང་སྲེག་བྱས། ལོ་རེ་རེ་བཞིན་བོད་ནང་གི་འཐབ་རྩོད་ཀྱི་རྣམ་པ་གཞན་ལས་གཞན་དུ་འགྱུར། འོན་ཀྱང་། འདི་རུ་གྲུབ་འབྲས་སྣ་གཅིག་སྟོན་རྒྱུ་མེད་པའི་སྲིད་ཇུས་རྟག་པ་ཞིག་དང་། འགྱུར་བ་སྤུ་ཙམ་མེད་པའི་ལས་འགུལ་བརྫུ་མ་ཞིག་གིས་རང་མགོ་དགུ་བསྐོར་བྱེད་ཀྱིན་འདུག ནམ་ནམ་ཞར་ཞར་ལ་ཞལ་འདོན་རྐྱང་རྐྱང་སྐྱོར། འདི་ལ་ཞི་བའི་ལས་འགུལ་ལོ།། གདུང་སེམས་མཉམ་བསྐྱེད་དོ།། བོད་དོན་དྲིལ་སྒྲིག་གོ་ཟེར། འོན་ཀྱང་། བོད་ནང་གི་དཔའ་མོ་དཔའ་མོ་ཚོར་དགོས་པ་དངོས་གནས་དེ་ཁོང་ཚེའི་ཚེ་སྲོག་གི་འགྲོ་གྲོན་བཏང་བཞག་པ་དེ་བོད་རང་དབང་འཐབ་རྩོད་ཀྱི་སྒུལ་ཤུགས་ཤིག་ཆགས་ཐབས་བྱ་རྒྱུ་དེ་ཡིན་པ་ལས། ཞལ་འདོན་ཕྱོགས་བསྒྲིགས་འུར་འདོན་བྱ་རྒྱུ་འདི་ཙམ་ག་ལ་ཡིན། མ་གཞི་དགེ་རྩ་རྫོགས་བྱང་དུ་བསྔོ་བ་དང་འདོད་དོན་སྨོན་ལམ་འདེབས་པ་དེ་གྲྭ་ས་དགོན་སྡེ་ཁག་ནས་སྲིད་དོན་དང་མ་འབྲེལ་བའི་སྟེང་ནས་བྱེད་རྒྱུ་ཞིག་ཡིན་པ་ལས། གསར་འགྱུར་བརྒྱུད་ལམ་གྱི་གདོང་ལ་བུད་ནས་མིག་བཙུམ་ཁུལ་དང་། ཐམ་མོ་སྦྱོར་ཁུལ་གྱི་ཆོས་མིན་སྲིད་མིན་གྱི་བྱ་སྤྱོད་ར་མ་ལུག་འདི་འདྲ་ཞིག་འཁྲབ་རྒྱུ་ག་ལ་ཡིན་ལ། འདི་འདྲ་འདིས་ཕན་ཡང་ག་ལ་ཕན། དཔའ་རྒོད་ཚོས་ཚེ་སྲོག་བདེན་དོན་དུ་བསྔོས་པ་དེས་ཕྱི་མའི་ལམ་སྣ་ཟིན་རྒྱུ་མིན་ན་ང་ཚོས་འདི་ནས་གསར་འགོད་པའི་དཔར་ཆས་ཀྱི་ཁ་སྒོ་ནས་ཚུལ་འཆོས་ཤིག་འཁྲབ་པ་དེས་ཕྱི་མའི་ལམ་སྣ་འདྲེན་རྒྱུ་ཟེར་བ་ནི་ཁོང་དགོད་ཤོར་བྱེད་ཁོ་ན་རེད་ལ། འདི་ལྟ་བུའི་ཡ་མ་ཟུང་གི་བྱ་སྤྱོད་རྐྱང་རྐྱང་གིས་བོད་རང་དབང་བདེན་པའི་འཐབ་རྩོད་ཀྱི་འཚབ་བྱེད་པ་ནི་ངོ་མ་བློ་ཕམ་གྱི་གཞི་རེད། ཁོ་བོར་མཚོན་ན་ཆེན་པོ་ཞིག་མི་འཇོན་ན་ཡང་ཆུང་ཆུང་སྐར་ཆ་གཅིག་གི་མྱང་ངན་ངག་བཅད་ཡིན་ཡང་ཆ་ཤས་ལེན་རྒྱུ་དེ་བོད་མི་ཞིག་ལ་རང་ཆས་སུ་ཡོད་པའི་འགན་རེད་བསམ་གྱི་ཡོད། འོན་ཀྱང་། འདི་ན་བོད་དོན་ལས་འགུལ་སྤེལ་སར་འགྲོ་བ་དེ་གང་ཞིག་ལ་ཨ་མཆོད་དུ་འགྲོ་བ་ལྟ་བུ་ཞིག་ཆགས་བསྡད་འདུག་པས། འདི་ནི་ཕངས་སོང་བརྒྱབ་སོང་ཟེར་བྱེད་ཀྱི་རང་མགོ་སྐོར་སྟངས་ཤིག་ལས་ཕན་པ་དང་ནུས་པ་ཅི་ཡང་མེད་པ་ཤེས་རན་རེད་ཅེས་སྙིང་ནས་ཐལ་ལོ།།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 20

  1. གླག་སྨྱོན། says:
    ལོ་ 13 སྔོན།

    བསམ་ཚུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཆབ་སྲིད་ལས་འགུལ་སྤེལ་ས་ན་སྨོན་ལམ་གྲངས་བསོགས་བྱེད་ཟོལ་འདི་ནི་ཆབ་སྲིད་མཐབ་རྩོད་ཀྱི་སྟོབས་ཤུགས་ཤིག་ཡེ་ནས་མ་རེད། རྒྱུ་མཚན་དེས་དབང་གིས་ངེས་ཀྱང་ཁ་སོང་སུམ་ཅུ་དུས་དྲན་དྲན་བསོ་བྱས་པ་ལས་སྨོན་ལམ་གྲང་བསོགས་གཏན་ནས་བྱས་མེད་དོ།

    Reply
  2. རྫ་སྲས་བདེ་ཆེན says:
    ལོ་ 13 སྔོན།

    ྶབསྟོད་པ་དང་སྨད་པ་བྱེད་མཁན། ད་དུང་དྲང་འཇོག་གིས་རྒྱབ་སྐྱོར་དང་དགོངས་ཚུལ་རྗོད་མཁན་ཡོངས་ལ་མང་བོ་བཤད་རྒྱུ་མེད། རྒྱུ་མཚན། རང་སེམས་ལ་ཤར་བའི་བསམ་ཚུལ་གཤའ་མ་འགའ་ཚིག་ཉུང་དོན་བསྡུས་ཀྱི་ལམ་ནས་ཐད་ཀར་བྲིས་ཡོད་ལ། འདི་ང་ཚོའི་མིག་སྔུན་ན་བཤམས་བཞག་ཡོད་པའི་འུ་ཚང་གི་མ་འཇོན་ས་དང། མ་འཁྱོངས་ས། ལོག་པར་འཕྱན་གྱིན་པའི་ངོས་ཏག་ཏག་ཡིན་པས་ཁས་ལེན་མིན་གྱི་གནད་དོན་མ་གཏོགས། ར་མི་འཕྲོད་ས་དང་འདང་མི་ཕོག་རྒྱ་གང་ཡང་མེད་པ་དེས་སོ། །

    Reply
  3. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    བསམ་ཚུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། རྣམ་ཀུན་ལྟ་ཚུལ་དང་དམིགས་ཕྱོགས་གཅིག་ལ་འགྱུར་བ་འདི། སུ་ཞིག་གིས་བཤད་ཀྱང་འུ་གཉིས་ཀྱི་ཀླད་པའི་གནད་དོན་ཞིག་དང་དག་སྣང་གི་ངོས་ཤིག་ལ་ངོས་འཛིན་ངེས་ནའང་། འུ་ཅག་གིས་སྐད་ཆ་དྲང་བོར་བཤད་རྒྱུ་གལ་ཆེན་རེད། སྤུན་ཟླ་མེ་ལ་འབར་ནས་འགྲོ་དུས་ཀྱང་རྒྱ་ནག་ལ་སྤེལ་ལད་འཁྲབ་མཁན་གྱི་ཁྱི་སྐྱག་འདི་དག་ལ་ངས་བོད་ཅེས་འབོད་ན་མི་འདོད་ཀི

    Reply
  4. རོ་ལངས། says:
    ལོ་ 13 སྔོན།

    ད་ལྟ་དྲྭ་ཉུལ་གྱི་དུས་ཚོད་མི་འདུག མང་པོ་བཤད་ཀྱི་མིན། གནས་སྐབས་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱིས་དབྱེ་ཞིབ་ཡག་པོ་ཞིག་གནང་འདུག་པས་དེ་ལ་རྒྱབ་སྐྱོར་ཞུ་གི་ཡིན།

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    ད་དུང་”ཁྱོད་རང་གིས་བྱོས་དང་ལམ་ཡངས་པོར་ཕྱེས་ཡོད།” ཅེས་ཟུར་ཟའི་བརྗོད་པ་གཅིག་གིས་རང་གཞན་གཉིས་ཀའི་ངག་སྒོ་གཅོད་ཐབས་བྱེད་པ་འདི་ནི་དེ་བས་ཀྱང་འོས་པ་མིན། བདེན་པ་རེད། སྒོ་ཡངས་པོར་ཕྱེས་ཡོད་ཀྱང་ཁོ་གང་ཟག་སྒེར་བ་ཞིག་དང་། ང་གང་ཟག་དཀྱུས་མ་ཞིག་གིས་མགོ་ཟིན་རྔ་ཟིན་གྱི་ལས་འགུལ་རེའི་བཀོད་སྒྲིག་བྱས་ཀྱང་དེ་ནི་ར་ལང་ཆ་ལང་ཟེར་བ་ཙམ་ལས་ནུས་པ་ཆེར་མི་ཐོན། ང་ཚོར་དགོས་པ་ནི་བོད་མི་ཡོངས་རྫོགས་ནུས་ཤུགས་གཅིག་དང་འབོད་སྒྲ་གཅིག་གི་འོག་ཏུ་ཚུད་ཐུབ་པའི་ལམ་ཁ་ཞིག་ཕྱེ་དགོས་པ་དེ་རེད། དེ་བྱུང་ན་ང་ཁོའི་ནུས་པ་ཡང་ཚོགས་ཀྱི་གྲལ་དུ་སླེབས་པས་ལྡབ་བརྒྱ་འགྱུར་གྱིས་འཕེལ་རྒྱུ་ཡིན་པ་དང་། དེ་མ་བྱུང་ན་ང་དང་ཁོས་ཡར་རྒྱུགས་མར་རྒྱུགས་ཙམ་བྱས་རུང་ནུས་པ་རྔོ་ཐོགས་པ་གང་ཡང་ཐོན་རྒྱུ་མེད་ཅིང་། ངོ་མ་བཤད་ན་”ཁ་བྲལ་བ་ཉུང་ཤས་ཀྱིས”་ཞེས་པའི་ཚིག་འདི་འཇུག་བདེ་བོ་ཞིག་ཏུ་ཡང་འགྱུར་བ་རེད།

    Reply
  6. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    ” ཆ་ཤས་དང་ནུས་པས་ཕྱུག་པའི་ཐབས་ཇུས་སྣ་རེ་ཡིན་ཡང་སྟོན་དང་ང་ཚོས་རྒྱབ་སྐྱོར་བྱ་ཆོག “ཞེས་དང་། “གཞུང་འབྲེལ་མིན་པའི་ཚོགས་པ་མ་མང་ན་མི་ཉུང་པས་དྲག་པོའི་ལས་འགུལ་སོགས་ལམ་གང་ནས་འགྲོ་འདོད་ན་ལམ་རང་གི་མདུན་ན་ཡོད་པ་རེད་”ཞེས་དང་། “འོན་ཀྱང་དོན་གྱི་འགག་རྩ་ནི། ཅི་ཞིག་བྱེད་དགོས། ཚུལ་ཇི་ལྟར་བྱེད་དགོས། བྱེད་མི་ག་ཚོད་ཙམ་ཡོད། འགྲུབ་འབྲས་ཇི་ཙམ་ཡོད། དེ་དག་གི་ཕྱོགས་ལ་ལམ་སྟོན་དང་། མཛུབ་སྟོན་བྱེད་མཁན་ཡོད་དགོས། “ཞེས་དང་། དེ་བཞིན་”ཁྱོད་རང་གིས་ཅི་ཞིག་བྱེད་ཀྱིན་ཡོད།”ཅེས་སོགས་ནི་ང་ཚོའི་སྤྱི་ཚོགས་ནང་དུ་བསམ་ཚུལ་ཐ་དད་བཤད་པ་འགོག་བྱེད་ཀྱི་རྒྱུན་ལྡན་གྱི་ལག་ཆ་ཞིག་རེད།
    ངས་ཞུ་རྒྱུར་གལ་སྲིད་གང་ཟག་ཅིག་གིས་རང་གི་བསམ་ཚུལ་བཤད་འདོད་ན་ཐོག་མར་གང་ཟག་རང་ཉིད་ཀྱིས་ལག་ལེན་ལ་ངེས་པར་དུ་མ་སྟར་བར་དུ་བསམ་ཚུལ་དེ་བརྗོད་དབང་མེད་མདོག་ཟེར་ན་དེ་ནི་དོན་གྱིས་སྨྲ་བརྗོད་རང་བ་ལ་བཀག་རྒྱ་བྱས་པ་ཙམ་ལས་ཅི་ཡང་མ་རེད། མིག་སྔའི་དམངས་གཙོའི་རྒྱལ་ཁབ་ཚན་ཀུན་གྱི་ནང་དུ་བཤད་མཁན་དང་བྱེད་མཁན་ལོགས་སུ་ཡོད་པ་ལས་དེ་གཉིས་གཅིག་ཏུ་ཡེ་ནས་གནས་མེད། ངོ་མ་བཤད་ན་བཤད་མཁན་དང་བྱེད་མཁན་ལོགས་ཁ་ཡིན་དགོས་པའི་གནད་འགག་ཆེན་པོ་ཡོད། བྱེད་མཁན་གྱིས་བཤད་མཁན་དག་གི་ངག་ལ་ཉན་ནས་ལེགས་འདེམས་ཀྱིས་བྱེད་དགོས། བཤད་མཁན་མང་ན་བྱེད་མཁན་ལ་གདམ་ང་མང་དུ་རག་རྒྱུ་ཡིན་པའི་གནད་ཀྱང་དྲན་གྱིན་མེད་པ་འདྲ།
    མདོར་ན་ངའི་བསམ་པར་ང་ཚོས་བསམ་ཚུལ་ངེས་པར་དུ་བཤད་དགོས་ལ། གང་ཡོད་པ་ཟོལ་མེད་ཀྱིས་བཤད་དགོས། བཤད་དགོས་པ་མ་ཟད་སྒྲོག་དགོས། གཞུང་ལ་ཁ་གཏོང་མི་ཆོག་པ་དེ་དམངས་གཙོའི་འོས་ཆོས་ཤིག་མ་རེད། དེ་བས་ཀྱང་དམངས་གཙོའི་གཞུང་ནི་མི་མང་གི་སྐྱོན་བརྗོད་ཀྱི་སྟོབས་ཤུགས་ལ་རྟེན་ནས་གནས་ཡོད་པ་ཡིན། དམངས་གཙོའི་གཞུང་སུ་ཡིན་རུང་མི་མང་གིས་སྐྱོན་བརྗོད་ཡེ་ནས་མི་འབྱུང་བ་ཞིག་ལ་འབད་ན་དེ་ནི་ཆེས་ཉེན་ཁ་ཅན་གྱི་གཞུང་ཞིག་ཡིན་དགོས། ཁ་བརྒྱས་བཤད་ནས་ལག་སྟོང་འགུལ་དགོས་པ་ལས་ཁ་དང་ལག་པ་གཅིག་ཡིན་དགོས་ཟེར་བ་ནི་ནམ་ཡང་ཚན་རིག་དང་མི་མཐུན་ནོ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གཞན་ལ་རྙིང་རྗེ་མི་འོས་ན། གཞན་ལ་ཁོང་ཁྲོ་བ་ཡང་། དེ་བས་མི་འོས་སོ། དེས་ན་སོམས་ཤིག

    Reply
  8. རོ་ལངས། says:
    ལོ་ 13 སྔོན།

    བོད་ནང་གི་བོད་མི་ཚོས་བློས་གཏོང་ལ་ལྟོས་དང་ང་ཚོ་འདི་མུར་འདུག་བཟོད་པ་ཅིག་མ་རེད་དེ། མགོ་འདོགས་རིང་ལུགས་པ་དག་ལའང་ཁོང་ཚོའི་འགྲོ་སྟངས་ཞིག་ཡོད་པ་རེད། ཁོང་ཚོ་ནི་ཆོས་རྒྱུད་གཅིག་གམ་ཡང་ན་ཚོགས་པ་གཅིག ཡང་ན་ལྟོ་གོས་ཀྱི་དོན་དུ་མི་རིགས་བློས་བཏང་ཚར་བའི་གྲས་རེད། འོན་ཀྱང་གཟབ་ཚད་མ་བྱས་ན་རྒྱལ་བ་རིན་པོ་ཆེ་ལག་ཆར་སྤྱད་དེ་ཡང་ལངས་མེད་པ་བཟོ་ན་ཐང་བས། ཁྱེད་ཀྱིས་ངོ་མ་གཟབ་དགོས་ཡ་་་

    Reply
  9. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱིས་དུས་རྒྱུན་དུ་ཁ་བྲལ་བ་རྩ་མེད་བཟོ་དགོས་ཅེས་བཞིན་པ་དེ་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་པ་གཞན་འཇིགས་སྣང་མི་དགོས་པའི་ཚོགས་པ་ཁག་ལ་དམིགས་མེད་པར་འདོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་བོད་པའི་བདེན་མཐའ་མ་གསལ་བར་དུ་བཙན་བྱོལ་སྤྱི་ཚོགས་འདིའི་ལྟེ་གནས་བརྟན་བརླིང་དང་གཞུང་འདི་སྲ་ཐག་ཐག་བྱེད་དགོས་པ་དེ་རེད། དེའི་ཕྱོགས་ན་འཐུས་ཤོར་ཙ་ཙིག་རེ་སོང་ཡོད་སྲིད་ཀྱི་རེད་མ་གཏོགས། ད་ལྟ་བར་དུ་མི་ལོ་བཅུ་ཕྲག་མང་པོའི་རིང་དུ་ཁ་ཡོད་ལག་ཡོད་ཀྱི་བྱས་རྗེས་མིག་མདུན་དུ་ཡོད་པ་གསལ་བོ་རེད། ཡང་འགའ་རེས་བོད་དུ་ཕྱིར་ལོག་ཟེར་མཁན་ཡོད་མོད། དོན་ངོ་མ་བོད་ནང་ཁུལ་གྱི་དཔའ་བོ་ཚོ་མེ་མདའི་ཁར་བརྫང་ལས་བོད་དུ་ལོག་པའི་བློ་སྟོབས་ཡོད་མེད་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ངེས། གལ་སྲིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ནས་འཚེ་མེད་ཞུ་བའི་ཐབས་ལམ་ལ་མོས་པ་མེད་མཁན་ཡོད་ན། གཞུང་འབྲེལ་མིན་པའི་ཚོགས་པ་མ་མང་ན་མི་ཉུང་པས་དྲག་པོའི་ལས་འགུལ་སོགས་ལམ་གང་ནས་འགྲོ་འདོད་ན་ལམ་རང་གི་མདུན་ན་ཡོད་པ་རེད་མ་གཏོགས། གཅིག་བཤད་ན་བོད་གཞུང་གི་མ་འཇོན་བོད་གཞུང་གི་མ་འགྲིགས་སོགས་ལས། ཐད་ཀར་རྒྱལ་བ་རིན་པོ་ཆེས་ལམ་སྟོན་འོག་གི་གཞུང་འདིའི་ཅི་གང་འཇོན་གྱི་མི་འདུག ད་ང་ཚོ་ལམ་གཞན་ནས་འགྲོ། ཐབས་འདི་ལྟར་བྱ་སོགས་ཀྱིས་སྣེ་འཁྲིད་མཁན་ཡོད་ན་དགའ་བསུ་བྱ་ངེས། ཁ་གཅིག་ནས་རྗེ་༸གོང་སའི་བཀའ་ལ་འགལ་མི་ཉན་འཐབ་རྩོད་ཀྱི་ལམ་ཁ་ནས་དྲག་པོ་བྱེད་མི་ཉན། ཡང་ཁ་གཅིག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཇོན་གྱི་མི་འདུག་ང་ཚོས་དགྲ་བོ་ལ་ཞུ་བ་རྐྱང་རྐྱང་བྱས་ན་ཡོང་གི་མི་འདུག་སོགས་ཀྱི་འགོ་རྔ་མེད་པའི་སྐད་ཆ་ཁོ་ན་བཤད་འདུག་པ་ལས། ཕྱོགས་གཅིག་ནས་ཞུ་བའི་ལམ་ཁ་དང་ཕྱོགས་གཅིག་ནས་དྲག་པོའི་ལས་འགུལ་སྣ་ཚོགས་སྤེལ་འདོད་ན་ལམ་རང་གི་རེད་ལ་རང་གི་མདུན་ན་ཡོད་ཡོད་པ་རེད། ངས་ལྟས་ན་བཀའ་དྲིན་ཅན་༸གོང་ས་མཆོག་གི་ལམ་བསྟན་པ་ལས་མཆོག་གི་ཐབས་ལམ་ཞིག་སྟོན་ཡོང་མཁན་མེད་འདོད་ཀྱིན་ཡོད། ཡང་གཅིག་བཤད་ན་དབུས་བོད་མིའི་སྒྲིག་འཛུགས་ནམ་ཡང་༸རྗེ་གོང་ས་མཆོག་གི་ལམ་སྟོན་འོག་འགྲོ་ངེས་རེད་ལ་འགྲོ་དགོས་ངེས་རེད་འདོད་ཀྱིན་ཡོད་ལ་། མི་རེ་འགའི་འདོད་པ་བཞིན་ཡོང་གི་མ་རེད་འདོད་ཀྱིན་ཡོད།

    Reply
  10. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྫ་སྲས་ལགས་ཀྱིས་གནད་ལ་མཁེལ་བའི་རྩོམ་ཡིག་འདི་དུས་ཐོག་ཆར་པ་རང་རེད་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་བྱེས་གྱར་བ་མགོ་གཏད་རིང་ལུགས་པའི་མགོ་གཉིས་མ་དེ་ཚོར་ག་ཚོད་བཤད་ཀྱང་གོ་རྒྱུ་མེད་ལ་པེ་ཅིང་གི་གླ་རྔན་གྱིས་མྱོས་ཚར་བས་འགྱུར་བ་ཞིག་ཁག་པོ་བྱས་པ་རེད། ད་དུང་ཁྱེད་ལ་ཁ་བརྡུང་དྲག་པོ་གཏོང་ངེས་པས་གདོང་ལེན་བྱེད་རོགས།

    Reply
  11. འཁྱམས་པོ། says:
    ལོ་ 13 སྔོན།

    ངས་ཡིག་གཟུགས་འདི་ཀློག་ཐུབ་ཀྱིན་མི་འདུག འོན་མདོ་དོན་རྒྱ་གཞུང་ལ་སྙིང་རྗེས་ཞུ་བ་འཐེན་ས་མེད་པ་དེ་ཤོད་གྱིན་འདུག་པ་འདྲ།
    བདེན་པ་རེད་ཡིན་ཡང་ད་ང་ཚོས་འོ་ན་ཅི་བྱེད་དེ་གཙོ་བོ་རེད།

    Reply
  12. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    དྲང་མོ་བཤད་ན་རྩོམ་འདི་འབྲི་དུས་ན་ཀུན་སློང་གིས་འདང་མི་འདུག རང་གི་འདོད་ཕྱོགས་མཁོ་སྒྲུབ་ཙམ་ལས་གཟིར་གནས་རྣམ་དཔྱོད་ཀྱི་མདངས་མི་འདུག་ལ། ལྷག་པར་དུ་ང་ཚོའི་ཛ་དྲགས་གནས་སྟངས་བཟློག་པའི་ཐབས་ལམ་མི་འདུག གཙོ་བོ་མི་སྒེར་ལ་སྙད་དེ་གཞུང་གིས་མ་འགྲིགས་མ་འཐུས་ཚུལ་རྐྱང་རྐྱང་རེད། དེས་ན་ད་ལྟ་ཕན་ཆད་ལ་གཞུང་དང་ཚོགས་པ་སྐྱིད་སྡུག་ཁག་གིས་སྤེལ་བའི་ལས་དོན་བསྒྲུབས་ཕྱོགས་ཀྱིས་ཁྱེད་རང་གཙོ་བོར་གྱུར་བའི་སེམས་ཁ་མ་གང་ཞིང་། འཐབ་རྩོད་ཀྱི་རྣམ་དཔྱོད་ཡོད་མཁན་ཚོས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ལྡན་ལ། ཆ་ཤས་དང་ནུས་པས་ཕྱུག་པའི་ཐབས་ཇུས་སྣ་རེ་ཡིན་ཡང་སྟོན་དང་ང་ཚོས་རྒྱབ་སྐྱོར་བྱ་ཆོག མ་ཟད་རང་གིས་བཤད་འདུག་་ཨང་དང་བོར་བོད་ནང་གི་སྤུན་ཟླ་ཚོའི་སྐུ་སྲོག་སྐྱོབ་ཐབས་ལ་བསམ་བློ་བཏང་ན་འོས་ཞེས་ཟེར། བདེན་པ་རེད་ང་ཚོ་ཚང་མས་དེ་ག་རང་འདོད་ཡོད། འོན་ཀྱང་རང་གི་སྐད་ཆ་འདིའི་ནང་ལ་དེའི་ཐབས་ལམ་ཞིག་བསྟན་ཡོད་དམ། ཡང་ན་རང་གིས་བཤད་པ་ལྟར་བསམ་བློ་བཏང་ནས་འདུག་དགོས་པ་རེད་དམ། ངས་ཁྱོད་ལ་ཕོགས་ཐུག་ཅིག་ཨེ་འགྲོའི་བསམ་པ་མེད་ལ་ཁྱོད་ཀྱི་ལྡོག་ཕྱོགས་ནས་ལངས་འདོད་ཀྱང་མེད། གཙོ་བོ་ང་ཚོ་ཚང་མ་མི་རིགས་གཅིག་དང་སྐྱིད་སྡུག་གཅིག་གིས་བརྒྱུས་པས་ལག་པའི་ཕྱི་ནང་ཙམ་རེད། དེ་སྟབས་ཀྱིས་གཟི་བོར་གནས་པའི་ཐོག་ནས་རྒྱུ་མཚན་དང་ཐབས་ལམ་གཞན་ཡོད་ན་མ་གཏོགས། སྨྲ་བརྗོད་རང་དབང་ཙམ་བེད་སྤྱད་ནས་རང་གཞུང་དང་རང་གི་གནད་ཡོད་མི་སྣ་ལ་དགྲ་དགའ་གཉེན་སྡུག་གི་ཚིག་སྤྱད་པ་ལས་སྨྲ་བ་ཉུང་ན་བསམ་མོ།།

    Reply
  13. འཇམ་བཟང་། says:
    ལོ་ 13 སྔོན།

    ཚོགས་པ་ཁག་གི་འགོ་ཁྲིད་གྱིས་དང་། ང་ཚོ་ལ་གྲ་སྒྲིག་ཨང་གསར་ཡོད།

    Reply
  14. འཇམ་བཟང་། says:
    ལོ་ 13 སྔོན།

    རྫ་སྲས་བདེ་ཆེན་ལགས་ལོ། ཡུལ་གྱར་ངས་སྙིང་དབུས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།
    དངོས་གནས་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་འགུལ་སྤེལ་གཏོང་དེ་ལ། འགྱུར་བ་བཏང་རན་འདུག།
    ཡུལ་གྱར་བ་ཚོ། གཉིད་སོད་དང་། བོད་ལ་ལོག་འགྲོ།
    སུམ་བཅུ་དུས་དྲན་ནས་མགོ་བཙུགས་ཀྱིས་བོད་ལ་ལོག་འགྲོ།
    བོད་ལ་ལོག་འགྲོ། བོད་ལ་ལོག་འགྲོ།

    Reply
  15. མི་ཆུང་། says:
    ལོ་ 13 སྔོན།

    འདི་ཡག་པོ་མི་འདུག གཞན་རྩོམ་དགོས་རེད་ཟེར་བ་བོད་མི་བརྒྱ་ཆ་དགུ་བཅུའི་སེམས་ན་ཁྲིགས་ཁྲིགས་ཡོད། འོན་ཀྱང་དོན་གྱི་འགག་རྩ་ནི། ཅི་ཞིག་བྱེད་དགོས། ཚུལ་ཇི་ལྟར་བྱེད་དགོས། བྱེད་མི་ག་ཚོད་ཙམ་ཡོད། འགྲུབ་འབྲས་ཇི་ཙམ་ཡོད། དེ་དག་གི་ཕྱོགས་ལ་ལམ་སྟོན་དང་། མཛུབ་སྟོན་བྱེད་མཁན་ཡོད་དགོས།
    ཆབ་སྲིད་པ་ཡིན་ཟེར་མཁན་དང་རྩོམ་པ་པོ་ཡིན་ཟེར་མཁན། མཁས་དབང་ཡིན་ཟེར་མཁན་རྣམས། ད་འཐོན་དགོས་ཚོད་རེད།

    Reply
  16. འཁྱམ་པོ། says:
    ལོ་ 13 སྔོན།

    རྫ་སྲས་བདེ་ཆེན་ལགས་ཀྱིས་རྩོམ་འདི་དུས་ཐོག་ཆར་བ་རང་རེད་ ངའི་བསམ་བསམ་ནས་འབྲི་མ་ཐུབ་པ་དེ་ཏག་ཏག་བྲིས་འདུག་ཐུག་རྗེ་ཆེ། དོན་དངོས་ཐོག་དེ་ག་རང་རེད། མི་མང་པོ་ཞིག་ནས་འགྱུར་བ་གཏོང་རན་འདུག་ཞེས་བརྗོད་ཀྱི་ཡོད་ཡག་ཉེས་འགྱུར་གང་འདྲ་ཞིག་གཏོང་དགོས་སམ། བོད་པ་ཚང་ལ་དམག་རྒྱག་པའི་སྟོབ་ཤུག་ནི་མེད། ད་ནི་གོང་ས་མཆོག་གིས་གཞིས་ལུས་རྣམས་མེ་མཆོད་མི་འབུལ་བའི་གསལ་སྒྲགས་ཞིག་སྤེལ་རྗེས་ང་ཚོས་རྒྱ་གཞུང་དེ་དམང་གཙོ་ཅན་དུ་འགྱུར་བ་དང་ཡང་ན་རྒྱ་གཞུང་དེ་ཉིད་འཐོར་ཞིག་འགྲོ་རྒྱུ་རེ་སྒུག་བྱས་ཏེ་སྡད་ན་མི་ལེགས་སམ།།

    Reply
  17. མདའ་དཔོན། says:
    ལོ་ 13 སྔོན།

    རྫ་སྲས་ལགས་ཀྱིས་རྩོམ་ཡིག་ཡག་པོ་དོན་སྙིང་ལྡན་པ་ཞིག་བྲིས་འདུག བཀའ་དྲིན་ཆེ་ཞུ་བ་ཡིན

    Reply
  18. མིག་གསུམ་པ། says:
    ལོ་ 13 སྔོན།

    ད་ཐེངས་རྫ་སྲས་བདེ་ཆེན་ངར་འདུག་ག་་་་་་་་་ཨ་ལ་ཀུ་རེ་ཡིན་ད་་་་་་་་ངོ་མ་གནད་ལ་ཁེལ་བ། དུས་དང་མཐུན་པའི་སྐད་ཆ་ཚོར་ཤུགས་ཅན་བཤད་འདུག ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་སྐད་ཆ་བཤད་མཁན་དང་ཉན་མཁན། ཡང་ན་ལག་ལེན་བྱེད་མཁན་ངེས་པར་དུ་དགོས་པ་ཞིག་རེད། དེ་ནི་སྤྱི་ཚོགས་ཤིག་གི་འཕེལ་རྒྱས་ལ་དམིགས་པའི་མཐུན་རྐྱེན་ཞིག་ཅི་ལ་མིན། ཡིན་ནའང་། ང་ཚོར་སྐད་ཆ་བཤད་མཁན་ལས་ལག་ལེན་བསྟར་མཁན་དཀོན་པའི་གནས་སུ་ལྷག་ཡོད་པས་དེའང་སྟོང་ཆ་ཞིག་ཏུ་བདག་གིས་འདོད་ཀྱི་ཡོད། ཁྱོད་ཀྱིས་བརྗོད་པ་བཞིན་རྒྱ་ནག་སྲིད་གཞུང་ལ་བཟོད་སྒམ་དང་གུ་ཡངས་ཀྱི་བསམ་བློ་ཇི་ལྟར་བཏང་ཡང་ང་ཚོར་འཐོབ་བྱ་ཅི་ཡང་མེད་པས་དེ་ལས་ལྡོག་པ་ཞིག་ངེས་པར་བྱེད་དགོས། དེའི་ཕྱིར། གཞུང་དམངས་གཉིས་ཀ་གཅིག་ཏུ་སྒྲིལ་ཏེ་ཁ་བཤད་དོན་སྟོང་མིན་པའི་བྱ་འགུལ་ཞིག་སྤེལ་རན་ལ་སླེབས་འདུག བཙན་བྱོལ་བོད་གཞུང་གི་སྒོ་རྒྱོབ་དང་ཚང་མ་བོད་ལ་ལོག་འགྲོ

    Reply
  19. རང་དབང་རྒྱལ། says:
    ལོ་ 13 སྔོན།

    གནད་འགག་ཡོད་པའི་རྩོམ་ཡིག་ཅིག་སྤེལ་འདུག ངོ་མ་རེད། ད་ཡིན་ན། སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་དེའི་འཐབ་རྩོད་བྱེད་སྟངས། ད་རུང་། ཚོགས་པ་ཁག་ཅིག་གི་མཉམ་འབྲེལ་བྱེད་ཕྱོགས་སྐོར་ལ། བསྐྱར་ཞིབ་དང་འབྲེལ་ནས། ད་ལྟའི་གནས་སྟངས་འདི། སྟོབས་ཤུགས་ཅན་འགྱུར་ཐབས་སུ། རྣམ་དཔྱོད་དང་ཐབས་བྱུས་དམིགས་བསལ་བ་ཞིག་འདོན་རན་པའི་དུས་ཚོད་ཅིག་རེད་ལ། ལྷག་པར་དུ། མ་འོངས་པའི་ཁ་ཕྱོགས་དང་དེའི་དམིགས་ཚད་ལ་འགྲུབ་ཐབས་སུ། གུ་ཡངས་ཀྱི་གྲོས་བསྡུར་དང་གླེང་སློང་གནད་ལ་འཁེལ་བ་ཞིག་བྱེད་དགོསཔ་ནི། གཡོལ་ཐབས་མེད་པ་ཞིག་རེད་ཨང་།

    Reply
  20. བློ་བཟང་། says:
    ལོ་ 13 སྔོན།

    རྫ་སྲས་བདེ་ཆེན་གྱི་རྩོམ་ཡིག་ངོ་མ་རིན་ཐང་ཆེན་པོ་ཞིག་དང་བློ་འབྱེད་རྩོམ་ཡིག་ཞིག་ཏུ་མཐོང་སོང་།ད་ནི་བོད་མི་ཚོར་འགག་རྩ་ཞིག་ལ་སླེབས་པའི་དུས་བབ་ཡིན་པ་དཔལ་ལྡན་བཀའ་ཤག་སོགས་ཀྱི་ཤེས་དགོས་ལས། ཞལ་འདོན་མཆོད་འབུལ་གྱི་དུས་ཡུན་དེ་རྨང་ནས་ཡོལ་ཟིན་པ་ཤེས་རན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese