མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་གོམ་བགྲོད་མགོ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ། རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་སྐྱོད་ཞི་བའི་གོམ་བགྲོད་དེ། ངྷ་ས་གཙུག་ལག་ཁང་དུ་མང་ཚོགས་ཀྱིས་མིག་ཆུའི་ཕེབས་སྐྱེལ་ཁྲོད་མགོ་འཛུགས་གནང་སོང་།

དེ་རིང་ཕྱི་ཟླ་༣ཚེས་༡༠ཉིན་ནི་བོད་ས་ཤོར་ཏེ་ཁྱོན་མི་ལོ་ ༥༣ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པ་དང་། ཉིན་མོ་འདིར་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་དུས་གསུམ་བཅུའི་དྲན་སྲུང་གཙི་བྱེད་བཞིན་ཡོད་པ་ལྟར། ད་ནངས་ངྷ་ས་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དུས་དྲན་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡི་སྣེ་ཁྲིད་འོག ངྷ་སའི་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཁྲོད་འདས་གྲོངས་སུ་ཕྱིན་པའི་བོད་མི་ཚོའི་པུར་སྒམ་འཁུར་ཏེ་འབོད་ཚིག་སྣ་ཚོགས་སྒྲོག་བཞིན། ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ངྷ་ཤོད་ཀཱ་ཅཱ་རིའི་ས་གནས་ཁྲིམས་ཁང་བར་ཞི་བའི་གོམ་བགྲོད་གནང་སོང་།

གོམ་བགྲོད་མགོ་འཛུགས་མ་གནང་གོང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་ཀྱིས། མང་ཚོགས་ལ་ད་ལོའི་གསུམ་བཅུའི་དུས་དྲན་སྐབས་བཞུགས་སྒར་ངྷ་ས་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་གནང་མཁན་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ནང་མི་ངོ་སྤྲོད་དང་། ཁོང་གི་ནང་མིས་འདི་ལྟ་བུའི་བློས་གཏོང་ལས་འགུལ་སྤེལ་དགོས་དོན་སྐོར་བརྗོད་སོང་།

དེའི་རྗེས་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དུས་ཡུན་སྐར་མ་བཞི་ཙམ་རིང་ཁོང་གི་ནང་མི་ཡོངས་ཀྱི་ཚབ་བྱས་ཏེ། ཞི་བའི་འཐབ་རྩོད་འདིའི་ནང་མཉམ་ཞུགས་གནང་དགོས་དོན་སྐོར་ངོ་སྤྲོད་གནང་སོང་ལ། བཙན་བྱོལ་གནས་སྡོད་བོད་མི་ཚོས་ཀྱང་རང་འགན་རང་འཁུར་གྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཅི་རིགས་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཡང་ཞུས་སོང་། གཏམ་བཤད་གྲུབ་རྗེས་ཨི་ཊི་ལིའི་གྲོས་ཚོགས་འཐུས་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ། བོད་མི་མང་སྤྱི་འཐུས།གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ངྷ་སའི་ཚོགས་པ་སྐྱིད་སྡུག་དང་མི་སྒེར་བ་བཅས་ཀྱིས། ཁོང་མ་བུ་གསུམ་གྱི་སྙིང་སྟོབས་ལ་ཡི་རངས་གནང་སྟེ། མཇལ་དར་གཡོགས་པ་དང་མིག་ཆུ་འདོན་པ། ཚོགས་རའི་ནང་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་པ་སོགས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་སོང་།

གསར་འགོད་པས་གསུམ་བཅུའི་དུས་དྲན་ལས་འགུལ་སྣེ་ཁྲིད་མཁན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ། ད་ལོའི་གསུམ་བཅུའི་དུས་དྲན་ཐོག་མང་ཚོགས་ཀྱི་ལས་འགུལ་སྤེལ་སྟངས་ཐོག་བཀའ་འདྲི་ཞུས་པར། “ ད་བར་བོད་ནང་བོད་ ༢༦ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། ཁོང་ཚོའི་གནས་སྟངས་རྒྱལ་སྤྱིའི་སྟེང་གསལ་པོ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལོའི་གསུམ་བཅུའི་དུས་དྲན་གྱི་མངོན་གསལ་དོད་ཤོས་དེ། ཚོགས་པ་ཁག་ལྔ་ཡི་ཐོག་ནས་བོད་ནང་མེར་བསྲེགས་གཏོང་མཁན་གྱི་བྱས་རྗེས་མཚོན་ཆེད། པུར་སྒམ་ ༢༦ བཟོས་ཏེ་འཁུར་ཏེ་འགྲོ་བཞིན་ཡོད་པ་རེད། དེ་རིང་སྒེར་གྱི་ཐོག་རྒྱ་གར་ནས་བོད་ལ་གོམ་བགྲོད་གནང་མཁན་རིགས་གཅིག་དང་། རྒྱ་གར་ནང་ཁུལ་ལ་གོམ་བགྲོད་གནང་མཁན་རིགས་གཅིག་ཡོད་པ་རེད། ཉེན་ཁ་ཚ་ཤོས་དེ་བོད་ནང་བོད་མི་ཚོས་མུ་མཐུད་མེར་བསྲེགས་གཏོང་བཞིན་དེ་རེད། ང་ཚོས་དེར་གཟབ་གཟབ་མ་བྱས་ན། བོད་ནང་ཙམ་མིན་པར་རྒྱ་གར་ནང་དུའང་འདིའི་རིགས་ཡོང་མི་སྲིད་པ་མ་རེད། ཚོགས་པ་ལྔའི་ཐོག་ནས་ཚོར་བ་རྣོན་པོའི་ཐོག་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་ན། གཅིག་བྱས་ན་འགན་མ་བཟོད་པའི་ཉེན་ཁ་ཆེན་པོ་འབྱུང་སྲིད་སྟབས། གང་ཐུབ་ཀྱིས་གཟབ་གཟབ་བྱེད་ཀྱི་ཡོད་ ” ཅེས་བརྗོད་བྱུང་།  

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་སྐྱོད་ཞི་བའི་གོམ་བགྲོད་ཐོག་གཟིགས་ཚུལ་ག་རེ་ཡོད་མེད་དྲིས་པར། “ དེ་རིང་ཁོང་ཚོས་མགོ་བགྲོད་མགོ་འཛུགས་གནང་ཡོད་པ་རེད། རྗེས་མ་ས་ཁུལ་གང་དུ་ཁོང་ཚོར་ལས་འགུལ་སྤེལ་ཕྱོགས་ཐོག་དཀའ་ངལ་འཕྲད་པ་ཡིན་ན། ཚོགས་པ་ལྔའི་ཐོག་གང་ཐུབ་ཀྱི་མཐུན་འགྱུར་གནང་འཆར་ཡོད། མ་གཞི་ལས་འགུལ་དེ་མི་སྒེར་གྱིས་ཐག་བཅད་པ་ཡིན་སྟབས། ཚོགས་པ་ཞིག་གིས་རྒྱབ་ལོགས་ནས་འདི་ལས་དགོས་པ་རེད་ཅེས་ལབ་ན་འགྲིག་གི་ཡོད་པ་མ་རེད། ཡིན་ནའང་། ཁོང་རྣམ་པ་བོད་མི་ཞིག་དང་ནང་མི་ཐུན་མོང་གིས་དང་བླངས་ཐོག་གོམ་བགྲོད་གནང་གི་ཡོད་དུས། ང་ཚོས་ལྟད་མོར་བལྟས་བསྡད་ན་འགྲིག་གི་ཡོད་པ་མ་རེད་ ” ཅེས་བརྗོད་བྱུང་།

ངྷ་སའི་གསུམ་བཅུའི་དུས་དྲན་འདི་ངྷ་ཤོད་ཀཱ་ཅཱ་རིའི་ཁྲིམས་ཁང་མདུན་ཐང་དུ་མཇུག་སྒྲིལ་ཡོད་ཅིང་། མཇུག་སྡོམ་མཛད་སྒོའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་རྒྱ་གར་དཔོན་རིགས་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད་ལ། སྐབས་དེར་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་པ་དར་རྒྱས་དང་། བཀྲ་ཤིས། གངས་རི་ཆོས་དགའ་བཅས་ཀྱིས་། ལྡི་ལི་ནས་ངྷ་ས་བར་གྱི་ལྕཊ་རྟ་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།  

 

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

མཆན། 28

  1. འཇིག་རྟེན་ says:
    ལོ་ 13 སྔོན།

    ཨ་ཧ་བོ་་་་་་་མ་བུ་གསུམ་་་་འདི་མ་གཏོགས་་་་་་ས་ཡ་དྲུག་་་་གཟུགས་མོ་བ་་་གཞིས་ཆགས་བ་་་་་ལྷུང་འཇགས་ཀྱི་འཚོ་བ་་་་དམར་པོའི་མེ་རི་་་་་ལན་ཚན་ཞིག་གི་ལྟད་མོ་་་ཁྲོམ་སྐོར་བ་་་་ལས་འགུལ་ཞིག་གིས་མཚོན་རྟགས་་་ད་ཚར་སོང་་་་སྐྱབས་མགོན་མཁྱེན

    Reply
  2. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ཨ་མ་རྒན་མོར་མ་ཎི་མཁོ། །
    སྲིང་མོ་ཆུང་ཆུང་སློབ་སྦྱོང་མཁོ། །
    ཁྱོད་རང་ཉིད་ལ་ཁྱིམ་ཚང་མཁོ། །
    རྩོམ་དེབ་དཔར་ན་བོད་དོན་རེད། །

    Reply
  3. ནད་པ says:
    ལོ་ 13 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    བོད་མིའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་༸ གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་གསུངས།།

    གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད།

    རྒྱ་ནག་གི་མེས་པོ་དམ་པ་གཙོ་འཛིན་མའོ་ཡིས་གསུངས།།

    Reply
  4. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 13 སྔོན།

    དཔའ་མཛངས་སྙིང་སྟོབས་ལྡན་པའི་གངས་ཅན་པའི་མ་བུགསུམ། ཁྱེད་ཅག་གི་བླ་ན་མེད་པའི་ལྷག་བསམ་དང་འགྱུར་བ་མེད་པའི་བློས་བཏང་གི་ཁྱོད་སེམས་ལམ གུས་པས་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་ཞུ།

    Reply
  5. ཤིང་ལོ། says:
    ལོ་ 13 སྔོན།

    མིག་མཆི་མས་འབོད་པ་བོད་ཀྱི་དཀའ་སྡུག།།
    སེམས་བསམ་པས་འབོད་པ་རང་དབང་བདེ་སྐྱིད།།
    ལུས་ལང་ཚོས་འབོད་པ་ལྷན་འཛོམས་དགོད་སྒྲ།།
    འཕྲུལ་དྲྭ་བའི་ངོས་ནས་འདི་ལྟ་བཞུར་ཐལ།།

    Reply
  6. འདྲེ་མེ་འབུད། says:
    ལོ་ 13 སྔོན།

    བོད་ནང་གི་མེ་མཆོད་ལས་འགུལ་དང་ཚེ་བརྟན་རྡོ་རྗེ་སོགས་ཀྱི་འཐབ་རྩོད་ལས་འགུལ་འདི་དག་གིས། རང་ཐག་རང་གཅོད་ཀྱི་ལངས་ཕྱོགས་གསར་བ་དབུ་བརྙེས་པ་མཚོན་ལ། དེ་བཞིན་སྤྱི་འགན་སྒེར་ངོས་ནས་སྒྲུབ་པའི་འགོ་ཚུགས་པའི་ཁ་ཕྱོགས་ཤིག་ཏུ་སྣང་ངོ་།།

    Reply
  7. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    བོད་གངས་ཅན་གྱི་མ་བུ་གསུམ། ཁྱོད་ཚོ་འདི་ལྟར་ཆས་སོང་། ལྷག་བསམ་དང་སྙིང་སྟོབས་རུམ་ལ་བཅུག་ཏེ། མི་རིགས་ཤིག་གི་ལས་དབང་གི་ཆེད་དུ་ཆས་སོང་། ང་ཚོ་ནམ་ཡང་ཁྱོད་མ་བུ་གསུམ་གྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ། ང་ཚོ་འདིར་རེ་སྒུག་བྱེད་བཞིན་པ་ནི་ཁྱེད་ཚོའི་ཉི་མ་རེ་རེའི་གནས་སྟངས་ཡིན་པས། བརྩོམ་པ་པོ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཟིན་ཐོ་རེ་སྤེལ་ཐུབ་པའི་རེ་བ་ཡོད།

    Reply
  8. འབྲོག་པ་རྣལ་མ། says:
    ལོ་ 13 སྔོན།

    མ་བུ་གསུམ་གྱི་བོད་གངས་ལྗོངས་ཀྱི་ཆོས་དང་རིགས་གཞུང་ཆེད་དུ་གོམ་བགྲོད་ཀྱི་དབུ་འཁྲིད་གནང་བ་རྗེས་སུ་ཡིད་རང་ལན་བརྒྱར་ཞུ། གྲུབ་འབྲས་ཡག་པོ་ཐོབ་པར་ཤོག།

    Reply
  9. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    བོད་ལ་བརྩེ་སེམས་ཆེ་བའི་མ་བུ་གསུམ།
    འཇིགས་མེད་གོ་ཆ་ལྡན་པའི་དཔའ་བོ་གསུམ།
    རང་ལས་གཞན་གཅེས་ལྟ་བའི་སེམས་དཔའ་གསུམ། 
    དོན་དུ་རྒྱལ་བའི་ཐུགས་དགོངས་སྒྲུབ་ལ་བསྟོད།།

    Reply
  10. རྨོག་རུ་བསྟན་པ། says:
    ལོ་ 13 སྔོན།

    ཁྱེད་ཅག་ལམ་དུ་ཆས་སྐབས་མི་མང་གིས་མིག་ཆུ་བཞུར་གྱིན་ཡོད། ཁྱེད་ཅག་ཕེབས་པ་གཟི་བརྗིད་དང་དཔའ་ངར་གྱིས་འཚོ་བཞིན་ཡོད། ཁྱེད་ཅག་ནི་ང་ཚོ་དང་ནམ་ཡང་འབྲལ་བ་མེད།
    ངས་ཀྱང་མིག་ཆུ་ཞིག་དང་ཁ་བཏགས་ཤིག་གིས་ཁྱེད་ཅག་སྐྱེལ་མ་ཞུས་ཡོད། དེ་ནི་སེམས་གཏིང་ནས་བཞུར་བའི་སྐྱོ་ངལ་གྱི་ཚོར་བ་ཡིན་ལ། འགྲེལ་བཤད་མ་ངེས་པའི་ཚོར་བ་ཞིག་གི་རླབས་རྒྱུན་ཡིན།
    མི་འགྱུར་གངས་ཕྲུག་ལགས། ང་ཚོ་ནམ་ཡང་ཁྱེད་ཅག་དང་ཁ་ཐག་ཉེ་ལ། ཁྱེད་ཅག་དང་མཉམ་དུ་ཡོད།
    བསྟན་འཛིན་ནོར་བཟང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཞེས་འུར་སྐད་བསྐྱོན་ནའང་། ཚོགས་པ་དང་མི་སྒེར་གྱི་འཚངས་ཁ་ཤིག་ཤིག་གིས་ཁ་བཏགས་དང་མིག་ཆུ་འབུལ་སྟངས་ནི་བསླད་མེད་པའི་མི་མང་གི་རེ་བ་དང་། ཡིད་ཆེས། དམ་ཚིག་ཡིན་པས་་་་་་ཨ་ཅེ་ལྡོམ་པོ་དང་། བརྩེ་བའི་ལྷ་མོ་སྐྱིད་་་་ཁྱེད་ཅག་ལ་དཀའ་ཁག་ཅི་ཙམ་ཡོད་པ་ནི་ང་ཚོ་ཐུན་མོང་གི་ཡིན་པས། སེམས་སྟོབས་དང་ལ་བརྒྱ་རྒྱུན་བསྲིངས་ཡོང་བའི་རེ་བ་བཅས་ཕུལ།

    Reply
  11. ངས་པོའི་ལྷ་སྲས། says:
    ལོ་ 13 སྔོན།

    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་སྐྱོད་ཞི་བའི་གོམ་བགྲོད་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    Reply
  12. སེང་གདོང་སྐྱབས ། says:
    ལོ་ 13 སྔོན།

    ཆེས་བཀུར་བར་འོས་བའི་བདག་གི་ཁྱིམ་རྒྱུད་དགའ་བོ།
    ཁོ་བོ་ཆུང་ཆུང་ད་ལྟ་ལྷོ་ཕྱོགས་ཀྱི་གྲོང་སྡེ་ཆུང་ངུ་ཞིག་ན་གནས་ཡོད་པས།
    བདག་གིས་ངེས་བར་དུ་འདི་ན་ཡིད་འགུལ་གྱིས་ངུ་བཞིན་པའི་རྒན་པོ་འདི་དག་གི་
    ཚབ་བྱས་ནས་ཁྱེད་ཅག་གི་ཆོད་སེམས་བརྟན་པའི་མི་རིགས་འཐབ་རྩོད་ལ་སྙིང་ཐག་པ་
    ནས་ཐུགས་རྗེ་ཞུ། འདི་ནི་རླུང་འཕྲིན་གྱི་འགྲམ་ན་མིག་ཆུ་ཤམ་ཤམ་དང་མཆོད་ཁང་གི་ནང་ན་སྨོན་ལམ་ཕུར་ཚུགས་སུ་འདེབ་པའི་ཞིང་གྲོང་འདིའི་མི་སེར་ཚང་མས་སེམས་བསམ་པའི་ཚབ་མཚོན་ཙམ་ཡིན་པས། ཁོ་བོས་དྲ་ལམ་འདི་ནས་རང་ཉིད་གཏོགས་པའི་འདི་གའི་མི་མང་ཚང་མས་ཚབ་བྱས་ནས་ཐུགས་རྗེའི་བླ་ལྷག་ཏུ་ཞུ་བ་དང་ཆབས་ཅིག་་་་་་ཨ་མ་སྡོམ་པོོ་སྐྱིད་དང་ཨ་ཇོ་ཚེ་བརྟན་རྡོ་རྗེ། ད་དུང་རང་ཉིད་ཀྱི་སློབ་གྲོགས་ལྷ་མོ་སྐྱིད་བཅས་ཀྱི་བྱ་བཞག་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཡང་ཡང་འདེབ། ཐུགས་རྗེ་ཆེ།

    Reply
  13. thapkegyatso says:
    ལོ་ 13 སྔོན།

    ཞི་བདེ་ཡི་དར་ཆ་བསྒྲེངས་ཤིང་།།
    སྙིང་སྟོབས་ཀྱི་གོ་ཆ་བགོས་ཤིང་།།
    ལྷག་བསམ་གྱི་སྐད་ཆ་སྨས་ཤིང་།།
    དྲང་བདེན་གྱི་ཡིག་ཆ་བཀྲམས་ཤིང་།།
    གངས་ཅན་གྱི་ལས་ལ་བརྩོན་པའི།།
    མ་བུ་གསུམ་རྣམ་པར་རྒྱལ་ཅིག

    Reply
  14. རིག་འཛིན། says:
    ལོ་ 13 སྔོན།

    ཁྱེད་མ་བུ་གསུམ་གྱིས་ཉེན་ཁ་དང་དཀའ་ངལ་ཇི་ཡོད་ཤེས་བཞིན་དུ་བློས་བཏོང་གནངས་ནས་བོད་མི་སྐྱིད་སྡུག་མཉམ་མྱོང་དང་སྡུག་སེམས་མཉམ་བསྐྱེད་ཁ་ཙམ་ཚིག་ཙམ་མིན་པ་དངོས་གནས་ལག་ལེན་གནངས་བར་འདིར་རྗེས་སུ་ཡིདརངས་ཞུ་གིན་ཡིན།
    དེ་དང་མཉམ་རང་ཉིད་ངོས་ནས་ཀྱང་རང་ནུས་གང་ཡོད་དང་ཐབས་ཤེས་གང་དྲགས་བྱེད་ནས་མི་རིགས་འདི་དང་རྒྱལ་ཁབ་འདིའི་ཆེད་དུ་ལས་འགུལ་སྣ་གང་མང་སྤེལ་ཅི་ཐུབ་བྱེད་ངེས་ཡིན།།

    Reply
  15. ཡུལ་གྱར་བའི་མི་ཚེ། says:
    ལོ་ 13 སྔོན།

    ཁྱེད་མ་བུ་གསུམ་ལ་སྙིང་དབུས་ནས་ཐུགས་ཆེ་ཞུ་རྒྱུ་ཡིན་།

    Reply
  16. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    རྒྱལ་གཅེས་ལྷག་བསམ་ཅན་གྱི་ཁྱེད་མ་བུ་གསུམ་ལ་སྙིང་ཁོང་རུས་པའི་གཏིང་ནས་རྗེས་སུ་ཡི་རང་ཞུ་རྒྱུ་དང་། དཀའ་ཚེགས་དང་ཉེན་ཁ་ཤིན་ཏུ་ཆེ་བའི་ལས་འགུལ་འདིར་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཡོང་བའི་སྨོན་འདུན་ཞུའོ།།།

    Reply
  17. ཨ་རེ་སྒུག says:
    ལོ་ 13 སྔོན།

    ཁྱེད་མ་བུ་གསུམ་ལ་གུས་འདུད་ཞུ། ནམ་ཡང་ཁྱེད་གསུམ་གྱི་ལྷན་དུ་ཡོད།།

    Reply
  18. རྒྱང་མིག says:
    ལོ་ 13 སྔོན།

    དེ་རིང་ངས་མ་ལོ་ཞིག་གིས་རང་གི་མི་རིགས་ལ་བཅངས་བའི་ལྷད་མེད་དག་གཙང་གི་སེམས་པ་དེ་ཚོར་སོང། དེ་རིང་ངས་ཕུ་བོ་ཞིག་གིས་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་བྱས་པའི་འགྱུར་མེད་དཔའ་སྟོབས་ཀྱི་ཆོད་སེམས་དེ་རྟོགས་སོང་། དེ་རིང་ངས་ནུ་མོ་ཞིག་གིས་རིགས་ཀྱི་ཕུགས་འདུན་ལ་བརྩོན་པའི་ཡལ་མེད་རྒྱལ་ཞེན་གྱི་ལ་རྒྱ་དེ་མྱོང་སོང་། མདོར་ན་དེ་རིང་ངས་ཁྱིམ་ཚང་ཞིག་གིས་ཡོད་ཚད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་བའི་རླབས་ཆེན་གྱི་བྱུང་རབས་ཤིག་རྙེད་སོང་།།
    མིག་ཆུས་སྐྱེལ་མ་བྱས་ཡོད།

    Reply
  19. ནེ་ཤོད་གྲུ་ཁ། says:
    ལོ་ 13 སྔོན།

    ད་ཡིན་ན་ཡ་རེ་མཚན་དགོས་པ་དང་ཡིད་རེ་སྐྱོ་དགོས་པ་ཞིག་མི་འདུག་གམ། ལོ་ན་ཆེ་ཆུང་མེད་པའི་རྒྱལ་གཅེས་པ་ཨ་མ་དག་གིས་སོ་སོའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་བློས་བཏང་གིས་ཕྲུ་གུ་རྣམས་འཁྲིད་བཞིན་བོད་སྐྱོད་ཞི་བའི་གོམ་བགྲོད་ལ་ཞུགས་བཞིན་འདུག་ལ། ཤིན་ཏུ་གཅེས་འོས་པའི་ལོ་གཅིག་མ་ལེན་པའི་བྱིས་པ་ཚོ་དོར་ནས་སྐུ་ལུས་མཆོད་མེ་རུ་སྒྲོན་བཞིན་རང་ཡུལ་དང་གྱེས་མཇལ་ཞུ་བཞིན་འདུག ཀྱེ་མ་དྲིན་ཆེན་གྱི་མ་ལོ། གླིང་འདི་ན་ཨ་མ་གྲངས་ལས་འདས་ཀྱང་ཨ་མ་འདྲ་འདྲའི་དཀྱིལ་ནས་དཔའ་མོ་ཁྱེད་ཚོ་འདྲ་བ་ནི་དངོས་གནས་ཤིན་ཏུ་དཀོན། བོད་དོན་བདེན་མཐའ་མྱུར་དུ་གསལ་བ་སྨོན།
    ཟུར་དུ་ཞུ་རྒྱུ་ཞིག་ལ་ཁོང་མ་བུ་གསུམ་ལ་ལམ་བར་དུ་དཀའ་སྡུག་ཇི་ལྟར་འཕྲོད་ཀྱང་ཚོགས་སྒེར་ཚང་མས་མཉམ་རུབ་བྱེད་དགོས་པ་ཤིན་ཏུ་གལ་ཆེ།

    Reply
  20. བསྟན་འཛིན་ཚེ་དཔག says:
    ལོ་ 13 སྔོན།

    ཀུན་གྱིས་སྲེད་ཞེན་གཞི་མ་སྲིད་པའི་ནོར།།
    བློ་ཡིས་བཏང་ནས་ས་ཡ་དྲུག་གི་ཆེད།།
    ཇི་སྲིད་ཚེ་ཡི་ཀ་བ་མ་འགྱེལ་བར།།
    འཐབ་རྩོད་གོམ་པ་བསྟེན་པའི་ཆོད་སེམས་འདིས།།
    མང་མང་སེམས་ལ་དྲན་སྐུལ་རི་མོ་ཕབ།།
    མ་བུ་གསུམ་གྱི་གོམ་བགྲོད་ལས་འགུལ་འདིས།།
    རེ་བ་སྟོང་གི་མེ་ཁ་གསོ་ངེས་པས།།
    མ་བཅོས་སེམས་ནས་ཡི་རང་ཕྱག་བགྱི་འོ།།

    Reply
  21. ཚངས་སྲས། says:
    ལོ་ 13 སྔོན།

    ཁྱེད་མ་བུ་གསུམ་གྱི་བསམ་དོན་ཡིད་བཞིན་འགྲུབ་ཀྱང་འཕྲལ་ཡུན་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ།

    Reply
  22. སྦྲ་གསར་དཀར་ལོ། says:
    ལོ་ 13 སྔོན།

    རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་སྐྱོད་ཞི་བའི་གོམ་བགྲོད་དེ་ལམ་འགྲོ་དང་བྱ་བཞག་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག གཞན་ཡང་བཙན་བྱོལ་ཁྲོད་ཀྱི་མི་སྣ་སྐྲག་ཅན་དཔེར་ན་་་་་་་་་་་་་་་་ཤར་ཕྱོགས་ཁུག་རྟ་དང་་ཨ་རིག་དགེ་མཐོང་།་་་ཀླུ་མཁར་བྱམས།་་་་་་་་་་རབ་བཙན་པ་ལ་་་་་ལྟ་བུ་སོགས་ནས་ཀྱང་ཁོ་མ་བུ་གསུམ་གྱི་ལམ་སྟོན་གནང་བ་ལྟར་་་་་་་་་་་་་་་་རང་ཐད་ནས་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་རེ་སྤེལ་ན་ཕྱོགས་གང་ཐད་ནས་དགེ་མཚན་ཆེ་དྲན།་

    Reply
  23. འཇམ་བཟང་། says:
    ལོ་ 13 སྔོན།

    ད་ལྟའི་མཆན་འདི་འབྲི་སྐབས། ང་ལ་ནམ་རྒྱུན་མ་ཡིན་པའི་ཚོར་བ་ཞིག་གམ། མིག་ཆུ་དང་ལྷན་དུ་འབྲི་དགོས་བྱུང་།
    ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་སྙིང་སྟོབས་ཆེན་པོའི་བོད་མི་རིགས་ཀྱི་ཆེད་དུ་ཆེས་བློས་བཏང་ཆེན་པོས་ངང་ནས་རྡ་ས་ནས་ལྷ་ས་བར་དུ་ཞི་བའི་གོམ་བགྲོད་གནང་བ་ལ་ངའི་སྙིང་ཐག་པ་ཁྱེད་མ་བུ་གསུམ་ལ་ནམ་ཞིག་གི་ཚེ་ན་ཕོ་བྲང་པོ་ཏྭ་ལ་རུ་ཕེབས་ཐུབ་པའི་སྨོན་ལམ་དང་། ང་ཚོ་ཡང་དུས་ནམ་ཁྱེད་མ་བུ་གསུམ་དུ་མཉམ་དུ་ཞེས་ཞུ་རྒྱུ་དང་། ངས་ཡང་འདི་ནས་སོ་སོའི་རང་ནུས་གང་ཡོད་ཀྱི་བོད་རིགས་ལ་ཕན་པའི་ལས་དོན་བྱེད་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན།
    བོད་རང་བཙན།།
    བོད་རྒྱལ་ལོ།
    བོད་རྒྱལ་ལོ།
    བོད་རྒྱལ་ལོ།

    Reply
  24. བཀྲ་ཤིས། says:
    ལོ་ 13 སྔོན།

    ང་ཡང་ཁྱེད་མ་བུ་གསུམ་དང་མཉམ་དུ་འགྲོ་བསམ་གི ངས་ད་རུང་གསན་ཚུལ་ཡག་པོ་མ་ཤེས་ནས་ལྷག་སོང་ཟིག

    Reply
  25. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    བོད་ཤ་ཁྲག་རུས་གསུམ་མ་བུ་གསུམ་པོ་ལ་སེམས་སྟེང་ནས་ཡིད་འགུལ་ཆེན་པོ་བྱུང་སོང་། ཁྱེད་ཚོའི་རེ་བ་གང་མྱུར་འགྲུབ་ཐུབ་པར་ང་ཚོའི་ངོས་ནས་ག་དུས་ཡིན་ན་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད། སེམས་ཤུགས་མ་ཆགས་བོད་མི་མི་རེ་ངོས་རེ་ནས་ཁོང་ཚོ་དང་མཉམ་དུ་གོམས་བགྲོད་ཉིན་གཅིག་བྱེད་ཐུབ་ན་ཡང་ངེས་པར་དུ་བྱེད་དགོས་པའི་དུས་ལ་བབ་འདུག ང་ཚོས་བལྟ་མོར་བལྟས་འདྲ་བོ་བྱས་ནས་བསྡད་ན་གཏན་ནས་རུང་གི་མ་རེད། རྒྱལ་གཅེས་དཔའ་བོ་འདི་ཚོ་དང་མཉམ་དུ་གོམས་བགྲོད་དུ་དུས་ཚོད་གཅིག་ཡིན་ན་ཡང་ཕེབས་ཐུབ་ན་ཞེ་དྲག་དགེ་མཚན་ཆེ་བར་སྙམ། སྐྱིད་མཉམ་མྱོང་གདུང་སེམས་མཉམ་བྱེད་རོགས་ཞུ། དེ་རིང་ཁོང་ཚོས་མགོ་བགྲོད་མགོ་འཛུགས་གནང་ཡོད་པ་རེད། རྗེས་མ་ས་ཁུལ་གང་དུ་ཁོང་ཚོར་ལས་འགུལ་སྤེལ་ཕྱོགས་ཐོག་དཀའ་ངལ་འཕྲད་པ་ཡིན་ན། ཚོགས་པ་ལྔའི་ཐོག་གང་ཐུབ་ཀྱི་མཐུན་འགྱུར་གནང་འཆར་ཡོད་ཅེས་ཚོགས་པ་ལྔའི་ངོས་ནས་རོགས་པ་གནང་རྒྱུ་ཡིན་ལབ་ཡོད་པ་འདི་ཧ་གཟི་བརྗིད་ཆེན་པོ་རེད།

    Reply
  26. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་སྐྱོད་ཞི་བའི་གོམ་བགྲོད་དེ་ལམ་འགྲོ་དང་བྱ་བཞག་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག

    Reply
  27. གཟི་མིག་༣པ says:
    ལོ་ 13 སྔོན།

    ངས་སེམས་དབུས་ནས་ཁྱེད་རྣམ་པ་གསུམ་ལ་ཐུགས་བརྗེ་ཆེ་ཞུ་བཞིན་ཡོད་ལ་་་་གལ་སྲིད་གནས་ཚུལ་ཅི་ཞིག་ལ་གྱུར་ཡང་མདུན་བསྐྱོད་ཁོ་ན་གནང་རོགས་་དེ་དུས་ངས་ཡང་ཁྱེད་རྣམ་མཉམ་དུ་ཡོད་ཚད་བསྐྱུར་ནས་མཉམ་ཞུགས་ཞུས་ཆོག་་་་་་་བོད་མི་ཚོ་ད་འདི་དངོས་ནས་མི་ངོ་རེ་མེ་རེའིལས་འགན་ཡིན་པས་དུས་ལ་བབ་འདུག་རིམ་པས་ལས་འགུལ་འདིའི་མཐའ་འཇུག་ང་ཚོ་བཙན་བྱོལ་བ་ཡོངས་ཀྱིས་བསྐྱལ་དགོས་་་་་བོད་རྒྱལ་ལོ་

    Reply
  28. འབྲི་གུང་སྤྲོ་ཚེ། says:
    ལོ་ 13 སྔོན།

    གྲོགས་ཤ་ཁྲག་རུས་གསུམ་ལ་ནམ་ཡང་བར་ཆད་མེད་པའི་སྨོན་ལམ་དང་བསམ་དོན་ཡིད་བཞིན་འགྲུ་བའི་སྨོན་ལམ་ཡོད། སྐུ་ཚེ་རིང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese