མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲུང་རྩོམ་འགྱུར་མ་དང་མའོ་ཡི་མིག་ཤེལ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

དགེ་རབ།

སྐུ་ཞབས་མཁས་དབང་པད་མ་འབུམ་ལགས་ཀྱིས་ “བྱོལ་སོང་གི་གཞིས་ཀ་”ཞེས་པའི་གླེང་བརྗོད་དུ་སྤེལ་བ་ལྟར་ན།  ལོ་རབས་དགུ་བཅུ་བའི་ནང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་ནུབ་ཕྱོགས་ཀྱི་གྲགས་རྩོམ་བརྒྱ་སྐོར་ཞིག་གི་ཐོ་གཞུང་འདེམས་སྒྲུག་གིས་དཔར་སྐྲུན་བྱེད་རྒྱུའི་ལས་འཆར་བཀོད་ཡོད་འདུག ལས་འཆར་འདིའི་ཁོངས་ཀྱི་གྲགས་ཆེན་རྩོམ་སྒྲུང་སྐོར་གཅིག་ནི་སྒྱུ་རྩལ་ལ་བརྟེན་ནས་བདམས་པ་དང་། གཞན་ཁག་ཅིག་ནི་ནང་དོན་ལ་བརྟེན་ནས་བདམས་ཡོད་འདུག  ལས་འཆར་འདི་ནི་བོད་ཀྱི་སྒྲིག་འཛུགས་ཤིག་གིས་སྒྱུ་རྩལ་གྱི་ལས་ཀ་བོད་བསྒྱུར་བྱེད་པའི་འཆར་གཞི་བཏིང་པ་ཐོག་མ་དེ་ཡིན་པ་འདྲ།  འཆར་གཞི་འདིའི་ཁོངས་ནས་བསྒྱུར་བའི་དེབ་གཅིག་ནི་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་འཇོར་ཇི་ཨོར་བེལ་གྱིས་བརྩམས་པའི་ “བྱོལ་སོང་གི་གཞིས་ཀ་”(Animal Farm By George Orwell) ཞེས་པ་དེ་ཡིན་པ་རེད། སྒྲུང་རྩོམ་འདི་ནི་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ ༡༩༩༣ ལོར་བསྒྱུར་གྲུབ་ཡོད་པ་དང་། ཉེ་ཆར་བོད་ནས་དཔར་སྐྲུན་ཞུས་ཡོད་འདུག སྒྲུང་རྩོམ་འདི་ ༡༩༤༥ ལོར་དབྱིན་ཡིག་ཏུ་ཐོག་མར་པར་སྐྲུན་བྱས་རྗེས་འཛམ་གླིང་གི་སྐད་ཡིག་མང་པོར་བསྒྱུར་ཡོད་འདུག

 

སྐབས་འདི་འདྲ་ཞིག་ལ་སྐུ་ཞབས་པད་མ་ཚེ་དབང་ཤཱསྟྲི་ལགས་ཀྱིས་ཅཱརླེས་ཌིཀན་གྱི་འདུན་པ་ཆེན་པོ་ (Great Expectations by Charles Dickens)ཞེས་པ་བོད་བསྒྱུར་གྱིས་ ༡༩༩༤ ལོར་བོད་ཁྱིམ་སློབ་གྲྭས་དཔར་འགྲེམས་བྱས་འདུག  ལོ་ཙཱ་བས་འདི་བསྒྱུར་དགོས་པའི་རྒྱུ་མཚན་གསུངས་སྐབས། “བོད་པའི་སློབ་ཕྲུག་ཚོར་སྒྲུང་སྙན་མོ་དེ་འདྲ་ཀློག་རྒྱུ་ཡོད་ན། བོད་ཡིག་གི་ཤེས་ཚད་ལ་ཕན་གྱི་རེད་བསམས་ནས་བསྒྱུར་པ་ཡིན།” ཞེས་གསུངས་བྱུང་།  འདུན་པ་ཆེན་པོ་ཞེས་པའི་དེབ་འདི་ནི་ ༡༨༦༠ ལོར་བརྩམས་པ་ཞིག་ཡིན་པ་དང་། ཐོག་མར་དུམ་ཚན་རེ་བྲིས་པ་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་འདུག

 

 ༡༩༩༥ ལོར་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ངག་དབང་རྡོ་རྗེ་ལགས་ཀྱིས་རྩོམ་པ་པོ་ཇཱོ་ན་ཐཱན་སུཝིཕཊ། ཡིས་བརྩམས་པའི་ “གྷ་ལི་ཝར་གྱི་འགྲིམ་འགྲུལ་”(Gulliver’s travels by Jonathan Swift) ཞེས་པ་བསྒྱུར་ཅིང་བོད་ཁྱིམ་སློབ་གྲྭས་དཔར་འགྲེམས་བྱས་འདུག སྒྲུང་རྩོམ་འདི་ནི་ཨ་རེ་ཤིའི་རྩོམ་པ་པོ་ཁོང་གིས་ཆེ་གེ་མོའི་མིང་ཐོག་ནས་ ༡༧༢༦ ལོར་པར་འགྲེམས་བྱས་འདུག 

༢༠༠༥ ལོར་ཕྲན་གྱིས་བསྒྱུར་ཅིང་ད་ལྟ་བོད་ཀྱི་དུས་བབ་ཀྱིས་དཔར་བསྐྲུན་བྱས་པའི་ “རྒད་པོ་དང་རྒྱ་མཚོ་”(The Old Man and the Sea by Ernest Hemingway)ཞེས་པ་འདི་ནི་ ༡༩༥༡ ལོར་བརྩམས་ཤིང་ནོ་བྷེལ་རྩོམ་རིག་གི་བྱ་དགའ་ཐོབ་པའི་གྲས་ཤིག་ཡིན་པ་རེད།  གཞན་ད་དུང་ཕྲན་ལ་རྒྱུས་མེད་པའི་སྒྲུང་རྩོམ་གྲགས་ཅན་གྱི་རིགས་བོད་སྐད་དུ་འགྱུར་བ་མང་པོ་ཞིག་ཡོད་སྲིད་མོད། འདིར་འདྲེན་པའི་སྐབས་མ་རྙེད་དོ།།

 

ད་ལྟའི་དུས་སུ་བསྒྱུར་ཟིན་ཀྱང་དཔར་སྐྲུན་བདག་དབང་གི་ཆོག་མཆན་མ་ཐོབ་པའམ་ཡང་ན་དཔར་སྐྲུན་མཐུན་རྐྱེན་ལ་བརྟེན་ནས་དཔར་སྐྲུན་མ་འགྲུབ་པ་ཡང་འགའ་ཞིག་ཡོད་པར་སྣང་སྟེ། དེ་དག་གི་གྲས་སུ་སྐུ་ཞབས་པད་མ་འབུམ་ལགས་ཀྱིས་བསྒྱུར་གནང་བའི་རྩོམ་པ་པོ་ཨི་ལའེ་ཝེ་སེལ་གྱིས་བརྩམས་པའི་ “མཚན་མོ་” (Elie Wiesel’s Night)ཞེས་པ་དང་།  སངས་རྒྱས་བཀྲ་ཤིས་ལགས་ཀྱི་བསྒྱུར་ཅིང་རྩོམ་པ་པོ་པ་ཊི་རི་ཤ་ཨེ་སི་པི་ནལ་གྱིས་བརྩམས་པའི་ “མཚོ་འགྲམ་གྱི་ཁང་ཆུང་།” (The house by the sea by Patricia Aspinall) དང་། སྙན་བཟང་གཡང་དྲུང་ཚེ་རིང་ལགས་ཀྱིས་བསྒྱུར་བའི་ཧྥ་རན་སིའི་གྲགས་རྩོམ་རྒྱལ་སྲས་ཆུང་ཆུང་(The Little Prince (French: ”Le Petit Prince”) by Antoine de Saint-Exupéry)ཞེས་པ་སོགས་ཡོད་འདུག 

 

གོང་གསལ་གྱི་ནུབ་ཕྱོགས་པའི་སྒྲུང་རྩོམ་བོད་སྐད་དུ་བསྒྱུར་བའི་རིམ་པ་ལ་མཚོན་ན། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་འཆར་གཞི་བཏིང་ནས་བསྒྱུར་བའི་ལས་གཞིའི་མགོ་བརྩམས་པ་འདི་དང་། བོད་ཁྱིམ་སློབ་གྲྭས་སྒྲུང་རྩོམ་རེ་གཉིས་བསྒྱུར་བ་དེ་མ་གཏོགས།  སྐྱེས་བུ་སྒེར་ངོས་ནས་བསྒྱུར་བ་སྐོར་ཅིག་ཡིན་པ་དང་།  སྐྱེས་བུ་སྒེར་ངོས་ནས་བསྒྱུར་སྐབས་གཅིག་ནས་གོ་རིམ་མེད་པ་དང་། གཉིས་ནས་མཐའ་ན་དཔར་སྐྲུན་ཆོག་མཆན་ཉོ་རྒྱུའི་འགྲོ་སོང་ཡང་བསྒྱུར་མཁན་སྒེར་ངོས་ནས་གཏོང་དགོས་པ་མ་ཟད། དཔར་སྐྲུན་གྱི་འགྲོ་སོང་དང་དཔར་སྐྲུན་བྱེད་པོ་ཡང་སོ་སོ་ནས་འཚོལ་དགོས་པ་སོགས་གོ་རིམ་མེད་ཅིང་དཀའ་ངལ་མང་བའི་རིམ་པ་ཞིག་ཏན་ཏན་ཡོད་པ་རེད། དེར་བརྟེན་རྩོམ་རིག་སྒྱུ་རྩལ་གྱི་རིམ་པ་བསྒྱུར་བ་འདི་ལ་སླར་ཡང་ང་ཚོའི་རིག་གཞུང་ལྟེ་གནས་ཁག་གིས་གོ་རིམ་ལྡན་པའི་འཆར་གཞི་ཞིག་དང་འབྲེལ་ནས་ལས་འགུལ་ཞིག་རྩོམ་ཐུབ་ཚེ།  འདི་དག་གི་གྲངས་ཀ་ཙམ་དུ་མ་ཟད། སྤུས་ཀ་ཡང་ཇེ་མཐོར་འགྲོ་རྒྱུ་ཉག་གཅིག་ཡིན་པ་རེད།

ལས་དོན་འདི་ལ་གལ་ཆེན་པོས་འདི་ལྟར་ལྟ་དགོས་པ་ལ་རྒྱུ་མཚན་གཞན་ཞིག་ཡོད་པ་ནི། ད་ལྟའི་བོད་ཀྱི་རྩོམ་པ་པོ་རྣམས་ལ་རྒྱ་ནག་གུང་ཁྲན་གྱི་ལྟ་བའི་ཤུགས་རྐྱེན་ཐེབས་ཡོད་དམ་སྙམ་པ་དེ་རེད།  རིམ་པ་འདིའི་དཔེ་མཚོན་གཅིག་ནི་གཤམ་གསལ་ལྟར་ངོ་སྤྲོད་ཞུས་ཆོག་པ་ཞུ།

ཟླ་བ་གཅིག་ཙམ་གྱི་གོང་ལ་ངས་བཙན་བྱོལ་ནང་གི་མཁས་པ་ཆེ་གེ་མོ་ཞིག་དང་ལྷན་དུ་གླེང་མོལ་བྱས་པ་ཡིན།  གླེང་མོལ་གྱི་བརྗོད་གཞི་ནི། ཤེས་ཡོན་ཅན་གྱིས་སྤྱི་ཚོགས་ཀྱི་སྣེ་འཁྲིད་ཅིང་ལམ་སྟོན་བྱེད་དགོས་པ་རེད་ཅེས་པའི་ལྟ་བ་འདི་ནམ་ཞིག་ལ་བོད་དུ་ཡོང་བ་དང་། ཚུལ་ཇི་ལྟར་བོད་ལ་སླེབས་པ་རེད་ཅེས་པ་འདི་ཡིན།  ཁོང་གིས་གསུངས་པ་ལྟར་ན། བསམ་ཚུལ་འདི་ནི་མའོ་ཙེ་ཏུང་ནས་ཡོང་ཡོད་པ་དང་། དེ་ཡང་མའོ་ཙེ་ཏུང་གིས་ ༡༩༤༢ ལོར་ཡན་ཨན་དུ་རིག་རྩལ་བཞུགས་མོལ་ཚོགས་འདུ་ཞེས་པའི་ཐོག་བཤད་པའི་གཏམ་བཤད་དེ་ནས་མགོ་བཙུགས་པ་དང་།  སྐབས་དེ་ནི་རྒྱ་ནག་ཏུ་རྒྱ་དམར་ནག་གཉིས་ཀྱི་འཐབ་འཁྲུག་སྐབས་ཡིན་པ་མ་ཟད། རྒྱ་མིའི་སྤྱིའི་མི་འབོར་གྱི་ཆ་ནས་ཡི་གེ་ཀློག་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། རིག་རྩལ་ལ་བརྟེན་ནས་གསར་བརྗེའི་ལས་འགུལ་སྤེལ་དགོས་པའི་གཏམ་བཤད་དེ་བྱས་པ་རེད་ཅེས་གསུངས་བྱུང་། 

ཁོང་གིས་དེ་ལྟར་གསུངས་པ་ལ་བརྟེན་ནས་ངས་སླར་ཡང་མའོ་ཙེ་ཏུང་གི་གཏམ་བཤད་དེ་བཀླགས་པ་ཡིན།  ངས་བཀླགས་པའི་གཏམ་བཤད་དེ་ནི་ “ཡན་ཨན་དུ་རིག་རྩལ་སྐོར་གྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུངས་བཤད། མའོ་ཙེ་ཏུང་གིས་བརྩམས།”ཞེས་པ་དེ་ཡིན་ཞིང་། དེབ་འདི་ནི་བོད་སྐད་དུ་བསྒྱུར་ནས་  ༡༩༥༥ ལོའི་ཟླ་ ༡༢ ལོར་ཀྲུང་དབྱང་མི་རིགས་པར་ཁང་གིས་པེ་ཅིན་དུ་པར་བཏབ་པ་ཞིག་རེད། ༼ ནིའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་(www.latse.org)གིས་ཕྲན་ལ་དེབ་འདིའི་ངོ་བཤུས་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ།༽

ཡན་ཨན་རིག་རྩལ་ཚོགས་འདུ་ལ་བཤད་པའི་གཏམ་བཤད་འདི་ནི་ ༡༩༤༢ ལོའི་ཟླ་ ༥ ཚེས་ ༢ ཉིན་གྱི་གླེང་གཞིའི་གཏམ་བཤད་དང་། ཟླ་དེའི་ཚེས་ ༢༣ ཉིན་གྱི་མཇུག་སྡོམ་གཏམ་བཤད་བཅས་རེད་འདུག  གཏམ་བཤད་ཀྱི་ནང་དོན་གཙོ་བོ་ནི་རིག་རྩལ་གྱི་དཔུང་སྡེས་བཟོ་ཞིང་དམག་གསུམ་དང་བཅས་པའི་མི་དམངས་ལ་ཞབས་འདེགས་སྒྲུབ་དགོས་ཞེས་པའི་དོན་དེ་ཡིན་ལ། དེ་ཡང་། “་་་འགལ་ཟླ་དང་འཐབ་རྩོད་གཉིས་དཔེ་བྱ་ཡུལ་དུ་བསྒྱུར་ཏེ་རྩོམ་རིག་བརྩམས་དངོས་སམ། སྒྱུ་རྩལ་བརྩམས་དངོས་བསྐྲུན་ན་མི་དམངས་དམངས་ཚོགས་རྨོངས་གཉིད་སད་ཅིང་།  སེམས་ལ་ངར་སྐྱེས་ཏེ་་ཆིག་སྒྲིལ་དང་། འཐབ་རྩོད་ཀྱི་བྱ་བར་གཞོལ་ལ། རང་གི་ཁོར་ཡུག་གི་གནས་ཚུལ་སྒྱུར་བཀོད་ལག་ལེན་བྱེད་ཐུབ།” ༼ ཤོག་གྲངས་ ༤༥ ༽ ཅེས་བྲིས་པ་ལྟ་བུས་མཚོན་ནོ།།

 

མའོ་ཙེ་ཏུང་གིས་འདི་ལྟར་སྐད་ཆ་བཤད་པའི་ཁུངས་ནི་མར་ཁེ་སི་དང་ལེ་ཉིན་ལ་གཏུགས་ཡོད་དེ། དེ་ཡང་འདི་ལྟར། “ གནད་དོན་དང་པོ།  རང་ཅག་གི་རིག་རྩལ་དེ་སུའི་ཆེད་དུ་ཡིན་ཞེ་ན། གནད་དོན་དེའི་སྐོར་མར་ཁེ་སེའི་རིང་ལུགས་པ་སྤྱི་དང་། ལྷག་པར་ལེ་ཉིན་གྱིས་སྔར་ནས་ཐག་བཅད་ཟིན་པ་ཡིན་ཏེ། ལེ་ཉིན་གྱིས་ ༡༩༠༥ ལོར་གནད་འཕིགས་མཛུབ་སྟོན་མཛད་པར།  རང་ཅག་གི་རིག་རྩལ་གྱིས་ནི་ངེས་པར་དུ་ [ངལ་རྩོལ་མི་དམངས་ཁྲི་འབུམ་མང་པོའི་ཆེད་དུ་ཞབས་འདེགས་སྒྲུབ་དགོས་]ཞེས་གསུངས་ཡོད།” ༼ ཤོག་གྲངས་ ༢༣ ༽ཞེས་བཀོད་པ་ལྟ་བུའོ།། 

གཏམ་བཤད་འདི་བྱས་ནས་དེ་རིང་གི་མི་ལོ་བདུན་ཅུ་ཙམ་འགྲོ་བཞིན་ཡོད།   བོད་ཡིག་ཏུ་བསྒྱུར་བ་ནས་བརྩིས་ན་མི་ལོ་ ༦༠ མ་ཟིན་ཙམ་འགྲོ་བཞིན་ཡོད།  ལོ་ངོ་དེ་དག་གི་རིང་ང་ཚོའི་རྩོམ་པ་པོ་དང་ཤེས་ཡོན་ཅན།  ལྷག་པར་དུ་དེང་རབས་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་རྣམས་ཀྱིས་སྤྱི་ཚོགས་ལ་སྣེ་འཁྲིད་ཅིང་། སྤྱི་ཚོགས་ལ་ལམ་སྟོན་བྱེད་དགོས་པའི་ལྟ་བ་འདི་འདྲ་ཞིག་འཁྱེར་ཡོད་ལ།  ལྟ་བ་དེ་ཡང་ཧ་ཅང་ཚད་མ་ཞིག་ཏུ་བཟུང་ཡོད་མ་ཟད། འཛམ་གླིང་ཡོངས་གྲགས་ཀྱིས་ཁས་ལེན་པ་ཞིག་ཏུ་ངོས་འཛིན་བྱེད། མཐའ་ན་ད་དུང་ཡང་མའོ་ཙེ་ཏུང་གི་གསུང་བཤད་དེ་ཚིག་ཇི་མ་ཇི་བཞིན་བོད་སྐད་དུ་འཁྱེར་ནས་ཡོང་བ་ཙམ་དུ་མ་ཟད།  བཙན་བྱོལ་ནང་ལ་ཡང་ལྟ་བ་འདི་སླེབས་ཏེ་འུར་སྒྲོག་བྱེད་བཞིན་ཡོད།

དེ་ལྟ་ན་ཡང་། ད་ཆ་བོད་མིའི་ཁྲོད་དུ་ལྟ་ཚུལ་འདི་འདྲ་ནི་རྒྱ་ནག་གིས་ཀླད་པ་བཀྲུས་པ་ལས་བྱུང་བར་འདོད་མཁན་ཡང་ཡོད་དེ། རབ་འབྱོར་ཞེས་པའི་མཚན་ཅན་གྱིས་ཁ་བརྡ་དྲ་བའི་ཐོག་ “སྙན་ངག་གིས་སྤྱི་ཚོགས་ལ་འགན་ཅི་ཞིག་ཁུར་ཐུབ་”ཅེས་པའི་མགོ་བརྗོད་དུ་དྲངས་པའི་རྩོམ་ཡིག་ཅིག་བྲིས་ཏེ་གནད་དོན་འདི་བསྟན་ཡོད། ( http://www.khabdha.org/?p=23617#more-23617 )  དཔེར་ན། “ ལོ་རབས་བརྒྱད་ཅུའི་ནང་ལ་བོད་ཀྱི་རྩོམ་རིག་གསར་པའི་མགོ་ཚུགས་པ་ནས་བཟུང་། བོད་ཀྱི་རྩོམ་པ་པོ་གང་མང་ཞིག་གིས་བོད་རང་གི་སྤྱི་ཚོགས་ལ་བླང་དོར་སྟོན་པའི་འབད་བརྩོན་བྱས་ཡོད། དེ་ནི་ཁོང་ཚོས་རྗོད་བཞིན་པའི་སྤྱི་ཚོགས་ལ་འགན་འཁུར་བ་ཟེར་བ་དེ་ཡིན་རྒྱུ་རེད། ཁོང་ཚོས་འབྲོག་པས་རྩྭ་ས་རྩོད་པ་དང་། ཕ་མ་རྣམས་ཀྱིས་རང་རང་གི་བུ་ཕྲུག་སློབ་གྲྭར་མི་གཏོང་བ། གཉེན་སྒྲིག་གི་རང་དབང་མེད་པ་བཅས་ལ་སྐྱོན་བརྗོད་བྱེད་པའི་སྙན་རྩོམ་དང་སྒྲུང་རྩོམ་གང་མང་སྤེལ་ཡོད། ཡིན་ན་ཡང་། རྩོམ་རིག་གིས་སྐྱོན་བརྗོད་བྱས་པ་ལ་བརྟེན་ནས་རྩྭ་ས་རྩོད་གྲངས་ཇེ་ཉུང་དུ་སོང་བ་དང་། ཡང་རྩོད་མཚམས་ཆད་པའི་གཏམ་ཞིག་གོ་མྱོང་ངམ། ངས་གོ་ཚུལ་ལ། རྩྭ་ས་སྒེར་ལ་བགོས་པ་ནས་བཟུང་སྔར་གྱི་རྩྭ་ས་རྩོད་པའི་ཐོག་ལ་ཕ་མ་གཅིག་པའི་སྤུན་ཟླའི་བར་ལ་ཡང་རྩྭ་ས་རྩོད་གླེང་བྱུང་ཡོད་པ་རེད་ཟེར།”ཞེས་བཀོད་པ་ལྟ་བུ་རེད།

འོན་ཀྱང་ད་ལྟའི་ཆར་བོད་ནང་གི་རྩོམ་པ་པོ་རྣམས་ལ་འདི་འདྲའི་གླེང་སློང་བྱེད་བཞིན་ཡོད་མེད་ཆ་མ་འཚལ་ལ།  ལོ་འདིའི་ཟླ་ ༣ ཚེས་བཞི་ཉིན་པེ་ཅིན་ནས་ “ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་ལིས་ཁྲང་ཁྲོན་གྱིས་་་་རིག་རྩལ་ལས་རིགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུ་སྟེང་གི་གསུང་བཤད་ཅེས་པ་སྤེལ་ནས་ལོ་འཁོར་༧༠ལོན་པ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་བསམ་བློ་རང་བཞིན་དང་གཟིགས་མོལ་རང་བཞིན་ལྡན་པའི་བརྩམས་ཆས་ལེགས་པོ་སྐོར་ཞིག་བཏོན་ནས་མི་དམངས་ལ་བསམ་པའི་ཟས་ནོར་སྔར་ལས་ལེགས་ཤིང་སྔར་ལས་མང་པོ་ཞིག་བསྐྲུན་རྒྱུའི་སྐུལ་ལྕག་གནང་།”ཞེས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་བོད་ཡིག་ཏུ་གསར་འགྱུར་སྤེལ་འདུག ༼http://www.qhtb.cn/news/china/2012-03-04/8099.html༽

དེ་ལྟར། མའོ་ཙེ་ཏུང་གིས་ཡན་ཨན་གྱི་གཏམ་བཤད་དེ་བྱས་ནས་ལོ་མང་འགོར་བའི་སྐབས་འདི་དག་ཏུའང་།  ཁོང་གི་གཏམ་བཤད་དེའི་ཚིག་འབྲུ་ཇི་མ་ཇི་བཞིན་བོད་ཀྱི་མཁས་པ་ཆེ་ཆུང་ཚོའི་རྩོམ་གང་སར་མཐོང་དུ་ཡོད་ལ།  དེ་དག་ནི་སྣང་མེད་ལྟ་བུ་ཞིག་གི་ཐོག་ནས་མུ་མཐུད་དུ་ང་ཚོའི་མིག་ལམ་དུ་ཡོང་རྒྱུ་ཡིན་པ་རེད།  རྒྱུ་མཚན་དེ་ལྟར་ན། ང་ཚོས་གུང་ཁྲན་གྱིས་བཤད་པའི་གཏམ་དང་། ནུབ་ཕྱོགས་ཀྱི་རྩོམ་རིག  བོད་ཀྱི་རྩོམ་རིག་སོགས་ལ་གཞན་གྱིས་གཡོགས་པའི་མིག་ཤེལ་དང་། ལྷག་པར་དུ་མའོ་ཡི་གསར་བརྗེའི་མིག་ཤེལ་མེད་པར་རང་གི་ཤ་རློན་པའི་མིག་གིས་བལྟ་དགོས་པ་ནི་ཧ་ཅང་གལ་ཆེ་བར་མཐོང་ངོ་།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. ཟླ་བ་གཞོན་ནུ། says:
    ལོ་ 14 སྔོན།

    (Novel)སྒྲུང་རྩོམ་ཞེས་པ་འདི། གལ་ཏེ་རྒྱ་གར་དང་འབྲེལ་ཏེ་བོད་དུ་དར་ཡོད་ན། མིང་ལ་ཉེ་བར་བཀོད་པའམ་ཉེར་བཀོད་ཅེས་ཆགས་ཡོད་ངེས། ང་རང་གི་བསམ་ཚུལ་ཞིག་ལ་བརྩམས་སྒྲུང་ཞེས་བཏགས་ན་འོས་འཚམས་ལྟ་བུར་མཐོང་གི་འདུག འདི་མིང་ལ་ཉམས་འདུག་བསམས།
    མའོ་ཡི་སྐོར་དེ་ག་ལེར་བསམ་བློ་གཏོང་ངེས་ཡིན།
    གཞན་<<ཁྱིམ་དང་འཛམ་གླིང་།>> <<ས་ཞོད་རྡུལ་འཇགས།>> <<གསེར་འགྱུར་རྩི་བ།>> <<གཞོན་ནུ་དོན་འགྲུབ>>་ལ་སོགས་པ་ལ་སོགས་པ་ག་ལེར་ག་ལེར་ས་ཁར་ཐོན་རྒྱུ་རེད་སྙམ། དེ་དུས་མཁྱེན་ངེས་རེད་འདོད།

    གལ་ཏེ་ཁྱེད་རང་ལ་ཉིད་ཀྱིས་དགོངས་པ་བཞིན་༼་རྩོམ་རིག་སྒྱུ་རྩལ་གྱི་རིམ་པ་བསྒྱུར་བ་འདི་ལ་སླར་ཡང་ང་ཚོའི་རིག་གཞུང་ལྟེ་གནས་ཁག་གིས་གོ་རིམ་ལྡན་པའི་འཆར་གཞི་ཞིག་དང་འབྲེལ་ནས་ལས་འགུལ་ཞིག་རྩོམ་ཐུབ་ཚེ། ༽གྱི་ལས་འཆར་འདྲ་བརྩམ་རྩིས་ཡོད་ན། དེ་ངེས་པར་བྱེད་དགོས་པའི་རྟིང་སྐུལ་ཞུ་བ་དང་། དེ་ལ་སྒེར་ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་ངེས་ཡིན།

    འདིར་མི་ཁ་ཤས་ཀྱིས་དོན་དག་འདི་བོད་དོན་ལ་འབྲེལ་བ་མེད་ཚུལ་ལྟ་བུ་གསུང་གི་འདུག བོད་སྐད་ཡིག་གི་ཚེ་སྲོག་དང་འབྲེལ་བའི་ལས་དོན་འདི་བོད་དོན་དང་མི་འབྲེལ་ན་གང་ཞིག་འབྲེལ་བ་ཡོད་རེད།

    Reply
  2. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    དགེ་རབ་ལགས་སྒྲུང་བཤད་དེ་སྡོད་རྒྱུའི་དུས་ཚོད་ཅིག་ཁྱོན་ནས་མ་རེད། ངོ་མ་བླ་ཕམ་བྱུང་སོང་། ངས་བརྩམས་སྒྲུང་དང་བསྒྱུར་རྩོམ་ཟེར་བ་འདི་གལ་ཆེན་པོ་ཞིག་མ་རེད་རྩ་བ་ཉིད་ནས་ཟེར་གྱི་མེད་ལ། འདི་བོད་དོན་དང་འབྲེལ་བ་མི་འདུག་ཀྱང་ཞུ་གི་མེད། ད་ལྟའི་དུས་ཚོད་འདི་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཆེད་མིའི་ལུང་པ་ཁག་ནང་འཁྱམས་སྡོད་མཁན་ཞིག་གི་ངོས་ནས་གེ་སར་གླིང་སྒྲུང་བཤད་དེ། སྲིད་པའི་ཆགས་གཞས་བཏང་སྟེ་སྡོད་པའི་དུས་ཚོད་ཅིག་ཁྱོན་ནས་མ་རེད་ཞུ་གི་ཡོད།

    Reply
  3. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    ཟླ་བ་གཞོན་ནུ་ལགས། ཁྱེད་ཀྱིས་གསུངས་པའི་འགྱུར་རྩོམ་དེ་དག་ལས་ “གོ་རཱ་”ཞེས་པ་དེ་ངའི་སེམས་ན་ཡོད་ལགས། གཞན་རྣམས་ནི་ང་ལ་གསར་པ་ཡིན། ཐུགས་རྗེ་ཆེ། ཕྲན་གྱིས་འདི་ལྟར་ཆད་ལྷག་ཤོར་ཡོད་ཀྱི་རེད་བསམས་ནས་བྲིས་པ་ཡིན། གཙོ་བོ་ནི་ངའི་རྩོམ་འདིའི་བརྗོད་གཞི་ཆེས་ཆུང་ཆུང་གཉིས་ཡིན། དང་པོ་དེ་ནི་བཙན་བྱོལ་ནང་དུ་ནུབ་ཕྱོགས་པའི་སྒྲུང་རྩོམ་ Novel བོད་སྐད་ལ་བསྒྱུར་བ་དེ་ཡིན། གཉིས་པ་དེ་ནི་ཁྱེད་ལ་ཐུགས་དྭོགས་ཡོད་པའི་མའོ་ཡི་སྐོར་དེ་ཡིན། འདི་ནི་གླེང་གཞི་ཙམ་ཞིག་རེད། མུ་མཐུད་ནས་འདི་དག་གི་སྐོར་ལ་དཔྱད་ཞིབ་བྱེད་ཐུབ་པའི་རེ་བ་ཡོད། དེ་བས་སླར་ཡང་འདི་ལ་དགོངས་འཆར་གནང་རོགས་ཞེས་ཞུ་བ་ཡིན། དེ་ཙམ་དུ་མ་ཟད། འགྱུར་རྩོམ་གྱི་དཔེ་ཆ་གཞན་དག་རྣམས་ཀྱི་དབྱིན་ཡིག་གི་མིང་དང་དཔར་ལོ། ཡང་ན་བསྒྱུར་མཁན་གྱི་མཚན་དང་བཅས་གསུངས་ན་ལེགས་ཞེས་ཞུ་འདོད་བྱུང་།

    Reply
  4. ཟླ་བ་གཞོན་ནུ། says:
    ལོ་ 14 སྔོན།

    མཆན་རིང་བོ་ཞིག་བྲིས་མོད། ཡང་བརླག་སོང་།
    མདོར་བསྡུས་ན། ཆོས་གྲགས་ཀྱི་<<གོ་རཱ>>(འདི་འགྱུར་དེ་ཙམ་མི་ཡག་ནའང་བོད་ཡིག་གི་ཆུ་ཚད་ལེགས་པོ་ཡོད་མཁན་དག་གིས་བརྩམས་སྒྲུང་འདིའི་དགོངས་དོན་ཇི་བཞིན་མྱོང་ཐུབ་པར་འདོད)་དང་ཀེ་ཐོའི་<<ཨན་ན་ཁ་རེ་ནེ་ན>>་གཉིས་ཀྱང་བརྗེད་མི་ཉན།
    དཔར་སྐྲུན་གྱི་མཐུན་རྐྱེན་མ་རེག་པ་སོགས་ཀྱིས་ལྷག་ཡོད་པ་བརྩམས་སྒྲུང་གྲགས་ཅན་<<ཁྱིམ་དང་འཛམ་གླིང་།>> <<ས་ཞོད་རྡུལ་འཇགས།>> <<གཞོན་ནུ་དོན་འགྲུབ>>་<<གྱང་ངོས་ཀྱི་ནག་ཐིག>>སོགས་ཀྱང་ཡོད་རེད་ཟེར།

    དགེ་རབ་ལགས་ཀྱིས་གསུངས་འདོད་པ་གཙོ་བོ་དེ། ༼རྩོམ་རིག་སྒྱུ་རྩལ་གྱི་རིམ་པ་བསྒྱུར་བ་འདི་ལ་སླར་ཡང་ང་ཚོའི་རིག་གཞུང་ལྟེ་གནས་ཁག་གིས་གོ་རིམ་ལྡན་པའི་འཆར་གཞི་ཞིག་དང་འབྲེལ་ནས་ལས་འགུལ་ཞིག་རྩོམ་ཐུབ་ཚེ། འདི་དག་གི་གྲངས་ཀ་ཙམ་དུ་མ་ཟད། སྤུས་ཀ་ཡང་ཇེ་མཐོར་འགྲོ་རྒྱུ་ཉག་གཅིག་ཡིན་པ་རེད།༽ འདི་ཡིན་པ་འདྲ། འདི་ངེས་པར་བྱེད་དགོས་པ་ཞིག་ཏུ་མཐོང་ཡོད།
    དེ་བཞིན་ཡོན་ཏན་པ་གང་མང་ཞིག་གིས་བོད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་བཤད་དང་འཆད་བཞིན་འདུག་པར་མ་ཟད། ཕྱག་ལས་ཀྱང་གང་འཚམ་བསྒྲུབས་དང་སྒྲུབ་ཀྱིན་འདུག བོད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་འདི་ངེས་པར་བྱེད་དགོས་པ་ཞིག་ཏུ་མཐོང་གི་ཡོད།
    མའོ་ཡི་སྐོར་ནས་ཅིག་བཤད་ཡོད་པ་དེ་དེ་འདྲ་ཞིག་ཨེ་ཡིན་ན་བསམས་སོང་།

    Reply
  5. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    གསར་འགྱུར་གྱི་ཆེད་རྩོམ་འདི་ནི་ རིང་མིན་བོད་ཀྱི་དུས་བབ་ཀྱིས་དཔར་སྐྲུན་འགྲེམས་བྱེད་རྒྱུ་ཡིན་པའི་ “རྒད་པོ་དང་རྒྱ་མཚོ་”ཞེས་པའི་དེབ་དེའི་ཆེད་དུ་བྲིས་པ་ཞིག་ཡིན་ཞིང་། དེ་ཡང་དེབ་དེ་ཕྱིར་འགྲེམས་སྤེལ་བྱས་པ་དང་ལྷན་དུ་སྒྲུང་རྩོམ་བོད་འགྱུར་རིགས་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན་ལགས། དུས་ཚོད་འདི་ནི་སྒྲུང་གི་སྐོར་འཆད་པའི་སྐབས་ཤིག་མིན་པ་ནི་གསལ་པོར་ཤེས་ཀྱི་ཡོད། དེབ་དེ་མ་ཐོན་གོང་ལ་རྩོམ་ཡིག་འདི་ཐོན་སོང་བ་དེ་ཅུང་སྔ་དྲགས་པ་ཞིག་ཡིན་པ་རེད། དེ་ལ་དགོངས་འགལ་མེད་པ་ཞུ། ཐུགས་རྗེ་ཆེ།

    Reply
  6. ཚེ་རིང་། says:
    ལོ་ 14 སྔོན།

    དགེ་རབ་ལགས་མ་གཞི་རྩོམ་པ་པོ་རྒན་རབས་པ་རེད་གུས་ཞབས་ཡོད་མོད། འོན་ཀྱང་དེ་རིང་ཁ་སང་སྒྲུང་གཏམ་བཤད་དེ་སྡོད་ཚད་མ་རེད། ལྷག་པར་དུ་ཁྱེད་ཅག་རྩོམ་པ་པོ་ཉམས་མྱོང་དང་མཐོང་ཐོས་ཡངས་པོ་ཡོད་མཁན། ཕྱོགས་ཚང་མ་མགོ་འཚོས་མཁན་རིགས་ཀྱིས་འདི་ལྟར་འབྲེལ་མེད་ཀྱི་རྩོམ་ཡིག་འདྲ་བྲིས་ཏེ་བག་ཕེབས་ཀྱི་རྣམ་པ་དང་། ཧ་ཅང་རྒྱུན་ལྡན་གྱི་སྣང་བརྙན་ཞིག་བསྟན་པ་འདིས་མི་ཚང་མར་མགོ་འཐོམ་བཟོ་གི་རེད།

    Reply
  7. བདེ་རྒྱལ། says:
    ལོ་ 14 སྔོན།

    རྒོད་པོ་ང་རང་། སྤྱིར་ཡིག་རྨོངས་ཡིན་པ་དང་། སྒོས་སུ་ལོ་ན་རྒས་སྟོབས་ཀྱིས་མིག་གོས་ཅང་མི་ཟིན་ལ། རྣ་བས་ཅང་མི་གོ་བས་ཡིན་ནམ་གང་ཡིན། རྩོམ་འདིའི་བསྟན་དོན་ངོ་མ་ཤེས་མ་བྱུང་། དོན་བསྡུས་འགྲེལ་མཁན་རེ་ཡོད་ན་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese