མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུམ་བཅུ་དུས་དྲན་ཉིན་གྱི་སེམས་གཏམ་འགའ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

འོད་དཀར།

དེ་རིང་ནི་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་མཛད་མེད་ཀྱི་སྤོབས་པས། འཛམ་གླིང་གི་ཡང་རྩེ་རི་བོ་གངས་ཅན་པའི་གནས་ནས་དགྱ་གཞུང་གི་བཙན་གནོན་དང་བརྙས་བཅོས། གཅར་རྡུང་སོགས་ལ་མགོ་བོ་མ་སྒུར་པར་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་དང་། མགོ་ནག་བོད་པ་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་རྩ་བའི་བླ་མ་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྲོག་གི་ཆེད། རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་རྒྱ་ནག་དམར་པོ་གཞུང་ལ་ཁ་གཏད་དུ་ལངས་ཏེ་གཅེས་པའི་ཚེ་སྲོག་ཤོར་བའི་མི་ལོ་ལྔ་བཅུ་ལྔ་གསུམ་འགོར་བའི་ཉིན་མོ་རེད།

དེ་རིང་གི་ཉིན་མོ་འདི་ནི་ང་ཚོ་ལ་མཚོན་ན་དགའ་འོས་པའི་ཉིན་མོ་ཞིག་དང་། སྐྱོ་དགོས་པའི་ཉིན་མོ་ཞིག་ཀྱང་རེད། དགའ་དགོས་དོན་ནི་བོད་མི་རྩམ་གཟན་ཡོངས་ཀྱིས་གསུམ་གཅིག་དབང་དུ་བསྡུས་མྱོང་པའི་བཙན་པོའི་སྙིང་སྟོབས་དེ་གོ་ལ་ཧྲིལ་པོ་འདིའི་སྟེང་ཡང་བསྐྱར་བསྒྲགས་སོང་བ་དང་། མིག་ལ་བསྟན་སོང་པས་རེད། སྐྱོ་དགོས་དོན་ཡང་རྒྱལ་གཅེས་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོའི་ཚེ་སྲོག་དང་བོད་རྒྱལ་ཁབ་ཆེན་པོ་དམར་པོ་དགྲ་ལག་ལ་ཤོར་སོང་བ་དེ་རེད། དེ་རིང་ནི་ང་ཚོའི་ཕ་ས་དགྲ་ལག་ལ་ཤོར་ནས་མི་ལོ་ ༥༣ འགོར་བའི་ཉིན་མོ་རེད་ལ། རང་དབང་བྲལ་ཞིང་གཞན་གྱི་བཙན་གནོན་འོག་ཏུ་བོད་མི་གཞིས་བྱེས་གཉིས་སུ་གྱེས་པའི་ཉི་མ་ནག་པོ་དེ་ཡང་རེད།

དེའི་ཕྱིར་དེ་རིང་ངས་འདིར་ཡ་ཆུང་སེམས་པ་སྡུག་གིས་མནར་བཞིན་ཁྲ་ཆུང་མིག་མཐའ་མཆི་མས་བཀང་སྟེ་ཞུ་འབོད་ཅིག་བྱེད་འདོད་པ་ནི། བོད་ཅེས་པའི་ཐ་སྙད་འདི་ང་ཚོ་མི་རིགས་གཅིག་པའི་སྤུན་ཟླ་ཡོང་ཀྱིས་ཤ་གསེང་རུས་གསེང་ལ་འཐིམ་ཡོད་པས། གདོང་དམར་བོད་པ་ཞིག་ཡིན་ཕྱིར་རང་ཉིད་ཀྱི་འགན་འདི་མ་བརྗེད་རོགས་ཞེས་ཞུ་རྒྱུ་དང་། ཆོལ་གསུམ་བོད་མི་ཚང་མ་ཕ་ལོ་སྤྲེའུ་དང་ཨ་མ་བྲག་སྲིན་གཉིས་ཀྱི་གདོང་རྒྱུད་གཅིག་པ་རེད་ལ།  ད་བར་དུ་ང་ཚོའི་རྒྱལ་ཁབ་གཅིག་གི་མི་རིགས་དང་སྐད་ཡིག་གཅིག་གི་བདག་པོ་ཡིན་པའི་བོད་མི་རྒན་པ་དག་གི་གསུང་སྒྲོས་ལས་མགྲིན་གཅིག་ཏུ་སྟོད་མངའ་རིས་སྐོར་གསུམ།  བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཡོངས་སུ་གྲགས་ཡོད་པའི་རི་ཆུ་ནགས་གསུམ་གྱི་བདག་པོ་ངོ་མ་ཡང་ང་ཚོ་ཡིན།

ད་སྐབས་ཁ་ཤས་ཤིག་དམར་པོ་གཞུང་གི་རྗེས་སུ་འབྲངས་ནས་ལྔ་བཅུ་ལྔ་བརྒྱད་ལོའི་ཡར་སྔོན་བོད་པ་ཚང་མ་དགའ་ལྡན་ཕོ་བྲང་འོག་མེད་ཚུལ་ཟེར་བ་སོགས་ཀྱི་འཆལ་གཏམ་སྨྲ་བཞིན་པ་ནི་ཁུངས་མེད་ལུགས་མེད་ཀྱི་གཏམ་འབའ་ཞིག་ཡིན། སྐད་ཆ་དེའི་རིགས་བཤད་མཁན་དག་ནི་ལོ་རྒྱུས་ཀྱི་ནག་ཉེས་ཅན་དང་། ང་ཚོ་མགོ་ནག་བོད་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལ་བསམ་བཞིན་གཏོར་བཤིག་གཏོང་མཁན་ཡིན་པས། བོད་མི་སུ་ཡིན་ཡང་འདི་དག་གི་གཡོ་འོག་ཏུ་ནམ་ཡང་མི་ཚུད་རྒྱུ་གལ་ཆེ། དེ་བཞིན་ང་ཚོ་ལ་རང་བཙན་ཁུངས་སྐྱེལ་དབེན་པར་རྗོད་བཞིན་པ་སོགས་ནི་བོད་རང་གི་ལོ་རྒྱུས་ལ་རྒྱུས་མངའ་མེད་སོང་པས་རེད། ཞིབ་ཏུ་སོམས་དང་ད་བར་དུ་འཛམ་གླིང་གི་རྒྱལ་ཁབ་སུ་ཞིག་རང་བཙན་གྱི་ཁུངས་སྐྱེལ་ཡང་དག་ཡོད་ཟེར་ནས་ཁྲིམས་ལ་གཏུགས་ཏེ་རང་བཙན་བླངས་ཡོད་དམ། རང་བཙན་ནི་ང་ཚོ་རང་ཉིད་ཀྱིས་བརྩོན་ལེན་དང་དཀའ་ལས་བརྒྱབ་ནས་ལེན་རྒྱུ་ཞིག་ཡིན་པ་མ་གཏོགས་དཀོན་མཆོག་གིས་གནང་ཐུབ་པ་ཞིག་མ་རེད་ལ།  དེ་བཞིན་སྟོབས་ཆེན་རྒྱལ་ཁབ་སུ་ཞིག་གིས་རོགས་སྐྱོར་བྱས་ནས་སྤྲོད་ཐུབ་པ་ཞིག་ཀྱང་མིན་པས་ང་ཚོ་རང་ཉིད་ཀྱི་སྟོབས་ཤུགས་དང་ནུས་པ། དཔའ་ངར་དང་དཀའ་སྤྱད་ཀྱི་འཐབ་རྩོད་ཁོ་ནར་བརྟེན་ནས་ལེན་དགོས་པར་འདོད།

ང་ཚོ་ལ་ལོ་རྒྱུས་ཀྱི་བདེན་པ་ཡོད།  ང་ཚོ་ལ་སྐད་ཡིག་གི་བདེན་པ་ཡོད། ང་ཚོ་ལ་དངུལ་ལོ་ཐམ་ག་སོགས་ཀྱི་དཔང་པོ་ཡོད། ང་ཚོ་ལ་རྒྱལ་ཁབ་གཞན་དུ་བསྐྱོད་མྱོང་བའི་ཕྱི་སྐྱོད་ཐོངས་མཆན་ལག་ཁྱེར་ཡོད། ད་དུང་ང་ཚོ་ལ་འཚོ་གནས་མཐོ་སྒང་གི་རི་ཆུ་གཏེར་གསུམ་གྱི་བདེན་དཔང་ཡོད། ང་ཚོ་ལ་རང་ཉིད་ཀྱི་འཚོ་རྟེན་སྒོ་ཕྱུགས་དང་སྒོ་ཁྱི་སོགས་ཀྱི་བདེན་པ་ཡོད། ང་ཚོ་ལ་གངས་ཀྱི་རྒྱལ་པོ་རི་བོ་ཇོ་མོ་གླིང་མ་དང་ཨ་མྱེས་རྨ་ཆེན། གཉན་ཆེན་ཐང་ལྷ། ཁ་བ་དཀར་པོ། ཤར་དུང་རི་སོགས་ཀྱིས་མཚོན་པའི་གངས་རི་དང་། མཚོ་སྔོན་པོ་དང་མ་ཕམ་གཡུ་མཚོ། སྟོད་ཀྱི་ཁ་འབབ་ཆུ་བཞི་དང་སྨད་ཀྱི་རྨ་འབྲི་རྫ་གསུམ་གྱིས་མཚོན་པའི་མཚོ་དང་ཆུ་བོ་སོགས་ཀྱི་བདེན་དཔང་ཡོད། འདི་དག་ནི་ལོ་རྒྱུས་ཁོ་ན་ཙམ་མ་ཡིན་པར་གངས་ཅན་པ་ཡོངས་འཚོ་སྡོད་བྱ་ཡུལ་ཡིན་པ་ད་ལྟ་མིག་མཐོང་ལག་ཟིན་གྱིས་གྲུབ་ཡོད་པའི་བདེན་དཔང་རེད། དེའི་ཕྱིར་ང་ཚོ་སུ་ཞིག་ལའང་སྐྲག་དགོས་དོན་མེད་ལ། སུ་ཞིག་ལ་མགོ་སྒུར་དགོས་དོན་དེ་བས་ཀྱང་མེད།

ད་ལྟ་ང་ཚོ་གཞན་ཡུལ་ལུང་པར་ཡོད་པ་རེད། ང་ཚོའི་གཞོན་སྐྱེས་ཚོ་དང་ལྷག་པར་ཕྱི་ཡུལ་ནས་འཚར་ལོངས་བྱུང་བཞིན་པའི་བྱིས་པ་རྣམས་ཀྱིས་བོད་རང་ཉིད་ཀྱི་སྐད་ཀྱང་ཡག་པོ་བཤད་ཤེས་ཀྱི་མེད་པའི་གནས་བབ་འདི་འདྲ་ཞིག་གི་འོག་ཏུ་བསྡད་ཡོད་པ་རེད། བོད་ནང་ལ་མཚོན་ན་ཉིན་རེ་ནས་ཉིན་རེ་དཔའ་བོ་དཔའ་མོ་དག་གིས་གངས་ཅན་པའི་སྤྱི་དོན་ཆེད་སྐུ་སྲོག་ཕངས་མེད་མེ་མཆོད་དུ་ཕུལ་བཞིན་པ་འདིས་ཅི་ཞིག་མཚོན་གྱི་ཡོད་ཟེར་ན། ད་སྐབས་ཀྱི་བོད་ནང་གི་གནས་བབ་ངོ་མ་དེ་དམར་པོ་མེའི་ནང་དུ་ཡོད་པ་དང་གཅིག་མཚུངས་ཡིན་པ་མཚོན་གྱི་ཡོད་པ་རེད། འདིས་ཕྱི་སྡོད་བོད་མི་ཚོ་མེ་ལྕེ་ལྟར་འཐབ་རྩོད་ལ་ལོངས་ཤོག་ཟེར་བ་མཚོན་གྱི་ཡོད་པ་མ་ཡིན་ནམ། དེང་སྐབས་བོད་ནང་ནས་བྱིས་པ་ལོ་བཅུ་དྲུག་ནས་རྒན་པ་ལོ་བཞི་བཅུ། ད་དུང་དམར་རྗེན་དུ་ལྷག་ཡོད་པའི་བྱིས་པ་ཆུང་ཆུང་གི་ཨ་མ་ཚུན་ཆད་ཀྱིས་རང་ལུས་མེ་མཆོད་ལ་འབུལ་བཞིན་ཡོད་པ་རེད་ལ། ལྷག་པར་སྐུ་ལུས་མེ་བསྲེགས་ལ་བཏང་ནས་མེ་འབར་བའི་སྐབས་སུ་ཡང་རྒྱ་དམག་གིས་གཅར་རྡུང་གཏོང་གི་ཡོད་པ་རེད། བྱེད་སྟངས་འདིས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། རྒྱ་གཞུང་གིས་ང་ཚོར་འགྲོ་བ་མི་ཞིག་གི་རིན་ཐང་ཙམ་ཡང་སྤྲོད་ཀྱི་མེད་པ་གསལ་བོར་བསྟན་པ་རེད། དེ་མིན་བྱེད་སྟངས་འདིས་བོད་དང་རྒྱ་མི་རིགས་ནམ་ཡང་ཐ་དད་ཡིན་པའང་གསལ་བོར་མཚོན་གྱི་ཡོད་པ་རེད།

དེའི་ཕྱིར་ང་ཚོས་རང་བཙན་རྩོད་དགོས་པ་རེད། ང་ཚོ་ལ་འདམ་ཀ་འདི་ལས་ཅི་ཡང་ལྷག་ཡོད་པ་མ་རེད། མི་རེ་ཟུང་གིས་རང་བཙན་ནི་ཐོབ་མི་སྲིད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ནའང་འཐབ་རྩོད་མ་བྱས་ན་ང་ཚོ་ལ་གང་ཡང་ཐོབ་རྒྱུ་མེད་པ་གསལ་བོ་རེད། རང་བཙན་ཐོབ་མི་ཐོབ་གཙོ་བོ་ནི་བོད་མི་རིགས་ཀྱི་ཆིག་སྒྲིལ་གྱི་སྙིང་སྟོབས་དང་འཐབ་རྩོད་རྒྱུན་འཁྱོངས་ཀྱི་དཔའ་ངར་ལ་ཐུག་ཡོད། སྔོན་ཆད་གན་ངྷིས་རང་སྐྱོང་རྩོད་སྐབས་སྦ་སྒར་སེང་གིས་རང་བཙན་བརྩད་པ་རེད། སྐབས་དེར་རང་བཙན་ཐོབ་ཀྱི་མ་རེད་ཟེར་མཁན་མང་པོ་བྱུང་ཡོད་ཀྱང་། སྦ་སྒར་སེང་གི་རང་བཙན་ཆེད་སྐུ་སྲོག་བཏང་ནས་རྒྱ་གར་རྒྱལ་ཡོངས་སུ་རྔམ་སྟོན་ཁྲོམ་སྐོར་གྱི་རྣམ་པ་ཤུགས་ཆེན་བསྟན་པས་རྒྱ་གར་གྱིས་རང་བཙན་རྩོད་མགོ་བརྩམས་པ་རེད། ལོ་རབས་བཞི་བཅུའི་ནང་དུ་རྒྱ་གར་ལ་རང་བཙན་ཐོབ་སོང་བ་རེད། འདི་དག་ནི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དངོས་བྱུང་ལོ་རྒྱུས་རེད། སྐབས་དེའི་དབྱིན་ཇི་གཞུང་གི་སྟོབས་ཤུགས་ཀྱང་དེང་གི་རྒྱ་དམར་གཞུང་གི་སྟོབས་ཤུགས་ལས་མི་དམན་པ་ཡོད། ཡིན་ནའང་རྒྱ་གར་མི་དམངས་ཡོངས་ཀྱི་རྡོག་རྩ་ཆིག་སྒྲིལ་གྱི་སྟོབས་ཤུགས་དང་དཔའ་རྒོད་དག་གི་སྙིང་སྟོབས་ལས་དབྱིན་གཞུང་མཐར་བསྐྲད་བཏང་པ་རེད། དེ་བཞིན་ང་ཚོས་ཀྱང་ཆིག་སྒྲིལ་གྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ན་རང་བཙན་ནི་བརྩོན་ལེན་བྱེད་མི་ཐུབ་པ་ཞིག་གཏན་ནས་མིན།

 དེང་སྐབས་རྒྱ་དམར་གཞུང་ལ་ནང་ཁུལ་གྱི་དཀའ་ངལ་མང་པོ་ལྷག་བསྡད་ཡོད། དཔེར་ན་རྩ་རླུང་སྒོམ་སྒྲུབ་ཚོགས་པ།  དམངས་གཙོ་ཚོགས་པ། པེ་ཅིན་ནས་དམར་གསོད་བཏང་པའི་སློབ་མའི་ཕ་མའི་ཚོགས་པ་སོགས་ཡོད། ད་དུང་ལས་གནས་ཤོར་བའི་ངོ་རྒོལ་གྱི་རྣམ་པ་ཉིན་རེ་བཞིན་ཡོང་བཞིན་ཡོད། དེ་བཞིན་ཞིན་ཅང་།  ནང་སོག  བོད་པ་སོགས་མང་པོ་ཡོད་པ་རེད། འདི་དག་ཚང་མ་ང་ཚོའི་སྟོབས་ཤུགས་རེད་ལ་ནུས་པ་ཡང་རེད། དེ་བས་རྒྱ་དམར་གཞུང་ལ་སྐྲག་དགོས་དོན་གང་ཡང་ཡོད་པ་མ་རེད། རྒྱ་དམར་གཞུང་ནི་སྟག་ལྤགས་གྱོན་པའི་སྤྱང་ཀི་ཞིག་རེད།  ཁོག་པ་སྟོང་པ་རེད།

དེའི་ཕྱིར་ད་བར་བོད་ནང་ནས་ང་ཚོས་ཤེས་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༢༦ གི་ལུས་སྲོག་མེ་ལ་སྒྲོན་བཞིན་པའི་མེ་ལྕེ་འདི་དང་མཉམ་དུ་བོད་མི་ཚང་མ་ཡར་ལོངས་ཤོག རང་ཉིད་ཀྱི་རྒྱལ་ཁབ་ཀྱི་བདག་དབང་ཆེད།  རང་དབང་དང་བདེ་སྐྱིད་ཆེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་ཆེད། མ་འོངས་པའི་བོད་ཀྱི་མི་རབས་རྗེས་མ་དག་གི་འཚོ་གནས་ཆེད་དུ་ལོངས་ཤོག བོད་པ་ཚང་མའི་མེས་པོ་གཅིག་རེད། ལོ་རྒྱུས་གཅིག་རེད།  ཤ་ཁྲག་གཅིག་རེད། སྐད་དང་ཡི་གེ་གཅིག་རེད།  གདོང་དམར་བོད་མི་ཚང་མ་ཆིག་སྒྲིལ་ངང་ལོངས་ཤོག།

བོད་རྒྱལ་ལོ། རང་བཙན་རྒྱལ་ལོ།

༢༠༡༢། ༠༣། ༩ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཟས་བཅད་ངོ་རྒོལ་ཐོག་ཤར་མར་བྲིས།

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 8

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    གཞན་དག་ལ་གཏམ་གླེང་བའི་བར་རང་ཉིད་ཀྱི་བཤད་འདོད་པ་ཡང་བརྗེད་སོང་འདུག དེའི་ཉིན་གྱི་བསམ་འཆར་གཅིག་ནི་འདི་ཕྱོགས་སུ་བྷེལ་ཀོབ་གཞིས་ཆགས་གསར་བའི་གཞིས་མགོ་མཆོག་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ལ་ཕེབས་མེད་པ་དང་། གོ་ཐོས་ཁོང་གིས་ཚོགས་འདུའི་ཐོག་ལ་ཡོངས་བསྒྲགས་སུ་དེ་ཉིན་རང་གི་སྤུན་མཆེད་ཅིག་སྐྱེལ་དུ་འགྲོ་དགོས་པས་བཅར་མི་ཐུབ་ཚུལ་གསུང་བ་རེད་ཟེར་། དེ་བཞིན་བྷེལ་ཀོབ་གཞིས་ཆགས་རྙིང་པའི་གཞིས་མགོ་ཡང་མཛད་སྒོ་ལ་ཕེབས་མེད། ཁོང་ནི་དེ་སྔོན་ནས་གུང་སེང་ལ་ཕེབས་པ་ནས་ཚུར་ལོག་ཕེབས་མེད་པ་རེད་ཟེར་། འོན་ཀྱང་ས་གནས་གསར་འགོད་པ་ཚོས་འདིའི་རིགས་ཐེར་འདོན་བྱེད་པར་རང་གི་ལས་འགན་ཇི་བཞིན་སྒྲུབ་ཐུབ་ཀྱི་མེད་པ་འདྲ།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དྲ་གྲོགས་ཁུག་རྟ་ལགས།
    ངས་ཁྱེད་དང་ཁྱེད་ཅག་གིས་གསུང་བ་ལ་ཁུངས་ལུང་བཅོལ་ས་མི་འདུག་ཡེ་ནས་མི་ཞུ། འོན་ཀྱང་ཁྱེད་ཅག་ལ་ནམ་ཡིན་རང་གཞན་ཞིག་གིས་གསུང་བ་དང་གཞན་ཞིག་གིས་ལམ་བསྟན་བཞག་པ་དེ་ལ་འགྲོ་རྒྱུ་ལས་རང་ཉིད་ལ་སྒེར་གྱི་འཆར་སྒོ་ཞིག་མེད་པ་ཨེ་ཡིན་ནའ་། ཞེས་འབྲི་རྒྱུ་ཡིན། དེ་ལ་ཁྱེད་ཀྱིས་གང་བཤད་པ་དེ་རང་ཉིད་ཀྱི་འཆར་སྒོ་ཡིན། ཡང་ན་གཞན་གྱི་འཆར་སྒོ་དང་ཉིད་ཀྱི་འཆར་སྒོ་གཅིག་པ་ཡིན། ཞེས་ལན་སླ་མོ་ཞིག་འདེབས་སྲིད།
    འོན་ཀྱང་ཁོ་བོས་ཁྱེད་ཅག་ལ་དོགས་འདྲི་འགའ་ཞིག་ཞུ་རྒྱུར་།
    གཅིག “བོད”་ལ་རང་བཙན་དགོས་ཟེར་གྱི་ཡོད་པ་ལས་དགའ་ལྡན་ཕོ་བྲང་ཁྱབ་ཁུངས་ལ་རང་བཙན་དགོས་ཞེས་ང་ཚོ་སུས་ཀྱང་བཤད་མྱོང་མེད་ལ་དྲན་ཀྱང་མྱོང་མེད། དེས་ན་”བོད་རང་བཙན་”བརྩད་ན་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་གཅིག་བུར་རང་བཙན་རྩོད་པར་འགྱུར་དགོས་དོན་གང་ཡིན་ལགས།
    གཉིས། རང་བཙན་བརྩད་ན་ངེས་པར་དུ་ལོ་རྒྱུས་དང་འབྲེལ་དགོས་པའི་གཏན་ཁྲིམས་སུས་བཞག་པ་རེད་ལགས། ལྷན་དུ་འདུག་པར་གཟོད་རླག་མེད་སྟབས་ལོགས་སུ་འབུད་ཀྱི་ཡོད་པ་ལས་སྔར་འབུད་མྱོང་མ་མྱོང་ལ་ཞིབ་བཤེར་བྱས་པའི་རྙེད་དོན་ལ་གཞི་བཅོལ་ནས་རང་བཙན་བྱུང་བའི་རྒྱལ་ཁབ་ཅིག་ང་ལ་འཇོག་རྒྱུ་མེད། ད་བར་གྱི་རང་བཙན་གྱི་རང་བཙན་རག་པའི་རྒྱལ་ཁབ་མང་པོ་ཞིག་སྔར་གྱི་ལོ་རྒྱུས་ལ་གཞི་བཅོལ་བ་མ་ཡིན་པར་དུས་སྐབས་ཀྱི་དགོས་མཁོ་ལ་གཞི་བཅོལ་ནས་རང་བཙན་དུ་གྱུར་བ་ཡིན།
    གསུམ། ད་བར་དུ་གཡོ་རྒྱུ་ཁོ་ནའི་སྒོ་ནས་ཐེངས་བཅུ་གྲངས་ཞིག་ལ་དོན་དམ་པའི་རང་སྐྱོང་ཞིག་གི་ཆེད་དུ་གྲོས་མོལ་གྱི་ཚོགས་འདུ་འཚོགས་པ་རེད། དེའི་སྐབས་སུ་འུ་ཅག་གི་ཆེའི་མཐོའི་སྐུ་ཚབ་རྣམ་པས་འབྲེལ་བ་བྱེད་ས་གཙོ་བོ་ཀྲུའུ་ཝེ་ཆོན་གྱི་ངག་ནས་ཉེ་ཆར་གང་ཐོན་པ་དེ་ལ་གཞིགས་ན་གྲོས་མོལ་བཅུ་མི་དགོས་བརྒྱ་འཚོགས་རུང་དོན་དམ་པའི་གྲོས་མོལ་ཞིག་ཏུ་ཡོང་ས་འདུག་གམ། ཁྱེད་དབུ་མའི་ལམ་པ་བ་ཞིག་ཡིན་པའི་ཆ་ནས་འདི་ལ་འགལ་དང་སྐྱོན་ཆ་འདྲ་མི་གཟིགས་སམ།
    བཞི། བོད་ཅེས་པ་འདི་འུ་ཅག་གི་ཚིག་ཡིན་པས་འདིའི་ནང་དོན་གང་ཡིན་ཐག་གཅོད་བྱེད་པའི་དབང་ཚད་ཆ་ཚང་འུ་ཅག་ཉིད་ལ་ཡོད་པ་ལས་ཕ་རོལ་བོ་ག་གེ་མོ་ཞིག་གིས་གོ་བ་དེ་འདྲ་བླངས་འདུག་པས་ང་ཚོས་ཀྱང་དེ་ལྟར་དུ་གོ་དགོས་ས་རེད་གསུང་བ་འདི་བོད་མི་ཤེས་ཡོན་པ་ཞིག་གསུང་སྟངས་ཡིན་ནམ། དོན་དུ་ཁྱེད་རང་ཉིད་ཀྱི་ཐུགས་རྣལ་དུ་ཕབས་ནས་སོམས་དང་བོད་ཅེས་པ་འདིའི་ཚིག་དོན་ལ་འབྲུ་ཆུའི་ཕར་ཚར་རམ་ཡང་ན་”བོད་རང་སྐྱོང་ལྗོངས”་ཀྱི་ཕྱི་ནང་གི་ཁྱད་པར་ཞིག་ཡེ་ནས་མེད་པ་ཁྱེད་རང་ཉིད་ཀྱིས་མཁྱེན་གྱི་ཡོད་པར་བདག་ཡིད་ཆེས་ཡོད། དེས་འདི་ཙམ་ཞིག་ལ་ཡང་རང་ཚུགས་མི་འཛིན་པའི་དོན་གང་ཡིན་ལགས།
    ལྔ། རྩ་ཆེ་ཚད་དང་། བཀའ་གཉན་ཚད། ཡང་དག་ཚད་ལག་ལེན་དུ་ཡོང་ཐུབ་པ་ཞིག་ཡིན་ནམ།

    Reply
  3. ནོར། says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟས་གསུམ་བཅུའི་དུས་དྲན་ ༥༣ སྟེང་རང་ལུས་མེར་བསྲེགས་གཏོང་གི་ཡིན་ཞེས། རྡོ་རྗེ་གདན་ནས་བསྒྲགས་ཟིན་པ་མིན་ནམ། ད་དུང་། དེ་སྔོན་བགྲོ་གླེང་ཞིག་གི་སྐབས་ཁོ་རང་བཙན་ལྟ་བ་ཡིན་ཚུལ་ཀྱང་འུད་སྒྲོག་བྱས་པ་མིན་ནམ། ཁྱོ་མེད་མདོ་མེད་ཉོག་གཏམ་རྐྱང་བཤད་ནས། རང་ཉིད་རང་ལ་ཡིད་མི་ཆད་དམ། དེང་སང་དུས་བབ་ཤར་ཁུག་གི་ཉོག་གཡོ་སར་གྱུར་འདུག

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    ༡༩༡༤ ནས་བོད་ཤར་ཕྱོགས་རྒྱ་འོག་ཏུ་ཤོར་ཟིན་པའི་ལོ་རྒྱུས་བདེན་དཔང་གང་རེད་དམ། ཤོག་བུ་དཀར་པོའི་སྟེང་ཡི་གེ་ནག་པོ་ཕབ་སྟེ་ངོས་ལེན་དཔང་ཡིག་བྲིས་ཡོད་པ་རེད་དམ། བཙན་འཛུལ་བྱས་པ་དང་རྒྱ་ཁོངས་ཡིན་པ་གཉིས་ཁ་ཁ་མ་རེད། ལོ་རྒྱུས་ཀྱི་བདེན་པ་དང་བདག་དབང་དེ་ལྟར་རྩོད་དགོས་པ་ཞིག་ཡིན་ཚེ། འོ་ན། ང་ཚོས་ད་ལྟ་རྩོད་རྒྱུ་ན་གཅིག་ཀྱང་ལྷག་མེད་པ་མ་རེད་དམ། གྲོས་མཐུན་དོན་ཚན་བཅུ་བདུན་ཤོག་ཐོག་ལ་བཞག་ཟིན་པ་མ་རེད། ད་དུང་རྒྱ་གཞུང་གི་མི་དམངས་འཐུས་མིའི་ཚོགས་ནང་དུའང་ང་ཚོས་མགོ་བོ་བཏང་ཟིན་པ་མ་ཡིན་ནམ།

    ཐོབ་མི་ཐོབ་དང་རྩོད་མི་རྩོད་ནི་དོན་གཞན་ཞིག་རེད། ཡིན་ནའང་། རང་བཙན་འཐབ་རྩོད་ཀྱི་ཐོབ་ཐང་ཡོད་མེད་སྨྲ་བ་ནི་ཅི་ཡང་མ་ཤེས་པའི་བླུན་གཏམ་ཉག་གཅིག་རེད། མཉམ་འདུག་མིན་དང་ཁ་བྲལ་མིན་དེ་སྤྱི་མཐུན་གྱི་ཁེ་ཕན་དང་འདོད་མོས་ཡོད་མེད་ཀྱིས་ཐག་གཅོད་དགོས་པ་ཞིག་རེད། སྤྱི་མཐུན་གྱི་ཁེ་ཕན་དང་འདོད་མོས་མེད་ཚེ་རྒྱ་རིགས་ནང་ཁུལ་དུའང་ཁ་བྲལ་དང་རང་བཙན་བྱས་ཆོག་གི་རེད།

    Reply
  5. མི་ཆུང་། says:
    ལོ་ 13 སྔོན།

    ལོ་རྒྱུས་ཐུང་ཙམ་བདེན་པར་སྨྲས་ན། སྤྱི་ལོ་༡༩༡༤ ནས་བོད་ཤར་ཕྱོགས་རྒྱ་ཕྱོགས་ལ་ཤོར་བ་རེད། དེ་ནས་༡༩༥༡ བར་དེང་གི་རང་སྐྱོང་ལྗོངས་ཟེར་བ་ཙམ་རང་བཙན་ཡིན། ༡༩༥༡ ནས་དེ་ཡང་ཤོར་བ་རེད། འདི་ཚོ་ནི་ཉི་ཤར་སྦར་མོས་མི་འགེབས་པའི་ལོ་རྒྱུས་རེད།

    Reply
  6. རིན་ཆེན་གྲགས་པ། says:
    ལོ་ 13 སྔོན།

    སྐུ་ཞབས་འོད་ད་ཀར་ལགས་ནས་རྩོམ་ཡིག་གི་བརྗོད་བྱ་ཕུན་སུམ་ཚོགས་པ་ཞིག་བྲིས་འདུག་བཀླགས་ཚར་ལ་ཡིད་འགུལ་ཟབ་མོ་ཞིག་ཐེབས་སོང་།མུ་མཐུད་དུ།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ད་ཐེངས་འོད་དཀར་ལགས་ཀྱིས་རང་བཙན་རྩོད་དགོས་པའི་རྒྱུ་མཚན་ཀྱང་མཐོང་སོང་། གཅིག་བྱས་ན་ཤར་མར་བྲིས་དབང་གིས་མ་གཏོགས་འདི་ལས་རྒྱུ་མཚན་མང་སྲིད་པ་རེད།
    ཡིན་ནའང་། འོད་དཀར་གྱིས་འདི་ལྟར་སྨྲ་སྟེ། ༼ ད་སྐབས་ཁ་ཤས་ཤིག་དམར་པོ་གཞུང་གི་རྗེས་སུ་འབྲངས་ནས་ལྔ་བཅུ་ལྔ་བརྒྱད་ལོའི་ཡར་སྔོན་བོད་པ་ཚང་མ་དགའ་ལྡན་ཕོ་བྲང་འོག་མེད་ཚུལ་ཟེར་བ་སོགས་ཀྱི་འཆལ་གཏམ་སྨྲ་བཞིན་པ་ནི་ཁུངས་མེད་ལུགས་མེད་ཀྱི་གཏམ་འབའ་ཞིག་ཡིན། སྐད་ཆ་དེའི་རིགས་བཤད་མཁན་དག་ནི་ལོ་རྒྱུས་ཀྱི་ནག་ཉེས་ཅན་དང་། ང་ཚོ་མགོ་ནག་བོད་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལ་བསམ་བཞིན་གཏོར་བཤིག་གཏོང་མཁན་ཡིན་པས། བོད་མི་སུ་ཡིན་ཡང་འདི་དག་གི་གཡོ་འོག་ཏུ་ནམ་ཡང་མི་ཚུད་རྒྱུ་གལ་ཆེ།༽ཟེར།
    དེ་ལ་བོད་གཞུང་བཀའ་ཤག་གིས་” ཁྱད་པར་བོད་རིགས་མི་འབོར་ས་ཡ་དྲུག་ཙམ་ལས་མེད་པ་དེ་ཡང་མདོ་སྟོད་སྨད་ཀྱི་ས་ཁྱོན་མང་པོ་མཐའ་ནས་རིམ་ཟོས་ཀྱིས་དགའ་ལྡན་བོ་བྲང་གི་མངའ་འོག་ནས་ཟུར་དུ་གྱེས་ཏེ་ཕྱི་ལོ ༡༩༥༡ ལོར་བོད་རང་བཙན་ཤོར་སྐབས་བོད་ཀྱི་ས་ཁྱོན་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལས་མེད་པར་གྱུར་ཟིན་པས། ལོ་རྒྱུས་དང་སྦྲེལ་ཏེ་རང་བཙན་བསྐྱར་གསོ་བྱུང་ཡང་བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་དེའི་ཕྱི་རོལ་ཏུ་ཡོད་སྟབས་བོད་སའི་ཆ་ཤས་ཤིག་རྒྱ་ནས་ནས་ཁ་བྲལ་བ་ལས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་རང་སྐྱོང་མིང་དོན་མཚུངས་བ་ཞིག་བྱུང་ན་འཕྲལ་ཕུགས་དགེ་མཚན་ཆེ་བའི་རྒྱུར་མངོན་”ཞེས་གསུངས་ཡོད།
    དེ་བཞིན་༧གོང་ས་མཆོག་གིས་ཀྱང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་མཇུག་སྡོམ་མཛད་སྒོའི་སེ་ར་བླ་སྤྱིའི་འདུ་ཁང་དུ་ཚོགས་བཅར་བ་རྣམས་ལ་མཇལ་འཕྲད་བཀའ་སློབ་གནང་སྐབས་གོང་གི་གནད་དོན་འདིར་རྟིང་གནོན་གནང་ནས་ལོ་རྒྱུས་ཐོག་ཅི་ཙམ་ཁུངས་འཁྱོལ་གྱི་ཡོད་མེད་གསལ་སྟོན་གནང་ཡོད། སྐབས་དེར་གཞོན་ནུའི་ཚོགས་གཙོ་ཚོགས་གཞོན་གཉིས་ཀ་ང་དང་མཉམ་ཏུ་གདན་གཅིག་ལ་བསྡད་ཡོད།
    དེ་བཞིན་སྔ་མོར་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་ཞུ་ཕུལ་བའི་ནང་དུའང་བོད་ཅེས་པ་གང་དུ་ངོས་བཟུང་ཡོད་མེད་གསལ་བོ་རེད། ཕྱིས་སུ་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་རྒྱལ་སྤྱིའི་ཐོག་བོད་ཀྱི་སྐོར་ཅི་ལྟར་ངོས་འཛིན་གནང་ཡོད་མེད་ཀྱང་གསལ་བོ་རེད་འདུག་པས། ཡི་གེའི་ནང་དུ་ཐེབས་ཚར་བའི་རིགས་ཤིག་ལ་བཅོས་རྒྱུ་དཀའ་ཚོད་དུ་གདའ་བ། ལོ ༥༠ ཉམས་མྱོང་གིས་མིན་ན། བཀའ་འདི་འདྲ་གནང་དགོས་དོན་གང་དུ་ཡོད་དམ། དེ་ལ་ད་དུང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ནེའུ་ཡོག་ཏུ་བཀའ་སློབ་གནང་བའི་ཁུངས་ལུང་རྒྱུ་མཚན་དང་བཅས་ཏེ་གསལ་བོ་བཟོས་འདུག་པ། ཕྱིས་སུ་མི་མང་གིས་གསལ་བོ་མཐོང་བ་དེ་བཞིན་ལེགས་པས།
    ཨ་ལགས་འོད་དཀར་གྱིས་སྤྱིར་ཐོབ་ཐང་རྩོད་པ་དང་། གཞན་ཁོང་གིས་༼ ལྔ་བརྒྱད་ལོའི་ཡར་སྔོན་བོད་པ་ཚང་མ་དགའ་ལྡན་ཕོ་བྲང་འོག་མེད་ཚུལ་ཟེར་བ་སོགས་ཀྱི་འཆལ་གཏམ་སྨྲ་བཞིན་པ་ནི་ཁུངས་མེད་ལུགས་མེད་ཀྱི་གཏམ་འབའ་ཞིག་ཡིན། སྐད་ཆ་དེའི་རིགས་བཤད་མཁན་དག་ནི་ལོ་རྒྱུས་ཀྱི་ནག་ཉེས་ཅན་་༽་ཡིན་ཟེར་བ་གཉིས་ཀ་རྦད་དེ་འབྲེལ་བ་ཅུང་ཙམ་ཡང་མི་འདུག་ལ། དེ་ནི་དངོས་གནས་ཞུས་ན་སློབ་སྦྱོང་མ་བྱས་པའི་རྟགས་ངོ་མ་དེ་རེད་འདུག་པས། ཟས་བཅད་ངོ་རྒོལ་གནང་ཞོར་དེ་དག་ལ་གཟིགས་ཐུབ་ན་དཔེ་ཡག་པོ་ཡོང་གི་རེད་ལ། ཤེས་ཡོན་གྱི་ཆ་ནས་རང་ཚུགས་རྙེད་པ་ཡིན་ན་ད་མིས་གླེགས་ཁེལ་གྱི་མ་རེད།
    དེ་བས་དངོས་གནས་འོད་དཀར་ལགས་ཀྱིས་གསུངས་བ་ལྟར། ང་ཚོས་དངོས་གནས་ཆིག་སྒྲིལ་བྱོས་ན་ཡག་ཤོས་རེད། ཆིག་སྒྲིལ་དེའང་བོད་གཞུང་མང་ཡོངས་ཀྱི་རྣམ་དཔྱོད་ཀྱི་བརྡར་ཞིང་། ད་ལྟའི་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ནང་ཉམས་ཞུགས་ཐུབ་པའི་ལམ་དབུ་མའི་སྟེང་བྱེད་ཐུབ་ན་འཕྲལ་ཕུགས་གང་དུའང་དེ་ལས་བོད་སྐྱོབ་མཛད་སྲིད་བྱུས་མེད་པ་གསལ་བོ་རེད། དཔེར་ན། ཉེ་ཆར། ཀྲུའུ་ཝེ་ཆོན་གྱི་མཚན་ཐོག ལམ་དབུ་མའི་ཟིལ་ཤུགས་དང་རྣམ་དཔྱོད་ལ་རྒྱ་ནག་གིས་ཚད་ལྡན་གྱི་ལན་གང་ཡང་མ་རྙེད་པར། ཀྲུང་ཧྭ་མི་རིགས་གཅིག་འགྱུར་ཟེར་བ་ལྟ་བུའི་ཤེས་བྱར་མི་སྲིད་པའི་ལབ་བརྡོལ་འབྱིན་པ་དག་ཀྱང་། མཐར་གཏུག་ན་ལམ་དབུ་མ་ནང་དོན་ལྡན་པ་དང་རྣམ་དཔྱོད་ལྡན་པ་བཅས་ཡིན་པའི་རྟགས་མཚན་གསལ་ཤོས་ཡིན་པས། ང་ཚོས་དངོས་གནས་ཆིག་སྒྲིལ་གནང་དགོས་པ་དེ་གལ་ཆེན་རེད། དེའང་ཁུངས་ལུང་རྒྱུ་མཚན་གནས་ལུགས་རྣམ་དཔྱོད་བཅས་ལ་གཞི་བཅོལ་ནས་ལམ་དབུ་མར་ཆིག་སྒྲིལ་གནང་ཐུབ་ན། ལམ་དབུ་མར་ཆིག་སྒྲིལ་གནང་ནས་དེ་ལྟར་ཟས་བཅད་ངོ་རྒོལ་གནང་བ་ཡིན་ན། ད་གཟོད་དངོས་གནས་རླབས་ཆེན་རེད། དངོས་གནས་ཆིག་སྒྲིལ་གནང་རོགས།

    Reply
  8. སྟག་ཕྲུག says:
    ལོ་ 13 སྔོན།

    བཀླགས་ཟིན། རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese