མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གྷན་ངྷི་རྗེ་ཆུང་ཆུང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ཆབ་སྦྱིན་པ།

                                         གླེང་སློང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་འདི་ལྟར་གོམ་བགྲོད་དབུ་འཛུགས་གནང་སྟེ་ཕལ་ཆེར་བདུན་ཕྲག་གཅིག་འགོར་སོང་། ཁོང་གིས་འདི་ལྟར་སྙིང་སྟོབས་ཀྱི་གོམ་བགྲོད་དབུ་འཛུགས་གནང་བའི་ཐད་ནས་བདག་ལ་ཧ་ཅང་ཆ་རྒྱུས་ཡོད་པའི་གནས་ཚུལ་ཁག་ཅིག་མི་མང་ལ་ཞུ་འདོད་བྱུང་། ཁོང་གི་རྩ་བའི་ལོ་རྒྱུས་མདོར་བསྡུས་རེ་ཕལ་ཆེར་ཡོངས་གྲགས་ལྟ་བུར་ཆགས་ཡོད་སྟབས་བསྐྱར་དུ་ཞུ་བའི་ངལ་བ་སྤངས་ཏེ། བདག་གིས་ག་རེ་ཞུ་འདོད་པའི་གནད་དོན་གཙོ་བོ་ནི་གུས་པ་ཁོང་དང་འབྲེལ་འདྲིས་ཟབ་མོ་ཡོད་མཁན་ཞིག་གི་ངོས་ནས་ཁོང་གི་ནམ་རྒྱུན་གྱི་བསམ་བློ་དང་ད་རེའི་བླ་ན་མེད་པའི་བློས་གཏོང་གི་ཁྱབ་ཁོངས་རགས་ཙམ་ཡིན། ངས་འདི་ལྟར་བཤད་དགོས་དོན་ནི་ཁོང་མ་སྨད་གསུམ་གྱི་ལས་འགུལ་འདི་ལ་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་མང་བོས་རྒྱབ་སྐྱོར་དང་ཐུགས་འཁུར་གནང་བཞིན་ཡོད་པ་དང་། ལྷག་དོན་དུ་ད་ལོའི་གསུམ་བཅུའི་དུས་དྲན་ཉིན་གྱི་གསར་འགྱུར་འདི་འཛམ་གླིང་གི་རྒྱལ་ཁབ་མང་བོ་ཞིག་གི་གལ་ཆེའི་ཚགས་ཤོག་དང་གསར་འགྱུར་བརྒྱུད་ལམ་ནས་ཐོན་སྟབས། གནམ་འོག་གི་ས་ཆ་གང་སར་ཡོད་པའི་བོད་རིགས་སྤུན་ཟླ་དག་གིས་དོ་སྣང་ཤུགས་ཆེར་བྱེད་ཀྱི་འདུག ད་དུང་མུ་མཐུད་ནས་དོ་སྣང་དང་རྒྱབ་སྐྱོར་ཡོང་ཆེད་བདག་གིས་གླིང་ཚ་མ་བུ་གསུམ་ གྱི་སྐོར་ལ་རྒྱུས་མངའ་ཅི་ཡོད་ཀློག་མཁན་དག་ལ་ངོ་སྤྲོད་རགས་ཙམ་བྱའོ།།

 

ཁོང་ནི་བློ་དཀར་ཞིང་གཞུངས་དྲངས་པའི་མི་ཞིག་ཡིན། 

 

ངས་གླིང་ཚ་ཚེ་བརྟན་རྡོ་རྗེ་(གཤམ་ནས་ཚེ་རྡོར་ཞེས་འབྲི་རྒྱུ)དང་ངོ་ཤེས་དུས་ནི་ ༡༩༩༨ ལོའི་དབྱར་ཁ་ཡིན། ངའི་གྲོགས་པོ་ཞིག་བརྒྱུད་ནས་ང་ལ་འཚམས་སྦྱོར་བྱས་ཤིང་། དེ་དུས་གྲྭ་ཕྲུག་ཆུང་ཆུང་ཞིག་ཡིན་ནའང་བོད་ཀྱི་རིག་གཞུང་ལ་ཧ་ཅང་དོ་སྣང་ཅན་ཞིག་རེད་འདུག ངོ་ཤེས་པའི་དུས་ཚོད་ཐུང་ཐུང་དེའི་ནང་ལ་ངས་ཁོ་རང་རྒྱ་གར་དུ་ཐེངས་གཅིག་སོང་མྱོང་བ་དང་། རྒྱལ་བ་རིན་པོ་ཆེར་མཇལ་མྱོང་བའི་གྲྭ་ཕྲུག་ཅིག་ཡིན་པ་ཤེས་བྱུང་ལ། དེ་དུས་ང་ཚོའི་རྐྱལ་སྟོང་སྐོར་ཞིག་གིས་སྙན་ངག་བྲིས་ནས་དུས་དེབ་དང་ཚགས་ཤོག་ཁ་ཤས་ཤིག་གི་སྟེང་བཀོད་རྗེས་ང་རྒྱལ་དང་ཁ་ཕོའི་དབྱིངས་ལ་འཐིམ་སྡོད་པ་ལས་དོན་དངོས་གནས་ཀྱི་གནས་སྟངས་གང་ཡང་ཤེས་ཀྱི་མེད་པ་ལ། ང་ཚོའི་བར་བསམ་ཚུལ་མི་མཐུན་པ་འགའ་རེ་མཚམས་མཚམས་ལ་སླེབས་མྱོང་བ་ངས་ད་ལྟའང་དྲན་གི་འདུག དེ་དུས་ལོ་ཚོད་ཉེར་གསུམ་ཙམ་རེད། དུས་དེ་ནས་ངས་ཀྱང་ཁོང་ལ་དོ་སྣང་གསར་བ་ཞིག་བྱུང་སོང་། ངོ་ཤེས་ནས་ཅུང་མ་འགོར་བར་ཡང་བསྐྱར་རྒྱ་གར་དུ་བུད་སོང་བའི་སྐོར་གོ་བྱུང་ལ། ༢༠༠༠ ལོ་མཇུག་ལ་ང་རང་རྡ་སར་ཐོག་མར་འབྱོར་བའི་ཉིན་ནས་ཁོང་གི་ཤག་ཏུ་སྡོད་པ་དང་འཚོ་བ་སོགས་ཚང་མ་ཁོང་ལ་བརྟེན་པ་ཡིན། དེ་ལྟར་ངྷ་ས་ནས་ལོ་ངོ་དྲུག་བདུན་ཙམ་གྱི་རིང་མཉམ་དུ་གཤིབ་ནས་སྡོད་སྐབས། ཁོ་རང་ངོ་ཤེས་པའི་གྲོགས་པོ་ཚང་མས་ཤེས་པ་བཞིན། མི་སེམས་དཀར་འཇིག་རྟེན་གྱི་སྐྱེ་འགྲོ་སེམས་ཅན་སུ་ཞིག་ལའང་ཕོག་ཐུག་སྤུ་ཉག་ཙམ་མི་བཟོ་མཁན་ཞིག་ཡིན་པ་མ་ཟད། གཞན་ལ་མེད་པའི་བྱམས་དང་སྙིང་རྗེ་ཞིག་ཡོད་སྟབས། གྲོགས་པོ་ཚོས་ཀྱང་བར་སྐབས་ཤིག་ནས་ཁོང་ལ་དྲི་མེད་ཀུན་ལྡན་ཞེས་པའི་མིང་བཏགས་མྱོང་། ང་ཁོང་དང་འགྲོག་པའི་ལོ་ངོ་དེ་དག་གི་རིང་ལ་ཁོང་གིས་ས་ཆ་གཞན་དུ་སོང་ནས་དཀའ་ལས་བརྒྱབ་སྟེ་གསོག་པའི་དངུལ་ཕྲན་བུ་རེ་ཡོད་པ་ཕྱིར་ངྷ་སར་འབྱོར་མ་ཐག་གྲོགས་པོ་དང་ངོ་ཤེས་པའི་སློབ་ཕྲུག་སྐྱོ་བོ་དག་གི་སྟེང་ལ་གཏོང་བ་དང་། ཟླ་བ་གཅིག་གཉིས་རེར་ཟ་ཁང་སོགས་ནས་ལས་ཀ་བྱས་རྗེས་ཡང་བསྐྱར་ས་ཆ་གཞན་ཞིག་ཏུ་ གླ་བྱེད་དུ་བུད་འགྲོ དེ་ལྟར་ཟ་ཁང་སོགས་ནས་ལས་ཀའི་དཀའ་ངལ་ཇི་ལྟར་ཆེ་ནའང་བར་གསེང་ཏོག་ཙམ་རེ་ཡོད་ དུས་རྩོམ་ཡིག་འབྲི་བ་དང་དཔེ་དེབ་ཀློག་པ་སོགས་བྱེད་ཀྱི་ཡོད་ལ། ཀྱག་ཀྱོག་གི་ལོ་ཟླ་དེ་དག་གི་ཁྲོད་ནས་དཔེ་དེབ་བཞི་བྲིས་ཤིང་དཔར་ནས་སྤྱི་ཚོགས་སྟེང་བཀྲམ་ཡོད། ད་དུང་དེ་བས་ཀྱང་ཁོང་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ཁོང་གིས་ཆུང་དུས་ནས་ཤ་མི་ཟ་ཞིང་། བར་སྐབས་ཤིག་ནས་སྒོ་ང་དང་འོ་མ་ཡང་སྡུག་པར་འཛེམ་ནས་སྤང་སྟེ་འབྲས་སྐྱ་དང་བག་ལེབ་ཁོ་ན་ལས་མ་ཟོས་སྟབས། གཟུགས་པོ་སྐྱོ་བོར་གྱུར་ཏེ་ཏོག་ཙམ་མིན་ན་ཚེ་ལས་འདས་པའི་གནས་ཚུལ་ཡང་བྱུང་མྱོང་། དེ་ལྟའི་ཁོང་གི་བྱ་སྤྱོད་ཚང་མར་གཞིག་ན་དངོས་གནས་སྐྱོན་གྱིས་མ་གོས་པའི་གཞན་དོན་སྒྲུབ་པའི་ལྷག་བསམ་རྣམ་དག་ཅིག་ཡོད་པ་ཤེས་ཐུབ། ༢༠༠༨ལོར་ལས་དབང་ཞིག་གིས་དབྱིན་ཇིའི་བུ་མོ་ཞིག་དང་འཕྲད་ནས་ཨི་སི་རལ་དུ་འགྲོ་རྒྱུར་ཐག་བཅད་པ་དང་། ཕྱི་རྒྱལ་དུ་སོང་མ་ཐག་བུ་མོ་ཐར་མ་འཚོ་སྐྱེས་པ་རེད། གུས་པོ་ནོར་གླིང་ནས་དགུ་བཅུ་གསུམ་དུ་ལས་གནས་སྤོར་རྗེས་དུས་བབ་ཀྱི་དྲ་རྒྱ་སོགས་ལ་ཞུགས་རྒྱུའི་སྐལ་བ་ལྡན་བྱུང་ལ། དུས་རྒྱུན་དུས་བབ་ཏུ་བོད་ཤ་ཁྲག་རུས་གསུམ་ཞེས་པའི་ཟིན་བྲིས་པ་ཞིག་དང་ཁ་བརྡ་དྲ་བར་བོད་ལྷ་ཀླུ་གཉེན་གསུམ་ཞེས་པའི་རྩོམ་པ་པོ་ཞིག་ཡོད་པ་མཐོང་ལ། ག་ལེར་དྲ་མིང་དེ་གཉིས་ཀ་རང་གི་གྲོགས་པོ་ཚེ་རྡོར་ཡིན་པ་ངོ་ཤེས་པར་གྱུར། རང་རེའི་དྲ་གྲོགས་ཚང་མར་གསལ་བ་བཞིན། ཁོང་གིས་མིང་དེ་གཉིས་ཀྱི་སྟེང་ནས་ཀྱང་ད་བར་དུ་མི་རིགས་དང་རྒྱལ་ཁབ། རིག་གཞུང་བཅས་ཀྱི་ཆེད་དུ་ནང་དོན་ཟབ་མིན་ལ་མ་ལྟོས་པར་རྩོམ་ཡིག་ཇི་ཙམ་སྤེལ་ཡོད་མིན་ངས་བརྗོད་མ་དགོས་པ་དང་། ཁོས་བྲིས་པའི་རྩོམ་ཡིག་དང་མཆན་བུ་ཅི་ཙམ་མང་བ་དེ་ཡིས་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་དགྲ་གྲོགས་ཀྱི་དབྱེ་བ་ཕྱེས་པའི་ཚིག་འབྲུ་སྣ་གཅིག་ཀྱང་མེད་ཟེར་ཡང་མི་ཆོག་པ་མེད། དེ་འདྲའི་ལྷག་བསམ་ལྡན་པའི་སྐྱེས་བུ་འདི་ལ་ངས་བོད་ཀྱི་གྷན་ངྷི་རྗེ་ཆུང་ཆུང་ཞེས་ཟེར་བའང་གྲོགས་པོར་ངོ་བསྟོད་མིན།

 

སྨྲ་བསམ་བརྗོད་འདས་ཀྱི་ཁོང་གི་ཆོད་སེམས་བརྟན་པོ།

 

ཚེ་རྡོར་ལ་ཤ་ལས་མཆེད་པའི་བྱིས་པ་གཉིས་ཡོད། གཅིག་རང་ལོ་གསུམ་དང་གཅིག་ཟླ་བ་དྲུག་ཡིན། སྤྱིར་བཏང་གིས་ཕ་བུའི་བརྩེ་དུངས་སྐོར་ནས་ངས་འགྲེལ་བརྗོད་བྱ་མ་དགོས་པ་ཞིག་ཡིན། ཁོས་རུམ་ཁ་དྲོན་པོ་ནས་བྱིས་པ་དམར་འབྱར་དེ་གཉིས་ཕར་བཞག་ནས་ཉི་མ་རེ་རེ་བཞིན་གཞིས་བཞུགས་སྤུན་ཟླ་ཚོའི་ཚེ་སྲོག་གིས་བདེན་པའི་ལོ་རྒྱུས་འབྲི་བཞིན་པ་སེམས་ནས་མ་བཟོད་པར་ཧར་གྱིས་ལངས་ཤིང་ཕྱིར་རྒྱ་གར་རྡ་སར་ཐོན། ངྷ་སར་གནས་བཞུགས་དྲིན་ཆེན་གྱི་མ་རྒན་དེས་ཀྱང་རང་གི་ཤ་ལས་མཆེད་པའི་བུས་འདི་འདྲའི་རླབས་ཆེ་བའི་ཆོད་སེམས་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱ་རྒྱུའི་སེམས་ཐག་བཅད། དེ་དང་མཉམ་དུ་སྲིང་མོ་ཆུང་ཆུང་དེས་ཀྱང་རང་གི་ཕུ་བོའི་ཆོད་སེམས་ལ་རྒྱབ་སྐྱོར་དང་མཉམ་ཞུགས་གནང་རྒྱུའི་སེམས་ཐག་གཙང་བཅད་གནང་བ་རེད། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་མ་བུ་གསུམ་གྱིས་བདེན་པ་དང་ཞི་བའི་གོམ་བགྲོད་གནང་རྒྱུའི་གྲོས་ཁ་གཅིག་མཐུན་བྱུང་རྗེས་གསུམ་བཅུའི་དུས་དྲན་ཉིན་དངོས་སུ་དབུ་འཛུགས་གནང་སོང་བ་མཁྱེན་ལྡན་རྣམས་ལ་གསལ་བ་བཞིན་ཡིན། ཁོང་མ་སྨད་གསུམ་གྱི་ལས་འགུལ་འདིར་གཞན་དང་མ་འདྲ་བ་ཅི་ཅི་ཞིག་ཡོད་དམ་ཞེ་ན། ཚེ་རྡོར་གྱིས་བསྒྲགས་པའི་ཞི་བའི་འབོད་ཚིག་ཁག་ལྔ་དེ་མ་འགྲུབ་བར་མཚམས་འཇོག་མི་བྱེད་པ་དེ་ཡིན། ཁོང་མ་སྨད་གསུམ་འདི་ལྟར་ངྷ་ས་ནས་ལྷ་སའི་བར་གོམ་བགྲོད་ཀྱིས་བསྐྱོད་པའི་མཚམས་ནས་རྒྱ་གར་དང་བལ་བོའི་དམག་གིས་ཇི་ལྟར་བཀག་པ་དང་འཛིན་བཟུང་བྱས་ན། དེ་ལྟར་དུ་ནམ་ཕྱི་ལ་ཐོན་ན་དེ་དུས་མུ་མཐུད་ནས་བོད་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་དེ་རེད། འདི་ནི་དྲོད་ཁོལ་ལྡན་པའི་ཁྱིམ་ཚང་ཞིག་ཁ་འཐོར་ཡ་འཐོར་གྱིས་བོད་མི་རིགས་ཀྱི་ལས་དོན་སྒྲུབ་ཚུལ་དེ་ཡིན་ལ། བོད་ཀྱི་ལོ་རྒྱུས་སྟེང་གི་མ་བུ་གསུམ་གྱིས་མི་ཚེ་བློས་གཏོང་གི་བོད་དོན་སྒྲུབ་པ་དེ་ཡང་ཡིན། ཁོང་དག་གི་དཀའ་སྡུག་གི་གོམ་པ་རེ་རེ་བོད་ཀྱི་ཕྱོགས་སུ་སྤོ་བཞིན་པའི་འདྲ་པར་ རེ་རེ་མཐོང་དུས་བདེན་པ་དང་སྙིང་སྟོབས་ཀྱི་འོད་ཟེར་རེ་རེ་ང་ཚོས་མི་མཐོང་ངམ།

ཡང་གཅིག་བཤད་ན། ཁོང་དག་འདི་ལྟར་ལམ་ལ་ཆས་ནས་བདུན་ཕྲག་གཅིག་ཙམ་མ་གཏོགས་འགོར་མེད་ལ། དུས་ཚོད་ཐུང་ཐུང་འདིའི་ནང་དུ་ཚོགས་པ་སྐྱིད་སྡུག་ཁག་དང་མི་སྒེར་མང་བོས་འཚང་ཁ་ཤིག་ཤིག་གི་ངང་ཐུག་འཕྲད་དང་འཚམས་འདྲིར་བསྐྱོད་ཀྱི་ཡོད་སྟབས་འཚོ་བ་དང་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་ཀྱི་མི་འདུག འོན་ཀྱང་ཟླ་བ་ལ་ལོ་མཐུད་དེ་སོང་བའི་ཚེ་ན། དཀའ་ངལ་མང་བོ་ཞིག་རང་བཞིན་གྱིས་ཡོང་བར་ངེས་པས། དེ་དུས་ཚོགས་པ་དང་སྐྱིད་སྡུག་ཁག་གིས་མ་གོ་མ་ཐོས་པ་མེད་པའི་རེ་བ་ཡོད། ཚེ་རྡོར་གྱིས་ཆོད་སེམས་བརྟན་པོས་བརྗོད་རྒྱུར། ང་འདི་ལྟར་བསྐྱོད་པ་འདི་བོད་མི་གཅིག་གིས་རང་གི་འོས་འགན་སྒྲུབ་ཀྱི་ཡོད། ང་འདི་ལྟར་བསྐྱོད་པའི་གནས་སྐབས་ཐམས་ཅད་ལ་ཤི་རུང་གསོན་རུང་། དཀའ་སྡུག་ཅི་ཞིག་ཡོང་ཡང་གཞན་ལ་ལེ་བདའ་དང་འཁང་ར་མེད། འདི་ནི་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཐག་རང་གཅོད་ཡིན་ཟེར་བ་ལྟར། ང་ཚོ་ལ་གཞན་གྱི་སྐྱོན་བརྗོད་པ་ལས་རང་ཉིད་བློས་གཏོང་མཁན་གྱི་བུ་རྒོད་འདི་འདྲ་ཅི་ཙམ་ཡོད་དམ།

 

བོད་ཀྱི་གྷན་ངྷི་རྗེ་ཆུང་ཆུང་ཟེར་དོན།

 

ཁོང་གིས་ཡོད་ཚད་བློས་བཏང་ནས་འཚེ་བ་མེད་པའི་སྒོ་ནས་མི་རིགས་ཀྱི་རྩ་དོན་སླད་དུ་རང་གི་ཞི་བའི་དགོས་འདུན་དོན་ཚན་ལྔ་དེ་མ་འགྲུབ་བར་གོམ་བགྲོད་གནང་རྒྱུའི་སེམས་ཐག་བཅད་པ་དང་། དགོས་འདུན་དོན་ཚན་ལྔ་དེ་མགྱོགས་པོར་འགྲུབ་པའང་ཁོས་ཚོད་དཔག་བྱ་ཐུབ་ཀྱི་ཡོད་པ་གཞིར་བཟུང་གིས་མི་ཚེ་གང་བོར་གོམ་བགྲོད་བྱ་རྒྱུ་ཡོངས་བསྒྲགས་གནང་ཡོད། དུས་འདི་ནས་བཟུང་སྟེ་ང་ཚོས་ཁོང་དང་ཁོང་ཨ་མ་དང་སྲིང་མོ་དག་ལ་མིག་གིས་བལྟས་ ཤིང་རྣ་བས་ཉན་ཆོག་ལ། འདི་མུར་སོང་བའི་མཐའ་མར་ཅི་ཞིག་འབྱུང་རྒྱུར་ཡང་བལྟ་ཆོག འགྲོ་ཁར་བྲིས་པའི་རྩོམ་ཡིག་ཁག་གི་ནང་དུ་ཡང་འཆི་གསོན་གང་ལ་ཐུག་ནའང་ཕྱིར་ནུར་མེད་པའི་དམ་བཅའ་བཞག་ཡོད། དེ་དང་དེ་ལ་སོགས་པའི་སྙིང་སྟོབས་དེས་རྒྱ་གར་གྱི་རང་བཙན་མེས་མོ་གྷན་ངྷི་རྗེ་མཆོག་གི་རྗེས་འཇུག་ཆུང་ཆུང་ཞིག་ཡིན་པའི་བདེན་པ་ར་སྤྲོད་ཀྱི་ཡོད་ན། ངས་དེ་རིང་འདི་ནས་བོད་ཀྱི་གྷན་ངྷི་ཞེས་བཏགས་ཀྱང་མི་འབྱོར་བ་མེད་པས། ཆེད་དུ་ཁ་བྱང་འདི་བདམས་པ་ཡིན། ཚེ་རྡོར་ཁོང་ལ་བོད་ཀྱི་གྷན་ངྷི་འབྱོར་དང་མི་འབྱོར་ཡང་ང་གཅིག་བུས་ཐག་ཆོད་དཀའ་ན། དྲ་གྲོགས་རྣམས་ཀྱིས་ཞིབ་མོ་རྣམ་འཐག་གི་དཔྱད་པ་གནང་གལ།

༢༠༡༢ ། ༣ ། ༡༩ ཉིན་ལ་བྲིས།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 27

  1. གངས་རིའི་ཤེལ་དཀར། says:
    ལོ་ 13 སྔོན།

    སྐུ་ཉིད་བྲིས་པའི་ལོ་རྒྱུས་ལ་བལྟས་ན་དངོས་ནས་མིང་མདོག་རན་ཡོད་པ་ཞིག་འདུག

    Reply
  2. མི་ཉག་དུང་བརྡ། says:
    ལོ་ 13 སྔོན།

    ལྷ་ཆབ་སྦྱིན་པ་ལགས་ཀྱིས་ངས་ཤེས་པ་དང་རྒྱུས་མངའ་ཡོད་པ་ངས་གླེང་གི་རེད། ཁྱེད་ཚོས་ཤེས་པ་དང་རྒྱུས་མངའ་ཡོད་པ་ཁྱོད་ཚོས་གླེང་ཆོག་གི་རེད་ཟེར་བར་ལྟར་རང་རང་གི་འཇོན་ཚད་དང་སྙོབ་ཚད་ལ་ཐུགས་ཁུར་གནང་ན་ཅི་འདྲའི་མི་མཛེས་སམ། ང་ཚོས་ད་བར་མི་གཞན་ལ་ཀེར་པའི་མཛུབ་མོ་འདི། ཚུར་རང་ཉིད་ལ་བཙུགས་རྒྱུའི་དུས་ལ་བབ་འདུག ། རང་ཉིད་ཀྱིས་དཀའ་སྡུག་གི་བྲོ་བ་གང་ཡང་མ་མྱངས་བར་གཞན་གྱི་མཛད་རྗེས་དང་སྙིང་སྟོབས་སོགས་ལ་བྱུང་རྒྱལ་དུ་ལོག་འགྲེལ་དང་མི་འདོད་པའི་རྣམ་འགྱུར་སྟོན་པ་ནི་ཤིན་ཏུ་ཐལ་ཆེ་བའི་བྱ་སྤྱོད་རྩུབ་མོ་འབའ་ཞིག་ལས་མ་འདས་སོ། ང་ཚོའི་ཁ་རྒྱུན་དུའང་རང་ལ་མེད་ནས་མི་སྡུག ། གཞན་ལ་ཡོད་ནས་སྡུག་ཅེས་པའི་དཔེར་ལྟར་སོང་ན་ནི་ཧ་ཅང་བྱབ་ཆུང་གི་དོན་གནད་ཅིག་རེད་ལ། གཉན་འཕྲང་གི་དུས་རབས་འདིའི་ཉམས་ཉེས་ཤིག་དང་ཡ་ང་བའི་མི་རབས་འདིའི་གསབ་ཏུ་མེད་པའི་གྱོང་གུད་གཅིག་ཀྱང་རེད། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་རྩོམ་པ་པོ་ཚེ་རྡོ་ལགས་ཀྱི་སྐོར་ལ་སྙན་ངག་པ་ལྷ་ཆབ་སྦྱིན་པ་ཁོང་གིས་ངོ་སྤྲོད་འཚམས་སྦྱོར་གནང་བར་ནི་ཤིན་ཏུ་ལེགས་པར་སེམས། ལར་ནས་་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བློས་བཏང་ཆེན་པོའི་ཐོག་ཞི་བའི་གོམ་བགྲོད་ཀྱི་རླབས་ཆེན་བའི་མཛད་རྗེས་འདི་མི་མཁྱེན་མཁན་བོད་མི་སུ་ཡང་མེད་ཀྱང་། ཁོང་གི་མི་གཤིས་དང་རྒྱུན་ལྡན་གྱི་བསམ་པའི་འཁྱེར་ཕྱོགས། ལྷག་པར་དུ་རང་གི་མི་རིགས་དང་རིག་གཞུང་ལ་དགའ་ཞེན་ཆེ་བ་སོགས་མཚོན་པའི་ངོ་སྤྲོད་གནང་པར་ནི་ལྷ་ཆབ་ལགས་ཁོང་དང་ཐག་ཉེ་བའི་མི་སྣ་ཞིག་ཡིན་པའི་ཆ་ནས་དེ་བས་ཀྱང་འགན་འཁུར་ཡོོད་པ་ཞིག་ཡིན་པར་འདོད། ཚེ་རྡོ་ལགས་ལ་བོད་ཀྱི་གྷན་དྷི་ཇི་ཆུང་ཆུང་ཞེས་མིན་འདོགས་ན་རན་དང་མི་རན། འོས་དང་མི་འོས་ངས་མི་ཤེེས་ཀྱང་། གོང་དུ་ཀླད་པ་ལྗང་ཁུ་འགའ་ཞིགགིག་སེམས་དཔའ་ཆེན་པོ་མ་ཧཱ་ཏའ་མ་གཱན་དྷི་ཇི་ལ་རྒྱ་གར་གྱི་རྒན་པོ་ཞེས་བཤད་པ་ནི། ཆེས་རྗེས་ལུས་ཤིག་དང་ན་མ་སོན་པའི་བྱིས་པ་ཞིག་གི་ཉོག་སྐད་ཙམ་རེད། ཁྱོད་ཀྱི་མིག་ལ་ཅི་ཡང་མི་སྣང་བའི་རྒྱ་གར་གྱི་རྒན་པོ་ནི་༧སྟོན་པ་ཆེན་པོ་ཏཱ་ལའི་བླ་མ་མཆོག་དང་འཛམ་གླིང་ན་རླུང་ལྟར་གྲགས་པའི་མི་རིགས་ནག་པོའི་དབུ་ཁྲིད་མར་ཌིན་ལུ་ཐར་ཀིག་སོགས་ཀྱིས་བསླབ་བྱ་དང་ལམ་སྟོན་ཞུ་ཡུལ་གྱི་བདག་ཉིད་ཆེན་པོ་དེ་ཡིན་པའང་མ་བསྙེལ་རོགས། གླིང་ཚ་ཁྱེད་མ་བུ་གསུམ་ནམ་ཡང་རྒྱལ་གྱུར་ཅིག །།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    ཉིན་ཤས་ཀྱི་སྔོན་ནས་འདིར་བོད་ཀྱི་གྷན་དྷི་རྗེ་ཆུང་ཆུང་ཞེས་པའི་རྩོམ་བྱང་ཞིག་མཐོང་རྒྱུ་འདུག དོ་སྣང་བྱེད་ཐུབ་མ་སོང་། མདང་ནུབ་གསར་འགྱུར་གསར་བ་གཞན་མི་འདུག་པས་རྩོམ་བྱང་འདི་ཞལ་ཕྱེ་བ་ཡིན ། དེ་ནི་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས ། རྒྱལ་གཅེས་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་སྨད་ཀྱི་ངོ་སྤྲོད་རེད་འདུག རྩོམ་པ་པོ་ལྷ་ཆབ་ལགས་ཀྱི་སྙན་ངག་ལ ། ང་ཚོའི་ཕ་ཡུལ་དུ་གདེང་འཇོག་ཆེན་པོ་ཡོད་ཁར་ཁོ་བོ་ཡང་ཁོང་ལ་གུས་བརྩི་བྱེད་པའི་ཀློག་པ་པོ་དཀྱུས་མ་ཞིག་ཡིན་པ་དང་། བརྗོད་དོན་གླིང་ཚ་མ་སྨད་ལ་ནི་གུས་བཀུར་ཚད་མེད་ཡོད་པ་གཞིར་བྱས་རྩོམ་ཡིག་མ་བཀླག་གོང་ནས ། ལགས་སོ་གུས་བཀུར་དང་རྒྱབ་སྐྱོར་ཡོད་སོགས་ཀྱི་མཆན་ཞིག་འགོད་རྩིས་བྱས་པ་ཡིན ། འོན་ཀྱང་དེ་ནི་ཅོལ་ཆུང་གཡམས་བརྒྱུགས་ཙམ་ལས ། ཀློག་པ་པོ་ཚད་ལྡན་ཞིག་གི་འགན་ཡང་འཁུར་ཐུབ་མེད་པ ། རང་གི་རང་ལ་དྲན་གསོས་ཀྱིས་བཤོལ་བ་ཡིན ། ཡིན་ཡང་ཕྲན་གྱི་ཉལ་ཁང་ལ་དྲ་བའི་རླབས་རྒྱུན་མེད་པ་དང་། སྤྱི་སྤྱོད་དྲ་རླབས་གཞན་གྱི་བཀོལ་རན་སོང་བས །ཐབས་ཟད་ཐོད་སྡུག་གིས་ཉལ་ཁང་ལ་ལོག་པ་ཡིན ། དེ་རིང་འདིར་ཡོང་ནས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན ། ངོ་མ ། ཁ་གསལ་གནད་འབིགས་ཚེར་མེད་པ ། །དེ་ནི་རྩོམ་གྱི་མན་ངག་ཡིན ། །ཞེས་པ་ལྟར་ཚད་འགྲོ་གནད་ཁེལ་གྱི་མཚམས་སྦྱོར་ཞིག་བྲིས་པ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན ། ཚེ་རྡོར་ལགས་སྔོན་མ་ཡང་རྒྱ་གར་ལ་ཕེབས་མྱོང་བ་དང་། ༸གོང་ས་མཆོག་གི་གསེར་ཞལ་མཇལ་ནས་བཀའ་གསུང་གི་བདུད་རྩི་མྱང་སྟེ་ཕྱིར་གངས་དཀར་ར་བའི་ནང་ལ་ལོག་པ་དང་། རྗེས་སུ་སླར་ཡང་བཙན་བྱོལ་སྐྱབས་བཅོལ་དུ་འབྱོར་བ ། སྡིག་ཟས་སྤང་ནས་དཀར་ཟས་ལ་སྤྱོད་པ ། ཁེས་དམན་གཉོམ་ཆུང་ལ་རོགས་མཛད་པ ། གཏོང་ཕོད་ཆེ་བ ། གནོད་སེམས་མེད་པ ། ཀུན་ལ་བྱམས་པ ། ཡོངས་དང་མཐུན་པ ། མཐའ་ན་དྲ་མཚན་གསང་མིང་རྣམས་ཀྱང་སྟོན་ཆོག་ཆོག གཞན་གནོད་དང་དཀྲུག་ཤིང་གི་རིགས་སྤེལ་མྱོང་མེད་པ ། ཐེངས་འདིའི་ཆོད་སེམས་དང་བློས་གཏོང་སོགས་ངོ་མ་ཡ་མཚན་པ་རེད ། གུས་བརྩི་བླ་ལྷག་དང་བཅས་རྗེས་སུ་ཡི་རངས་ཡོད ། ཁོང་མ་སྨད་གསུམ་གྱི་མཛད་པ་དོན་ལྡན་དང་ཅི་བསམ་ལྷུན་གྲུབ ། བར་ཆད་ཉེར་འཚེ་མེད་པའི་སྨོན་འདུན་ཞུ ། གཞན་གྷན་དྷི་ཞེས་པའི་མིང་དེར་ཅི་ཡང་ཟེར་མི་ཤེས ། གཤམ་གྱི་དྲ་གྲོགས་རེ་ཟུང་གིས་མིག་དམར་ལགས་བརྗོད་མི་འདུག་སོགས་གསུངས་པ་ལ ། ལན་དུ་ཟློ་བ་ཡང་དོན་ལ་གནས ། སྤྱིར་རྒྱལ་གཅེས་དཔའ་བོ་སུ་དང་སུ་ལའང་གུས་བརྩི་སོགས་བྱེད་འོས་པ་གཅིག་མཚུངས་ཡིན་ལ ། མིག་དམར་ལགས་ཀྱང་དེ་བཞིན་རེད ། ཡིན་ཡང་རྩོམ་པ་པོ་གཅིག་གིས ། དེ་ཐམས་ཅད་ཀྱི་ལོ་རྒྱུས་ཆ་ཚང་ངེས་དགོས་པའི་གནས་ལུགས་ཤིག་གནམ་འོག་འདིར་དཀའ་ཚོད་རེད །
    དེ་བས་དྲང་བདེན་ཅན ། རིས་མེད་ཅན ། ལྷག་བསམ་ཅན་མང་ཙམ་གྱིས ། རང་རང་དང་བླངས་སྒོས ། རྒྱལ་གཅེས་མཛད་བཟང་ཅན་རྣམ་པའི ། ལོ་རྒྱུས་ལ་ཉམས་ཞིབ ། མཛད་པ་ལ་ཁྱབ་བསྒྲགས ། ལས་འགུལ་ལ་རོགས་སྐྱོར ། སེམས་ཤུགས་ལ་གཟེངས་བསྟོད་སོགས་བྱེད་ཐུབ་ན་བཟང་བསམ་སོང་།

    Reply
  4. ངས་པོ་རྒྱལ་མཚན། says:
    ལོ་ 13 སྔོན།

    ཁོང་མ་བུ་གསུམ་གྱི་བྱ་བ་ལམ་འགྲོ་དང་བསམ་དོན་ཇི་བཞིན་འགྲུབ་པའི་སྨོན་འདུན་ཡོད།

    དྲ་གྲོགས་ཚོ་ཁ་ལྡང་ཚད་དང་ལག་པས་བྲིས་ཚད་ནང་འཛིང་དང་ཆོལ་ཁའི་དབར་ལ་དཀྲུགས་ཤིང་ལྟ་བུ་འདི་ཚོ་བྲིས་པ་ལས་མ་བྲིས་ན་ལེགས་པ་འདུག་སྙམ།

    བཙན་བྱོལ་རང་དབང་ལུང་པར་འཚོ་བཞིན་མཆིས་པའི་དོན་དམ་དུ་གནས་ཚད་ཡོད་མིན་མི་ཤེས་ཀྱང་རྩོམ་པ་པོའི་མིང་འཛིན་པ་ཕལ་མོ་ཆེའི་སྨྱུ་གུའི་རྩེ་མོ་དེ་ཆོས་ལུགས་དང་ཆོལ་ཁའི་དབར་དབྱེན་སྦྱོར་དཀྲུག་ཤིང་དང་། ཤོག་སྒྲིལ། ཆགས་སྡང་ཕྱོགས་རིས། རང་རྒྱལ་གཞན་ཕམ་བཅས་ཀྱིས་དུས་འདའ་བཞིན་པ་འདི་ནི་སེམས་ ཕངས་ཤིང་ཡིད་སྐྱོ་དགོས་པ་ཞིག་རང་རེད།

    རྩོམ་པ་པོ་དེ་གང་ནས་ཡིན་མིན་གལ་ཆེན་པོ་མ་རེད་གཙོ་བོ་ནི་དེས་བཤད་པའི་སྐད་ཆ་དེ་དངོས་ཡོད་དང་མཐུན་ མིན་དེ་གལ་ཆེན་པོ་རེད། སུས་བཤད་ཀྱང་སྐད་ཆ་དེ་དངོས་ཡོད་དང་མཐུན་ན་ང་ཚོས་དེ་ལ་ངེས་པར་དུ་རྒྱབ་སྐྱོར་ བྱེད་དགོས་སྙམ།

    གུས་པའི་རེ་བར་ད་ནས་བཟུང་བྱེས་བཞུགས་ཀྱི་རྩོམ་པ་པོའི་མིང་འཛིན་རྣམས་ཀྱིསསྨྱུག་ཁ་དེ་བོད་མི་དམངས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རླབས་ཆེན་དམིགས་ཡུལ་དང་མཐུན་པར་བེད་སྤྱོད་གནང་རོགས་ཞེས་ཞུ་རྒྱུ་ཡིན།།

    Reply
  5. ནད་པ says:
    ལོ་ 13 སྔོན།

    རྒྱ་གར་གྱི་གྷན་དི་རྗེའི་རྗེས་སུ་མཉམ་བཞུགས་བྱེད་མཁན་མང་པོ་བྱུང་ཡོད། འོན་ཀྱང་བོད་ཀྱི་གྷན་དི་རྗེ་ཆུང་ཆུང་འདི་ལ་མཉམ་བཞུགས་བྱེད་མཁན་གཅིག་ཀྱང་བྱུང་མེད།

    བོད་ཀྱི་གྷན་དི་རྗེ་ཆུང་ཆུང་འདིའི་དམིགས་ཡུལ་དང་ལས་འགུལ་དོན་མེད་འཕྲོ་བརླག་ཏུ་འགྲོ་རྒྱུར་ངེས།

    རྒྱ་གར་གྱི་གྷན་དིའི་ལས་འགུལ་དེར་གྲུབ་འབྲས་བསམ་ཡུལ་ལས་འདས་པ་ཞིག་ཐོན།

    གང་ཡིན་ཟེར་ན་བོད་ཀྱི་གྷན་དིའི་རྗེ་ཆུང་ཆུང་འདི་གྲོགས་མེད་ཁེར་རྐྱང་གི་ཞི་བའི་གོམ་བགྲོད་གཅིག་ཡིན།

    རྒྱ་གར་གྱི་གྷན་དིའི་རྗེའི་ཞི་བའི་གོམ་བགྲོད་དེར་མི་དམངས་ཁྲི་འབུམ་མང་པོས་བརྒྱབ་སྐྱོར་བྱས་ཡོད།

    སྙིང་རྗེ། ངོ་མ་གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་དེར་བསམས་ན་་་་སེམས་ནས་སྐྱོ་སྣང་ཞིག་སྐྱེ་བཞིན་འདུག་་་

    ད་གང་འདྲ་ཨ་་་་་

    Reply
  6. བློ་འཕེལ། says:
    ལོ་ 13 སྔོན།

    ཁོང་མ་བུ་གསུམ་གྱི་བྱ་བ་ལམ་འགྲོ་དང་བསམ་དོན་ཇི་བཞིན་འགྲུབ་པའི་སྨོན་འདུན་ཡོད།
    ད་ནས་བཟུང་གཟའ་འཁོར་གཟའ་འཁོར་གྱིས་འཚེ་མེད་ཞི་རྒོལ་འགོ་ཚུགས་པར་སྨོན།

    Reply
  7. ལི་ཐང་གི་ལུག་རྫི། says:
    ལོ་ 13 སྔོན།

    ལྷ་ཆབ་ལགས། ཁོང་ལ་བོད་ཀྱི་གྷན་དྷེ་ཆེན་མོ་ཟེར་ན་ག་འདྲ་འདུག

    Reply
  8. གཡུ་དྲུག་དཀར། says:
    ལོ་ 13 སྔོན།

    ལྷ་ཆབ་ལགས་ནས་གླིང་ཚ་མ་བུ་གསུམ་ལ་གཟིགས་སྐོར་དང་ཁོང་གི་ལོ་རྒྱུས་ངོ་སྤྲོད་གནང་བར་བཀའ་དྲིན་ཞུ། ང་ཚོ་གངས་ཅན་པས་རྒྱ་གར་གྱི་ཡུལ་གྲུ་འདི་འཕགས་ཡུལ་དུ་ངོས་འཛིན་བྱས་པ་ནས་བཟུང་། ཡོད་ཚད་རྒྱ་གར་ལ་མགོ་གཏུགས་པའི་གཡབ་གྱི་ན་ཚ་ཞིག་བྱུང་ཡོད། དུས་ད་ལྟ་འང་ན་ཚ་དེ་སངས་དྲག་མིན་པ་འདྲ། གྷན་ངྷི་ཟེར་བའི་རྒད་པོ་འཁར་རྒྱུག་ཅན་དེ་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲག་ཅན་ཁྲོད་ནས་གཡོ་སྒྱུ་ཆེས་ཆེ་ཞིང་། ཀླུང་རྟ་ཆེས་མཐོ་བའི་མི་ཞིག་ལས་ཁོང་ནི་རླབས་ཆེན་གྱི་མི་ཞིག་གཏན་ནས་མིན། ངོ་ཚ་མེད་པ་དང་། སྐབས་ཐོབ་ཀྱི་དགོས་པའི་ཆེད་དུ་ཅི་ཡང་བྱེད་ནུས་པ། ཐ་ན་ཆགས་སྲེད་ལངས་སྐབས་རང་གི་སྲིང་མོ་དང་མཉམ་དུ་ཉལ་ནས་སྲིང་མོའི་སྐྲ་ལ་བྱིལ་བྱིལ་བྱེད་པ། ངས་འདོད་ཆགས་སྤངས་ཡོད་མེད་བལྟ་དགོས་ཟེར་ནས་བུ་མོ་གཞོན་ནུ་མ་གྲག་ཅན་དེ་འདྲ་ཁྲིད་ཡོང་ནས་ཉལ་བོ་བྱས་པ་སོགས་མི་ཆོས་ལ་ས་འདས་པའི་བྱ་སྤྱོད་མང་དག་ཅིག་ཡོད་མོད། གནས་སྐབས་མི་གླེང་བར་བྱ། གང་ལྟར་གླིང་ཚའི་བུ་རྒོད་འདི་ལ་གྷན་ངྷི་གཅེར་བུའི་མིང་གི་འབོད་འདོད་གཏན་ནས་མེད། ཁོང་མ་བུ་གསུམ་ལ་བར་ཆད་མེད་པར་ཤོག།

    Reply
  9. འཆི་མེད་སེང་གེ། says:
    ལོ་ 13 སྔོན།

    ཁྱེད་ཀྱི་ངོོ་སྤྲོད་གནང་བ་ཐུགས་རྗེ་ཆེ་ཞུ་བ་ཡིན།ད་དུང་ཁོང་ཚོའི་གནས་ཚུལ་གང་མང་སྤེལ་རོགས་ཞུ་བ་ཡིན།

    Reply
  10. ཡུལ་གྱར་བ། says:
    ལོ་ 13 སྔོན།

    དཔའ་བོ། ཕོ་རྒོད། གངས་ཅན་གྱི་ཁྱད་ནོར།
    རང་ཉིད་ཁེར་རྐྱང་དུ། འཇིག་རྟེན་གྱི་རྐྱེ་བོ་ཀུན་རང་དོན་ཁོ་ནར་རྒྱུ་བའི་དུས་ཚིག་དེར།
    བདེན་དོན་དང་མི་རིགས་ཞིག་གམ་གཞན་དོན་ཞིག་གི་ཆེད། རང་ཉིད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཡོངས་སུ་བློས་བཏང་། ལོ་རྒྱུས་ཀྱི་ཁ་ལོ་བརྒྱུར་བའི་ཤ་ཁྲག་གཅིག་གི་སྤུན་ཟླ་ལགས། ནམ་ཡང་གུས་དུད་ཞུ། 

    Reply
  11. གཉའ་འབྲོང་ཐུ་བུ། says:
    ལོ་ 13 སྔོན།

    རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་ཁྱེད་ཀྱིས་དྲ་འབུ་ཁ་ཤས་ལ་ལན་གནང་བ་དེ་ཧ་ཅང་སྣང་བར་འགྲོ་བའི་སྐད་ཆ་དྲང་མོ་ཞིག་རེད། ཛ་དྲག་གི་གནས་སྐབས་ཡིན་ན་རེད། སོས་དལ་བའི་སྐབས་གང་ཞིག་ཡིན་ཡང་ས་བབ་དང་ཁོར་ཡུག་ཕན་ཚུན་ངོ་ཤེས་མི་ཤེས་སོགས་ཀྱི་གནས་སྟངས་ལས་ཤེས་ཡོན་ཇི་ལྟར་ཡོད་ཀྱང་ཕྱོགས་ཡར་མར་ཚང་མ་ཤེས་ཐུབ་ཀྱི་མེད། དེའི་ཕྱིར་རང་དང་ཁ་ཐག་ཉེ་བ་དག་གི་ཕྱོགས་ན་གནས་ཚུལ་ཅི་ཡོད་རང་རང་གིས་རང་དོན་རང་གཅེས་ཀྱིས་དུས་ཐོག་ལ་དྲ་ལམ་དུ་འགོད་པའམ་ཡང་ན་བོད་ཀྱི་དུས་བབ་དང་བང་ཆེན་སོགས་ཆབ་སྲིད་དང་ཐད་ཀར་འགྲེལ་བའི་ཚགས་ཤོག་དག་ཏུ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་རེད། དེ་ལྟར་བྱས་ན་གཞན་ལ་ཡུས་བཤད་དགོས་པ་དང་། ཕྱོགས་རིས་ཀྱི་སྐད་ཆ་ཡོང་དོན་ཅི་ཡོད། གསར་འགྱུར་དང་། བསམ་ཚུལ་འགོད་འོས་རིགས་བསྐུར་ནས་མ་བཀོད་ན་གཞི་ནས་ཕྱོགས་རིས་ཀྱི་སྐད་ཆ་ཡོང་ཆོག་གི་རེད་སྙམ། དེ་ལྟ་མིན་ན་ཕྱོགས་རིས་ཀྱི་སྐད་ཆ་འདི་ཚོ་ཕྱག་ལས་གནང་མཁན་ཚོའི་སེམས་ཤུགས་ཉམས་བྱེད་ཡིན་པས་ང་ཚོས་ངེས་པར་རྡོག་རྩ་གཅིག་སྒྲིལ་གྱི་ཕྱོགས་ལ་འབད་པ་བྱེད་རོགས་ཅེས་སྙིང་ཐག་པ་ནས་ཕུལ།

    Reply
  12. བེ་རོ་ཙ་ན། says:
    ལོ་ 13 སྔོན།

    རྒྱལ་གཅེས་གླིང་ཚ་མ་བུ་གསུམ་ལ་རྐྱེན་ངན་བར་ཆད་མི་འབྱུང་བའི་མཆོག་གསུམ་ལ་སྐྱབས་འཇུག་གསོལ་འདེབས་དང་སྨོན་མདུན་ཞུ་རྒྱུ་ཡིན། ༼ལྷ་ཆབ་སྦྱིན་པ་ཟེར་བ་ཞིག་གི་གྷན་དི་ཆུང་བ་ཟེར་བའི་མིང་འདོགས་མི་རུང། ཁོང་ལྟ་བའི་སྙིང་སྟོབས་ཅན་ཕྱི་བསྡོད་བོད་མི་ནང་སྔར་བྱུང་མ་མྱོང་བའི་གཞན་ཕན་བཟང་པོ་ཁོང་ལ། ལྷག་པར་དུ་ལྷ་ཆབ་སྦྱིན་པ་ལྟ་བའི་མིང་འདོགས་མི་འོས་བའི་རྒྱུ་མཚན་རེ་ཞིག་འདི་ནས་མི་འབྲི།ཁོང་དང་མཉམ་ཟ་མཉམ་འཐུང་བྱེད་མཁན་ལྷ་ཆབ་རབ་བྱུང་ན་བདུན་ཕྲག་གཉིས་གསུམ་རིང་གོམས་འགྲོ་ཕེབས་ནས་གནས་ཚུལ་རྒྱུ་ལོན་བྱེད་རྒྱུ་དུས་ལ་བབས་ཡོད།

    Reply
  13. ལྷ་ཆབ་སྦྱིན་པ། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་ཕེབས་ནས་བསམ་ཚུལ་གསུང་བར་དགའ་བསུ་ཞུ། ལྷག་པར་དུ་ཁོང་མ་བུ་གསུམ་ལ་གདུང་སེམས་མཉམ་སྐྱེད་གནང་བར་ལྷག་ཏུ་དགའ། འོན་ཀྱང་དྲ་གྲོགས་ཁ་ཤས་ཤིག་གིས་རྒྱལ་གཅེས་པ་མིག་དམར་གྱི་གནས་མ་བཀོད་པར་ང་དང་གསར་འགོད་པར་འཁང་ར་དང་ཞེན་ཁོག་བྱས་རབས་ཤིག་བཤད་ཀྱི་འདུག ངས་གསལ་བོར་ཞུ་རྒྱུར། ཁྱེད་ཅག་ཞེན་ཁོག་མེད་པ་དེ་ཚོས་ཅིའི་ཕྱིར་ཁོང་ལ་དོ་སྣང་བྱས་ནས་གནས་ཚུལ་མ་བཙལ་བ་ཡིན་ནམ། ནམ་རྒྱུན་མི་ཞིག་གིས་མི་འཇོན་ཚུལ་དང་འཐེན་ཁྱེར་བྱས་ཚུལ་མ་གཏོགས་རང་གིས་མི་འཇོན་པ་མི་གླེང་བ་ག་རེ་ཡིན་ནམ། ངས་ཤེས་པ་དང་རྒྱུས་མངའ་ཡོད་པ་ངས་གླེང་གི་རེད། ཁྱེད་ཚོས་ཤེས་པ་དང་རྒྱུས་མངའ་ཡོད་པ་ཁྱོད་ཚོས་གླེང་ཆོག་གི་རེད། དེ་གསར་འགོད་པ་དང་རྩོམ་མཁན་ཕལ་བ་ཚོར་ཁག་འདྲ་མིན་དཀྲི་དགོས་དོན་མེད། ལྷག་པར་དུ་དེང་གི་དུས་འདིར་ཆོལ་ཁ་དང་ལུང་ཚན་བྱེ་བྲག་པའི་ཕྱོགས་རིས་བཤད་ནས་འདུག་པའི་དུས་ཚོད་མིན་པ་སེམས་ལ་ངེས་དགོས།

    ཡང་གཅིག་བཤད་ན་མིག་དམར་ལ་མི་མང་གིས་དོ་སྣང་མ་བྱས་པ་མིན་པར། མིག་དམར་ལ་རྒྱབ་སྐྱོར་ཞུ་མཁན་ཁྱེད་ཅག་ལྟ་བུའི་མིག་ཟུང་ལྡོང་བས་ལོས་ཡིན་འདོད་བྱུང་། རྒྱལ་གཅེས་པ་ཁོང་དང་ཁོང་ལྟ་བུའི་སྐོར་ཤེས་འདོད་མཁན་ཁྱེད་ཅག་ལྟ་བུ་ཁ་ཤས་ཤིག་མིན་ལ། ཁོང་དང་ཁོང་ལྟ་བུར་རྒྱབ་སྐྱོར་ཞུ་མཁན་ཡང་ཁྱེད་ཅག་ལྟ་བུ་ཁ་ཤས་ཤིག་མིན། རྒྱུ་མཚན་དེ་ཡིས་ཕྱིར་ན། ང་ཚོ་ཐུན་མོང་གི་ངོས་ནས་རང་གིས་གང་ཤེས་པ་དང་རྒྱལ་གཅེས་པ་གང་དུ་ཡོད་པ་རང་རང་གི་འཇོན་ཚོད་ཀྱིས་ངོ་སྤྲོད་དང་ཡི་རངས་བྱ་རྒྱུ་དེ་གལ་ཆེ་བས་ན། འཐེན་འཁྱེར་མེད་པའི་ཁྱེད་ཅག་གིས་ངེས་པར་དུ་རྒྱལ་གཅེས་པ་ཁོང་བཙལ་ནས་དྲ་ཐོག་ལ་ངོ་སྤྲོད་ཅིག་གནང་རྒྱུའི་འབོད་སྐུལ་ཡོད།

    ང་ཚོས་ཉི་མ་རེ་རེ་བཞིན་གཞིས་ལུས་སྤུན་ཟླ་དག་གི་ཤི་རྨས་ཀྱི་གཏམ་ངན་གོ་བཞིན་པའི་ཁ་སང་དང་དེ་རིང་འཐེན་འཁྱེར་གྱི་སྐད་ཆ་མ་བཤད་ན་ཤིན་ཏུ་ལེགས།

    Reply
  14. རྡོ་རྒོད། says:
    ལོ་ 13 སྔོན།

    གྲྭ་གྲོགས་བཙན་བྱོལ་བ་དང་བཟོད་པ་ལྷ་རྩེ་ལགས་སྐུ་ཞབས་མིག་དམར་ཀྱི་གནས་ཚུལ་གསར་ལམ་ཁག་ཏུ་མི་འགོད་དོན་དེ་འཐེན་ཆེར་རེད། ལྷ་ཆབ་སྦྱིན་པའི་འཐེན་ཆེར་གྱི་གཏམ་གླིང་ལ་ཉན་མི་དགོས་དེ་ལས་དྲང་བདེན་གྱི་ངང་ནས་ཁོང་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་རོགས། དྲང་བདེན་རྒྱལ་གྱུར་ཅིག

    Reply
  15. མི་ཆུང་། says:
    ལོ་ 13 སྔོན།

    རྒྱལ་གཅེས་པ་ཁོང་མ་བུ་གསུམ་ལ་གུས་སྙིང་དབུས་ནས་བཏུད་ཞུ། ད་དུང་གསར་འགོད་པ་ཚོས་མིག་དམར་ལགས་ཀྱི་གསར་འགྱུར་འགོད་རོགས་ཞུ། ད་ལྟ་འགྲོ་བཞིན་པའི་ལས་འགུལ་གཙོ་བོ། རྒྱལ་ཚོགས་མདུན་གྱི་ཟས་བཅད་ངོ་རྒོལ། བོད་ཤ་ཁྲག་རུས་གསུམ་མ་བུ་གསུམ། མིག་དམར་ལགས་ཀྱིས་གོམ་བགྲོད་རྣམས་རེད།

    Reply
  16. ཨ་ར་དཀར་པོ says:
    ལོ་ 13 སྔོན།

    ཁོང་མ་སྨད་གསུམ་གྱིས་གྲུབ་འབྲས་ཅི་འདྲ་ཞིག་ཐོན་མིན་ལ་མ་ལྟོས་པར་ཆོད་སེམས་དང་བློས་གཏོང་གང་བྱས་པར་ཡི་རང་དང་བསྔགས་བརྗོད་ཡོད། འོན་ཀྱང་གྷན་ངྷི་ཆུང་བ་འདོགས་རྒྱུ་ད་དུང་སྔ་དྲགས་རེད།

    Reply
  17. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    བཟོད་པ་ལྷ་རྩེ་ཡིས་བྲིས་པ་བདེན་པ་རེད། ཚེ་རྡོར་ལ་དོ་སྣང་སྤྲད་མཁན་མང་པོ་འདུག །འོན་ཀྱང་མིག་དམར་གྱི་སྐོར་ལ་ད་བར་གསར་འགྱུར་དང་རྩོམ་སྤེལ་མཁན་གཅིག་ཀྱང་མ་བྱུང་བ་དེ་ནི་བོད་ཡིག་གསར་འགྱུར་དྲ་རྩོམ་ཁག་གི་ཞན་ཆ་རེད། འདི་ནི་གཞན་གང་ཡང་མ་ཡིན་པར་ཕྱོགས་རིས་ཀྱི་བྱ་གཞག་གཅིག་ལ་ངོས་འཛིན་བཞིན་ཡོད། ཕྱིས་འབྱུང་ལ་གསར་འགྱུར་སྤེལ་སྐབས་དྲང་བདེན་དང་ཕྱོགས་ལྷུང་སྤངས་པའི་སྒོ་ནས་སྤེལ་རོགས་ཟེར་ནས་ཞུ་རྒྱུ་ཡིན།

    Reply
  18. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    ཉི་མ་དེ་ཙམ་རིང་ལ་བོད་ཀྱི་གྷན་དྷི་ཞིག་ང་ཚོའི་མིག་ལམ་ནས་བརླག་འདུག དེ་ནི་གཞན་སུ་ཡང་མ་ཡིན་པ་བོད་ཀྱི་དཔའ་བོ་མིག་དམར་ཚེ་རིང་ལགས་རེད། བོད་ཡིག་དྲྭ་རྒྱ་དང་གསར་ཤོག བོད་སྐད་གསར་འགྱུར་ཡོངས་ནས་ཁོང་བརླག་འདུག་ཁོང་ག་པར་ཡོད་དམ་ཞེས་མི་འཚོལ་བའི་བརྡ་འཕྲིན་ཞིག་འདི་གར་འདུག་པས་གཟིགས་རོགས་གནང་། http://www.khabdha.org/?p=27059

    Reply
  19. འབྲུག་དཀར ། says:
    ལོ་ 13 སྔོན།

    མིང་ཅི་ཞིག་བཏགས་ཀྱང་དེ་ལ་ཁྱད་མི་འདུག ཁོང་གི་སྤོབས་སེམས་དང་བླ་མེད་ཀྱི་མཛད་སྤྱོད་འདི་ལ་ང་ཚོས་ངེས་བར་དུ་གུས་བརྩི་དང་ཡིད་རངས་བྱེད་དགོས། ཁོང་གི་གཞུང་དྲང་གི་གཤིས་བརྒྱུད་འདིས་ང་ཚོ་ལ་བདེ་སྐྱིད་ཀྱི་སྐྱ་རེངས་གསར་བ་ཞིག་བསུ་ངེས། དེ་དུས་ཁོང་ལ་ཅི་ཡང་བཏགས་ཆོག་ལ་ཁྱོད་ཚང་ལ་གང་གིས་ཀྱང་བོས་ཆོག ངའི་སྙིང་ཁོང་གི་ཡ་ཐོད་ན་དུས་བརྟག་ཏུ་གནས་བའི་མི་རིགས་ཀྱི་ཁྱིམ་རྒྱུད་ཆེན་མོ་སྟེ་གླིང་ཚ་ཚེ་རྡོར་ཚང་།

    Reply
  20. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བསྟན་རྡོ་རྗེ་ལ་གྷན་དྷིའི་མིང་བཏགས་པ་དེ་ཆེན་པོ་ཆུང་རུ་གཏོང་བ་ལས་དགེ་མཚན་གང་ཡང་མི་འདུག བློས་སྟོབས་གི་ཆ་ནས་བཤད་ན་གྷན་དྷི་ལས་ཚེ་རྡོར་གི་ཆེ་ ཁ་གཏད་བྱེད་ཡུལ་གི་ཆ་ནས་དམངས་གཙོ་དང་དམར་ཕྱོགས་གི་ཁྱད་པར་ཧ་ཅང་ཆེ་བས་གྷན་དྷི་དང་བསྡུར་ཐབས་གཏན་ནས་མེད། དེ་ལས་གངས་རིའི་བུ་བརྒྱུད་གི་ཕ་མིང་གླིང་ཚ་ཚེ་བསྟན་རྡོ་རྗེའི་མིང་རང་འཇག་བཞག་ན་རླབས་ཆེན་གི་ལོ་རྒྱུས་ནང་རྒྱ་གར་རྒན་པོ་ཞིག་གི་མིང་ཨུ་ཚུག་བྱེད་ནས་ཁ་བ་རི་པའི་ལོ་རྒྱུས་ནང་བཅུག་དགོས་དོན་མེད། གླིང་ཚ་ཚེ་རྡོར་མ་བུ་གསུམ་གྱི་རླབས་ཆེན་ལས་མགུལ་དེ་གེགས་མེད་མྱུར་འགྲུབ་འོང་བའི་སྨོན་འདུན་ཞུ།

    Reply
  21. འབྲོང་སར་ཚེ་ཉི། says:
    ལོ་ 13 སྔོན།

    བྱས་པ་ཤེས་རྒྱུ་དེ་ངོ་མ་དགའ་དགོས་པ་རེད་རང་རེ་བོད་པའི་སྤྱི་ཚོགས་ཐོག་དེ་འདྲའི་རིགས་ཧ་ཀྱང་ཉུང་ཉུང་རེད་ངོ་ན་དཀའ་དྲིན་ཆེ།

    Reply
  22. རང་རྟོན། says:
    ལོ་ 13 སྔོན།

    ཡོད་ཚད་བློས་གཏོང་མཛད་དེ་འདི་ལྟར་བཞུད་པས་འུ་ཚོ་ཁ་བཤད་ལས་ཅི་ཡང་མི་འཇོན་པའི་སྡེ་ནས་བརྒལ་ཡོད་པ་ཤེས་ཐུབ་གི།གང་ལྟར་ཁོང་ཚོ་ནི་མི་བུ་རྣལ་མ་ཞིག་གི་རང་གཟུགས་ཡིན་པས་སྐུ་ཚེ་བརྟན་གྱུར་ཅིག

    Reply
  23. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 13 སྔོན།

    གྲོགས་པོ་ཁྱེད་ཀྱིས་ཚེ་རྡོར་གྱི་ལོ་རྒྱུས་ཡག་པོ་བྲིས་འདུག་ཀྱང་་་སྔོན་གྱི་ལོ་རྒྱུས་དེ་དག་དོན་དངོས་དང་མཐུན་མིན་ངས་མི་ཤེས། ད་ལྟའི་བློས་གཏོང་ཆེན་པོ་འདི་འདྲ་གནང་པ་ནི་དོན་དངོས་ཡིན། ཡིན་ནའང་ཁོང་ལ་གྷན་དྷི་ཞེས་རྒྱ་གར་རྒན་པོ་ཞིག་གི་མིང་འདོགས་དགོས་དོན་མི་འདུག་ལ། ཁོང་ལ་མིང་འདི་ལྟ་བུ་ཞིག་འདོགས་རྒྱུ་སྔ་དྲག་འདུག རྗེས་ཕྱོགས་ཁོང་གིས་བྱས་འབྲས་སོགས་མང་པོ་ཞིག་བལྟས་ནས་གཞི་ནས་བོད་སྐད་ཀྱི་སྟེང་ནས་ཁོང་ལ་འཚམས་པའི་མིང་ཞིག་འདོགས་ཆོག་གི་རེད།

    Reply
  24. གངས་སྨྱུག says:
    ལོ་ 13 སྔོན།

    བུ་མོ་ལྷ་མོ་སྐྱིད་འདི་ངོ་མ་ནམ་ཡང་ངའི་སེམས་གཏིང་ནས་ལྷད་མེད་པའི་བརྩེ་གདུང་དང་ཤ་ཚ་བའི་ཚོར་འདུན་ཞིག་སླེབས་ཀྱིན་འདུག དེ་ནི་ཁོ་མོ་ལོ་ན་ཆུང་ཡང་བོད་མི་ས་ཡ་དྲུག་གི་བདེ་སྡུག་འཕྲག་ཏུ་ལེན་ནས་མདུན་བསྐྱོད་བྱེད་བཞིན་པའི་དེང་གི་བུ་མོ་གཅིག་པུ་དེ་ཆགས་པས་རེད། ཁྱེད་ནི་ད་ལྟའི་ལྷག་བསམ་གྱ%

    Reply
  25. གངས་སྨྱུག says:
    ལོ་ 13 སྔོན།

    བུ་མོ་ལྷ་མོ་སྐྱིད་འདི་ངོ་མ་ནམ་ཡང་ངའི་སེམས་གཏིང་ནས་ལྷད་མེད་པའི་བརྩེ་གདུང་དང་ཤ་ཚ་བའི་ཚོར་འདུན་ཞིག་སླེབས་ཀྱིན་འདུག དེ་ནི་ཁོ་མོ་ལོ་ན་ཆུང་ཡང་བོད་མི་ས་ཡ་དྲུག་གི་བདེ་སྡུག་འཕྲག་ཏུ་ལེན་ནས་མདུན་བསྐྱོད་བྱེད་བཞིན་པའི་དེང་གི་བུ་མོ་གཅིག་པུ་དེ་ཆགས་པས་རེད། ཁྱེད་ནི་ད་ལྟའི་ལྷག་བསམ་གྱི་རྡོག་སྒྲ་དེ་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་རྣ་ལམ་དུ་སྒྲ་སྐད་ཐག་ཐག་ཏུ་གོ་ཡག་འདུག་པས་ཤིན་ཏུ་ནས་བསམ་བརྗོད་བྲལ་བའི་དགའ་སྡུག་གི་ཚོར་བ་འགའ་ཡང་འབྱིན་བཞིན་འདུག ཁྱེད་ནི་མ་འོང་བོད་མའི་རེ་བ་དང་ཡིད་ཆེས་འཛིན་སའི་གངས་རིའི་སྲས་མོ་གཅིག་པུ་དེ་ཡང་ཡིན་པར་རྗེས་སུ་དཔག་ཐུབ་ལ་དེ་བཞིན་ཡིན་པར་གདོན་མི་ཟ། གངས་སྲས་ལགས་ཁྱེད་ནི་ངའི་ཤ་ཕྲག་ལས་མཆེད་པའི་སྲིང་ཆུང་དང་གཉིས་སུ་མེད་པས་ན་ནམ་སྐུ་ལུས་ལ་བདག་གཅེས་གང་གཟབ་གནང་རོགས་གནང་ཞེས། གངས་སྨྱུག་ནས།

    Reply
  26. གླག་སྨྱོན། says:
    ལོ་ 13 སྔོན།

    ཡོད་ཚད་ནས་ཡོད་ཚད་བློས་གཏོང་སྟེ་འདི་ལྟ་འགྲུལ་བཞིད་བྱེད་པ་ནི་བོད་མི་སྐྱེ་བོ་གནམ་བསྟན་ཡོངས་ཀྱིས་སེམས་ནས་རྗེད་མི་རིང་བའི་བླ་ན་མེད་པའི་རྡོ་རིང་ཞིག་རེད།

    Reply
  27. ཨ says:
    ལོ་ 13 སྔོན།

    རང་གི་ཉམས་མྱོང་གིས་ལོ་རྒྱུས་ཤིག་འདི་ལྟར་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ།དེ་ལས་ཀྱང་ཁྱེད་ཀྱིས་ཁོང་ལ་བྱིན་པའི་མཚན་འདོགས་དེ་ལ་བདག་གིས་དགའ་བསུ་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese