མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་པོའི་གདུང་རྒྱུད་རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ཁྲོད་བདམས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོའི་སྲས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས།  ༢༠༡༢ ལོའི་འཛམ་གླིང་ན་ཆུང་དབུ་ཁྲིད་ ༣༠ ཁྲོད་བདམས་ཐོན་བྱུང་སྟེ། རྒྱལ་ཁབ་ ༡༤ ནས་ན་གཞོན་ ༣༠ ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་མགྲོན་འབོད་ཀྱིས་བདུན་གཅིག་རིང་ལྷན་ཚོགས་ཟབ་སྦྱོང་ཁྲོད་ཞུགས་འདུག

ཕྱི་ཟླ་ ༣ ཚེས་ ༢༤ ནས་ ༣༠ བར་ཉིན་དྲུག་རིང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གོ་ལ་ཁྱིམ་ཚང་གཅིག་གྱུར་ཚོགས་པའི་ (Global Family Foundation) གོ་སྒྲིག་འོག རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་(Global Teen Leaders) ལྷན་ཚོགས་ཐེངས་ ༤ དེ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཚོགས་ཡོད་པ་དང་།  ལས་རིགས་འདྲ་མིན་སྟེང་འཛམ་གླིང་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཆེད་ལས་པ་དང་དབུ་ཁྲིད་མི་སྣ་གདན་ཞུས་ཐོག མ་འོངས་པའི་སྤྱི་ཚོགས་ནང་རེ་བ་ཅན་གྱི་ན་ཆུང་དེ་དག་ལ་སྤྱི་ཚོགས་ཀྱི་གདན་དོན་འདྲ་མིན་སྟེང་བགྲོ་གླེང་དང་། སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཤུགས་མཐོར་འདེགས་གཏོང་ཐབས་སྐོར་ལ་ཟབ་སྦྱོང་སྤྲད་ཡོད་པ་རེད།

རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ཀྱི་ལས་གཞི་འདི་ ༢༠༠༨ ལོ་ནས་མགོ་བཙུགས་ཡོད་པ་དང་། དེ་ནི་འཛམ་གླིང་ཞི་བདེ་དང་གོ་ལ་ཁྱིམ་ཚང་གཅིག་གྱུར་བཅས་ཀྱི་དམིགས་ཡུལ་འོགརང་ལོ་ ༡༣ ནས་ ༡༩ བར་ན་ཆུང་དག་གི་ཁྲོད་ནས། ལོ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནང་རེ་བ་དང་ཤུགས་རྐྱེན་ཡོད་པ་ཁག་ཅིག་འཛམ་གླིང་ན་ཆུང་དབུ་ཁྲིད་ལ་འདེམས་སྒྲུག་གནང་སྟེ། མ་འོངས་པའི་འཛམ་གླིང་དབུ་ཁྲིད་གསར་པར་སྐྱེད་བསྲེང་བྱེད་ཀྱི་ཡོད་པ་ལྟར། ༢༠༡༢ ལོའི་རྒྱལ་ཁབ་ ༡༤ ནང་འཛམ་གླིང་ན་ཆུང་དབུ་ཁྲིད་གྲངས་༣༠འདེམས་ཐོན་བྱུང་པའི་ཁྲོད། རང་ལོ་ ༡༩ སོན་པ་བོད་བཙན་པའི་གདུང་རབས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་བདམས་ཐོན་བྱུང་ཡོད་པ་དང་། ཁོང་ནི་བོད་རིགས་ན་ཆུང་ཞིག་རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ཁྲོད་བདམས་པ་ཐོག་མ་ཆགས་ཡོད་པ་རེད།

ཉིན་ ༦ རིང་གི་ལྷན་ཚོགས་ཟབ་སྦྱོང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལས་རིགས་འདྲ་མིན་ཐད་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཆེད་མཁས་པ་དང་དབུ་ཁྲིད་མི་སྣ་མང་པོས། རྒྱལ་ཁབ་ཁག་ ༡༤ ནས་བདམས་ཐོན་བྱུང་པའི་ན་ཆུང་དབུ་ཁྲིད་ཚོར། དབུ་ཁྲིད་ཀྱི་ནུས་པ་མཐོར་འདེགས་དང་། གོ་ལ་ཁྱིམ་ཚང་གཅིག་གྱུར། སྤྱི་ཚོགས་འཆམ་མཐུན། འཛམ་གླིང་ཞི་བདེ་སྐྲུན་ཐབས། མང་ཚོགས་ལ་གཏམ་བཤད་བྱེད་སྟངས། གསར་འགྱུར་བརྒྱུད་ལམ་ཁག་ལ་སྐད་ཆ་བཤད་སྟངས། སྤྱི་ཚོགས་ནང་ལས་གཞི་རྒྱ་སྐྱེད་སྟངས། སོ་སོའི་ཉེ་འཁོར་གྱི་མི་མང་ལ་སྐུལ་སློང་བྱེད་ཕྱོགས་སོགས་བརྗོད་གཞི་འདྲ་མིན་ཐོག་ཟབ་སྦྱོང་སྤྲད་ཡོད་པ་མ་ཟད། རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་དུ་འདེམས་ཐོན་བྱུང་མཁན་ཚོས་ལོ་གཅིག་རིང་སྤྱི་ཚོགས་ཀྱི་གནད་དོན་དང་འགྲོ་བ་མིའི་རྩ་བའི་དགོས་མཁོ་སྟེ་བཟའ་བཏུང་དང་། འཕྲོད་བསྟེན། འཚོ་སྡོད། བདེ་འཇགས། ཤེས་ཡོན། ཁོར་ཡུག རང་དབང་སོགས་ཁ་ཕྱོགས་བྱེ་བྲག་གང་རུང་ཞིག་གི་ཐོག་ལས་གཞི་ཞིག་སྤེལ་དགོས་པ་དང་། ཁོང་ཚོ་སོ་སོའི་ལས་གཞི་དང་འབྲེལ་བའི་ཐད་རྒྱབ་སྐྱོར་དང་སློབ་སྟོན་པ་ཆེད་མཁས་མི་སྣ་རེ་གོ་སྒྲིག་བྱས་ཡོད་འདུག ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་ཀྱི་སློབ་སྟོན་པ་མཱེཀ་ཀེ་ (Mickey Lemle) ནི་རྒྱལ་སྤྱིའི་ནང་གློག་བརྙན་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པ་སྐད་གྲགས་ཆེ་ཤོས་ཤིག་ཡིན་པ་དང་།  ཁོང་ལ་གློག་བརྙན་གྱི་བླ་སྲོག་ཅེས་འབོད་ཀྱི་ཡོད་ལ། འཛམ་གླིང་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་སྒྱུ་རྩལ་པ་ ༤༠ ནང་གི་གཅིག་ཡིན་འདུག

འཛམ་གླིང་ན་ཆུང་དབུ་ཁྲིད་འདེམས་སྒྲུག་བྱེད་སྟངས་ནི། རྒྱལ་ཁབ་དང་མི་རིགས། ཕོ་མོ་དབྱེར་མེད་ཐོག་འགྲོ་བ་མིའི་སྤྱི་ཚོགས་དང་། ཡང་ན་སོ་སོ་རང་ཉིད་ཀྱི་མི་རིགས་དང་སྤྱི་ཚོགས་ཆེད་ལས་གཞི་སྤེལ་མྱོང་མཁན་ན་ཆུང་རང་ལོ་ ༡༣ ནས་ ༡༩ བར་ཡིན་དགོས་པ་མ་ཟད། རང་དབང་ཅན་གྱི་རྒྱལ་སྤྱིའི་ཚོགས་པ་དག་གིས་སྔོན་འགྲོའི་ཐོ་གཞུང་ནང་བདམས་ཐོན་བྱུང་པ་གཞིར་བཞག་ཐོག གོ་ལ་ཁྱིམ་ཚང་གཅིག་གྱུར་ཚོགས་པས་སྔོན་འགྲོའི་ཐོ་གཞུང་ནང་བསླེབས་མཁན་དག་གི་ཁྲོད་ནས། ན་ཆུང་དེ་དག་སོ་སོའི་ལས་གཞི་དག་གིས་སྤྱི་ཚོགས་ནང་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་མེད་གཞི་རྩར་བཟུང་སྟེ།མཐའ་མའི་འཛམ་གླིང་ན་ཆུང་དབུ་ཁྲིད་ ༣༠ འདེམས་སྒྲུག་ཐག་གཅོད་བྱེད་ཀྱི་ཡོད་འདུག  ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་ཀྱིས་༼ངའི་རྒྱལ་ཁབ་བོད་ཡིན༽ཞེས་པའི་རྙོག་བརྙན་ཞིག་བཟོ་སྐྲུན་བྱས་ཡོད་པ་དང་། ཁོང་གི་གློག་བརྙན་དེར་ཨ་རིའི་ནང་སྙན་གྲགས་ཅན་གྱི་ཨེ་ཤ་ཡ་དང་ཨ་རིའི་མཉམ་འབྲེལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (The Asian American Internatinonal Film Festival) ཐེངས་ ༣༤ སྟེང་འདེམས་ཐོན་བྱུང་ཡོད་པ་མ་ཟད། ན་ཆུང་གློག་བརྙན་བཟོ་སྐྲུན་པའི་གཟེངས་རྟགས་ (The One to Watch Award for Youth Filmmaker) ཞེས་པ་ཞིག་ཀྱང་ཐོབ་ཡོད་པ་རེད།  དེ་བཞིན་ (Discovery) དམིགས་བསལ་ལས་ཚན་སོགས་སུའང་བསྟན་ཡོད་འདུག  དེ་བཞིན་ཁོང་གི་ཨ་རིའི་སློབ་གྲྭ་ཁག་ ༣༠ ལྷག་ནང་གློག་བརྙན་སྟོན་དུ་ཕྱིན་པ་དང་སྦྲགས་ནས། བོད་དོན་ངོ་སྤྲོད་བྱས་པ་བཅས་ཀྱིས་འཛམ་གླིང་དང་ལྷག་པར་དུ་ཨ་རིའི་ནང་གི་མང་ཚོགས་དང་སློབ་མ་མང་པོར་བོད་ཀྱི་གནད་དོན་ཐད་སེམས་འགུལ་ཤུགས་རྐྱེན་ཐེབས་ཡོད་པར་བརྟེན། རྒྱལ་ཁབ་ ༣༧ ཀྱི་ན་གཞོན་ཤུགས་རྐྱེན་ཅན་བརྒྱ་ཕྲག་གི་སྔོན་འགྲོའི་འདེམས་ཐོན་ཐོ་གཞུང་ལས། ཁོང་མཐའ་མའི་ ༢༠༡༢ ལོའི་རྒྱལ་སྤྱིའི་ན་ཆུང་དབུ་ཁྲིད་ ༣༠ ནང་འདེམས་ཐོན་བྱུང་ཡོད་འདུག 

ཟླ་འདི་ཕྱི་ཚེས་ ༨ ཉིན་འདི་གའི་གསར་ཁང་གིས་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་སུ་ལྷན་ཚོགས་སྐབས་ཀྱི་མྱོང་ཚོར་སྐོར་བཅར་འདྲི་ཞུས་པར། ཁོང་གིས་ལྷན་ཚོགས་སྟེང་འཛམ་གླིང་གང་ས་ནས་ཡོང་པའི་ན་ཆུང་དེ་དག་ནི་སོ་སོའི་སྤྱི་ཚོགས་དང་འཛམ་གླིང་སྤྱི་ཚོགས་ཆེད་ལས་དོན་ཆེན་པོ་བསྒྲུབས་མྱོང་མཁན་རྐྱང་ཆགས་ཡོད་པ་དང་། ཁོང་ཚོའི་བྱས་རྗེས་ལ་བལྟས་ཡོང་སྐབས་རང་ཉིད་ཀྱིས་གང་ཡང་བྱས་མེད་པའི་ཚོར་སྣང་བྱུང་ཚུལ་དང་། དེ་དག་ཁྲོད་ཨེ་རག་ནས་ཡིན་པའི་ན་གཞོན་ཧ་ཤི་ཝེ་ (Haishwai) ཞེས་པ་ཞིག་དང་ཁོང་གཉིས་གཅིག་པུ་ཆབ་སྲིད་སྐོར་སྐད་ཆ་བཤད་མཁན་ཆགས་ཡོད་པ་དང་། ན་གཞོན་དེ་དག་ལོ་ན་ཆུང་ཡང་སྐད་ཆ་བཤད་སྟངས་དང་བསམ་བློའི་འཁྱེར་ཕྱོགས།སོ་སོའི་ལས་དོན་ལ་བཟུང་པའི་ཆོད་སེམས་བཅས་ལ་བལྟས་ཡོང་སྐབས། མ་འོངས་པར་ཁོང་ཚོ་དངོས་གནས་འཛམ་གླིང་གི་མི་སྣ་རླབས་ཆེན་འདྲ་ཆགས་རྒྱུ་ཡིན་པའི་སེམས་ཚོར་བྱུང་བའི་སྐོར་ངོ་སྤྲོད་དང་སྦྲགས།  ཁོང་གིས་ “ ངས་ལྷན་ཚོགས་ཀྱི་གོ་སྐབས་གང་ཡོད་ལ་བོད་ཀྱི་གནས་སྟངས་དང་། ༧གོང་ས་མཆོག་གི་དགོངས་བཞེད། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་སོགས་ངོ་སྤྲོད་བྱས་པར་ཁོང་ཚོར་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད་པ་མ་ཟད། མང་པོ་ཞིག་གིས་མ་འོངས་པར་བོད་པའི་རྩ་དོན་ཆེད། ངའི་ངོས་ནས་ལས་དོན་ག་རེ་བསྒྲུབ་ན་རྒྱབ་སྐྱོར་བྱ་རྒྱུའི་བསམ་ཚུལ་ཤུགས་ཆེན་པོ་བཏོན་བྱུང་། ” ཞེས་བརྗོད་བྱུང་།     

མཐར་ཁོང་ལ་ལོ་གཅིག་གི་ལས་གཞི་ག་རེ་འདེམས་ཡོད་པ་དང་ཇི་ལྟར་བསྒྲུབ་འཆར་ཡོད་མེད། མ་འོངས་པར་བོད་སྤྱི་ཚོགས་ནང་ལས་དོན་ཅི་ཞིག་གནང་འདུན་ཡོད་མེད་སྐོར་དྲིས་སྐབས། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཏེ་དུས་ཚོད་གང་ཡོད་དང་བསྟུན་ཨ་རིའི་སློབ་གྲྭ་ཁག་ནང་ཆེད་སྐྱོད་ཀྱིས་བོད་དོན་སྐོར་ལ་སྐད་ཆ་བཤད་དེ། བོད་དོན་ཁྱབ་སྤེལ་གཏོང་རྒྱུའི་ལས་གཞི་བདམས་ཡོད་འདུག་ལ། ཁོང་གིས་ “ མ་འོངས་པ་བརྒྱ་ཆ་བརྒྱ་སུ་གང་གིས་བཤད་ཁག་པོ་རེད། གང་ལྟར་ད་ལྟའི་རང་ཉིད་ཀྱི་འོས་འགན་གལ་ཆེ་ཤོས་སློབ་སྦྱོང་སྟེང་འཇོག་གི་ཡོད། རྗེས་ཕྱོགས་ལས་དོན་གང་ཞིག་བསྒྲུབ་ཀྱང་༸གོང་ས་མཆོག་གི་བཀའ་དགོངས་དང་མ་འགལ་བའི་ཐོག བོད་བསྟན་པ་ཆབ་སྲིད་ཆེད་ལས་དོན་བསྒྲུབ་རྒྱུའི་དམིགས་ཡུལ་ཐད་འབད་བརྩོན་བྱ་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས་ནི་བོད་བཙན་པའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ་ལགས་ཀྱི་སྲས་ཡིན་ལ།  ༢༠༠༤ ལོར་༧གོང་ས་མཆོག་གིས་ཁྲི་འདོན་གནང་ཡོད་པ་དང་། ད་ལྟ་ཨ་རིའི་སན་ཨན་ཌི་རེབ་ (St.Andrew’s school)  སློབ་གྲྭར་སློབ་གཉེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 11

  1. སྒྲ་གཅན། says:
    ལོ་ 14 སྔོན།

    བཙན་པོའི་གདུང་སྲས་རྣམ་རྒྱལ་དབང་ཕྱུག་ལགས་སུ་མཚམས་འདྲི་ཞུ

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    མཐའ་བཞི་དབང་དུ་སྡུད་པའི་བཙན་པོའི་རྒྱུད་པ།།
    ད་ལྟ་རྒྱལ་ཁབ་ཤོར་བའི་འཛམ་གླིང་དབུ་ཁྲིད།།
    མ་འོངས་གངས་རིའི་བདག་པོ་ལོས་ཀྱང་ཡིན་ན།།
    སེང་ཆེན་རྒྱལ་དར་སྐྱོད་པའི་ཉི་མར་བསྒུག་ཡོད།།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ངོ་མ་ཕོ་གསར་གཏེར་ཟོས་དོད་པོ་འདུག །མ་འོངས་པར་བོད་མི་ལ་རེ་བ་ཆེ།

    Reply
  4. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བཙན་པོའི་གདུང་སྲས་རྣམ་རྒྱལ་དབང་ཕྱུག་ལགས་སུ་མཚམས་འདྲི་ཞུ། ཁོང་ནི་བོད་མི་གཞོན་སྐྱེས་རྣམས་ཀྱི་མིག་དཔེ་བལྟ་ཡུལ་ཞིག་ཏུ་གྱུར་ཡོད། མུ་མཐུད་མདུན་སྐྱོད་བྱོས། གཞན་གྱི་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར་སོ་སོའི་ངོས་ནས་ལྷག་བསམ་རྣམ་དག་གིས་རྒྱལ་སྤྱིའི་སྟེང་དུ་མངོན་ཐུབ་པར་བྱོས། ངོས་རང་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།

    Reply
  5. སྐྱ་ཀ says:
    ལོ་ 14 སྔོན།

    ༼བཙན་པོའི་སྲས་༽སླར་ད་ཐེངས་གཅིག་འབྱོེན་ཐུབ་སོང་ང་ཚོས་མཐོ་སྒང་བོད་ཀྱི་སྐྱིད་སྡུག་འགྲན་བརྩོད་ཀྱི་དུས་རབས་འདིའི་ནང་བོད་མི་ཞིག་གི་ཟུངས་ཁྲག་ཡོད་ནས་བཟུང་རང་ཉིད་ཀྱི་འོས་འགན་ཆེ་ཕྲ་རེ་ཕྲག་ཏུ་ཁུར་ནས་མདུན་གྱི་ལམ་བུ་སྟེང་སྐྱོད་དགོས། འོས་འགན་དེ་ནི་ཤེས་ཚད་དང་རྣམ་དཔྱོད་ཀྱི་ཚད་གཞི་མི་འདྲ་བས་དབང་གིས་ལས་དོན་དེའང་གྲུབ་སྟངས་མི་འདྲ་བ་རེ་རེ་ཡོད་སྡད་པ་ཆོས་ཉིད་གཅིག་རེད། ཡིན་ཡང་དེ་རིང་གི་གསལ་ཤོག་སྟེང་ནས་མཐོང་འོང་བའི་༼བཙན་པོའི་སྲས་༽ང་ཉིད་འདི་ནས་རེ་བ་གསར་པ་ཞིག་དང་ཡིད་ཆས་གསར་པ་ཞིག་སྐྱེ་བསྲིངས་བྱས་བྱུང་། འུ་ཚང་གི་མཐོ་དམན་པར་གསུམ་ནས་ལས་རིམ་མི་འདྲ་བ་མང་པོ་རེ་སྤེལ་རྒྱུའང་ཡོད་ལ་སྤེལ་དགོས་པའང་རེད། ཁྱོད་རང་ལས་འགུལ་འདི་ནི་ནུས་ཤུགས་ཆེ་ཤོས་ཀྱི་ལས་འགུལ་གྱི་གྲུབ་ཆ་བརྟན་ཤོས་ཤིག་ཡིན་པའི་ཡིད་ཆེས་དེ་རེད། ད་དུང་མི་ཐུད་དུ་སྐུ་ཉིད་ཀྱི་འོས་འགན་དེ་དུས་ཚོད་དམ་འཛིན་དང་བརྩོན་པ་རྒྱ་བསྐྱེད་དུ་འགྱུར་རྒྱུར་རེ་བ་ཤིན་ཏུ་ནས་ཆེ།།

    Reply
  6. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    བཙན་པའི་གདུང་རྒྱུད་ཡིན་ན་དགའ་རྒྱུ་མེད། །བུ་ལ་འཇོན་ཐང་ཡོད་ན་དགའ་བསུ་ཡོད། །མཐོ་རིམ་བུ་ཞིག་འདི་ལྟར་ཚུད་པ་དེ། །ལྕགས་ཀྱུའི་མཐེན་པ་མིན་པའི་རེ་བ་ཡོད། །

    Reply
  7. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    གདུང་སྲས་མཆོག་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་དང་སྐུ་ཉིད་འཛམ་གླིང་གཞོན་སྐྱེས་རྩེ་ཕུད་གྲས་སུ་གསོ་སྐྱོང་འདེམ་ཐོན་བྱུང་བར་དགའ་བསུ་ཞུ། འོད་སྟོང་ལྡན་པའི་ལམ་བུ་འདི་བརྒྱུད་དེ་བཙན་པོའི་རྒྱལ་ས་སླར་ཡང་ལེན་ཐུབ་པའི་ཐུགས་བསྐྱེད་ལྷོད་མེད་གནང་རྒྱུར་གཞེན་སྐུལ་ཞུ།།

    Reply
  8. སྐར་མདའ། says:
    ལོ་ 14 སྔོན།

    རང་རེ་བོད་ལ་མཚོན་ནས་བཤད་ན། དགའ་འོས་པའི་གཏམ་བཟང་ཞིག་རེད་འདུག་པས་དགའ་བསུ་ཡོད། ལྷག་པར་དུ་བོད་བཙན་པོའི་གདུང་རྒྱུད་ཀྱི་མིང་ཐོབ་ཡོད་པའི་ལོ་གཞོན་ཞིག་གིས་སྡིངས་ཆ་འདི་འདྲའི་སྟེང་ནས་ཆབ་སྲིད་དང་འབྲེལ་ཏེ་བོད་དོན་གླེང་སློང་བྱས་པར་རྗེས་སུ་ཡི་རངས་ཞུ། བོད་རྒྱལ་ལོ།

    Reply
  9. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    གསར་འགྱུར་འདི་གཏམ་བཟང་ཞིག་ཡིན་དང་ཡིན། ཧ་ཅང་དགའ་བོ་བྱུང་། ཡིན་ནའང་ཆོས་རྒྱལ་གདུང་རྒྱུད་ཡིན་པར་ངོས་ལེན་དང་ཡིད་ཆེས་རྩ་ནས་བྱེད་ཐུབ་ས་མ་རེད། མངའ་བདག་འོད་སྲུངས་ཀྱི་རྒྱུད་པ་ལ་དྭགས་སུ་ཡོད། དེར་ཕོ་བྲང་དང་རྒྱལ་པོའི་དབུ་ཞྭའང་མཇལ་རྒྱུ་འདུག ལ་དྭགས་རྣམ་རྒྱལ་མཚན་ཅན་གྱིས་སྲིད་དབང་མ་འཕྲོག་བར་དུ་ལ་དྭགས་ཕྱོགས་སུ་དབང་བསྒྱུར་བྱས་པ་རེད། རྒྱུད་པ་ད་དུང་ཡང་ཡོད་སྐད། ལྷ་རྒྱ་རི་འདི་བ་ཡུམ་བརྟན་གྱི་རྒྱུད་པ་ཡིན་སྐད་ཅིག་འདུག་ཀྱང་ལོ་རྒྱུས་ཉམས་ཞིབ་པ་ལ་ལས་འོད་སྲུངས་དང་ཡུམ་བརྟན་གཉིས་གཅིག་ཡིན་པ་ལ་ཐ་དད་མིན་པར་བཞེད། གང་ལྟར་ཆོས་རྒྱལ་གདུང་རྒྱུད་ཡིན་པར་ཡིད་ཆེས་ཐབས་བྲལ་བས་མཚན་འདི་གསར་འགོད་པས་མ་སྤྱད་ན་ལེགས་སྙམ།

    Reply
  10. པོ་ཏཱ་ལ says:
    ལོ་ 14 སྔོན།

    ༧བཙན་པོ་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་ལགས།
    བཀྲ་ཤིས་བདེ་ལེགས་ཞུ་བ་དང་།
    དེ་རིང་གི་གཏམ་འདིས་ཧ་ཅང་གི་དགའ་སྤྲོ་དང་སེམས་སྐྱོ་ཡང་བྱུང་།
    བོད་བཙན་པོའི་གདུང་རྒྱུད་ཅིག་འདི་ལྟར་བུ་འཛམ་གླིང་གནད་ཡོད་མི་སྣ་ནང་ཞུགས་ཐུབ་པ་ཕ་མེས་ཀྱི་གཟི་བརྗིད་དང་དབང་ཐང་བོད་མགོ་ནག་ཡོངས་ཀྱི་ཆེ་བ་བཅས་མཚོན་པར་བསམ་ནས་དགའ་བོ་ཞི་དྲག་བྱུང་།
    ཡང་ཁོང་གཞོན་ནུ་ལོ་ཆུང་ཞིག་ལ་ཧ་ཅང་གི་ཉམས་ཐག་པའི་མི་རིགས་ཞིག་གི་བདེ་སྡུག་འགན་ཁུར་གྱི་ལས་སྐལ་ལྕི་མོ་དེ་བསམ་ཚེ་སེམས་པ་ཡང་སྐྱོ་བྱུང་།
    དེས་ན་ངས་ཞུ་འདོད་པ་ནི་་་ཁྱེད་ནི་ང་ཡི་དཔོན་པོ་ཡིན་ལ་
    ང་ནི་ཁྱེད་ཀྱི་འབངས་མི་ནམ་ཡང་ཡིན།།།

    Reply
  11. Tibet yeti says:
    ལོ་ 14 སྔོན།

    གདུང་སྲས་སླར་ཡང་བྱོན་པ་དགའ་སྤྲོ་ཆེ། བྱས་རྗེ་ལམ་མེར་ཡོད་པ་དེ་བས་དགའ། ད་བློ་རིག་འགྲིམས་ནས་རང་ཡུལ་ལེན་པར་འབད་པ་གནང་ཤོག་ཨང་། ང་ཚོར་དེང་དུས་ན་བཞོན་མཆེད་ལས་ཉུང་དྲགས་ཡོད། བཀའ་བློན་བློ་སེང་འདྲ་བ་ཉིས་བརྒྱ་ཡོད་ཚེ་དགའ་བ་ལ་ད་དུང་ཉུང་དྲགས་ཤག། ད་ལྟ་གནང་བཞིན་པའི་མཆེད་ལས་རྣམས་ནད་མེད་ཚེ་རིང་དང་། བསམ་ལྷུན་སྒྲུབ་པའི་སྨོན་མདུན་ཞུ།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese