མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་དངུལ་ཧིན་སྒོར་འབུམ་ ༢ ལྐོག་ཟའི་ཐད་ཀྱི་གསལ་བཤད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་ལྐོག་ཟ་བྱས་པའི་གནས་ཚུལ་བྱུང་ཡོད་ཀྱང་།  ཕྱིས་སུ་སྤྱི་དངུལ་ཕྱིར་རྩིས་སྤྲོད་དང་ཚོགས་པ་ནས་རྩ་དགོངས་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༦ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༠ ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཚོགས་བཞིན་པ་ལྟར། ཚོགས་ཆེན་གྱི་ཉིན་གཉིས་པར་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་མི་ཞིག་གིས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྤྱི་དངུལ་ཧིན་སྒོར་འབུམ་ ༢ ལྐོག་ཟ་བྱས་ཡོད་པའི་གནད་དོན་དེའི་ཐད། ཚོགས་གཙོ་དང་རྒྱུན་ལས་ནས་ཚོགས་ཆེན་ཐོག་གསལ་བཤད་བྱ་དགོས་པའི་བསམ་འཆར་བཏོན་ཡོད་པ་ལྟར། རྒྱུན་ལས་ཀྱི་ངོས་ནས་གནས་ཚུལ་དེའི་སྐོར་ཚོགས་བཅར་བ་ཡོངས་ལ་གསལ་བཤད་བྱས་ཡོད་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོངས་བསྒྲགས་ཐོག་གསལ་བཤད་གང་ཡང་གནང་མེད་པ་རེད། དེ་རིང་ཕྱི་ཚེས་ ༡༦ ཉིན་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དངུལ་འཛིན་སྤྱད་དེ་སྤྱི་དངུལ་ལྐོག་ཟ་བྱས་པའི་བདེན་དཔང་ཡིག་ཆ་ཁག་དང་མཉམ་དུ། ཚོགས་གཙོའི་ལས་ཚབ་དང་ཚོགས་གཞོན། དྲུང་ཆེ། ཟུང་དྲུང་། ཉམས་ཞིབ་པ་དང་གསར་འགོད་འགན་འཛིན་བཅས་ཀྱི་མཚན་རྟགས་བཀོད་པའི་གསལ་བཤད་ཡི་གེ་ཞིག་གནང་སོང་།

ཡིག་ཐོག་གསལ་བཤད་དེའི་ནང་། ཉེ་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནང་། སྤྱི་དངུལ་ལྐོག་ཟ་བྱས་པའི་དོན་རྐྱེན་ཞིག་ལས་འཕྲོས་ཏེ་སྤྱི་ཚོགས་ནང་གླེང་སློང་མང་དག་ཅིག་བྱུང་ཡོད་པར། འདི་ག་སྐབས་དགུ་པའི་དབུས་རྒྱུན་ལས་ཁང་ནས་སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དང་ཐག་གཅོད་ཇི་ལྟར་བྱུང་ཡོད་མེད་འཁྱོག་བཤད་ཅི་ཡང་མེད་པར་དྲང་བདེན་གཞུང་དྲང་གིས་གསལ་བསྒྲགས་མི་བྱེད་ཐབས་མེད་སོང་བར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ཚོགས་གཞོན་གྱིས་དངུལ་འཛིན་ (Cheque ) ཨང་གྲངས་ ༦༡༦༤༤༢ བྱས་པ་ཞིག་ཚང་མེད་པ་ཤེས་རྗེས། འབྲེལ་ཡོད་ལས་བྱེད་ཚོར་སྐད་ཆ་དྲིས་ཀྱང་དངུལ་འཛིན་བེད་སྤྱོད་བྱས་མེད་པའི་ལན་འདེབས་བྱས་ཡོད། དེ་རྗེས་རྩིས་ཁྲར་ཞིབ་འཇུག་ཞིབ་ཚགས་བྱས་རྗེས་མེག་གྷན་ཨེས་བི་ཨེའི་དངུལ་ཁང་ལ་རྩད་གཅོད་བྱ་རྒྱུར་རེ་སྐུལ་ཞུས་པ་བཞིན། དངུལ་འཛིན་དེ་ནས་ཧིན་སྒོར་འབུམ་གཉིས་ལྡི་ལི་མཐོ་སློབ་ཨེས་བི་ཨེའི་དངུལ་ཁང་ནས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་ (Maiya Pradhan) ཟེར་བ་ཞིག་གི་མིང་ཐོག་ཏུ་བཏང་པ་ཤེས་རྟོགས་བྱུང་ཡོད། དེ་རྗེས་དྲུང་ཆེ་དང་རྩིས་པ་གཉིས་ཀྱི་རེ་སྐུལ་ཞུས་པ་ལྟར་མེག་གྷན་ཨེས་བི་ཨེའི་དངུལ་ཁང་འགན་འཛིན་གཞོན་པས་ལྡི་ལི་མཐོ་སློབ་དངུལ་ཁང་འགན་འཛིན་ལ་འབྲེལ་བ་ཞུས་ཏེ། དངུལ་དེ་དག་ཇི་ལྟར་བཏང་ཡོད་མེད་དང་གཏོང་མཁན་སུ་ཡིན་མིན་སོགས་དང་འབྲེལ་བའི་དངུལ་བཏང་འཛིན་རེའུ་མིག་ (cheque deposit slip and cheque ) ཅིག་གློག་འཕྲིན་བརྒྱུད་མེ་གྷན་དངུལ་ཁང་ཨེས་བི་ཨེའི་འགན་འཛིན་ལ་ཆ་ཚང་ཞིག་བསྐུར་གནང་ཡོད་པས། དེ་དག་ལས་ཨེས་བྷི་ཨེ་དངུལ་ཁང་ལག་དེབ་ཨང་ ༡༠༢༡༩༨༡༦༤༢༧ ནས་དངུལ་འཛིན་ཨང་གྲངས་ ༦༡༦༤༤༢ འཁོད་པའི་དངུལ་འཛིན་ (cheque ) དེའི་ཐོག་དྲུང་ཆེ་དང་ཚོགས་གཞོན་གྱི་ས་རྟགས་འཁོད་ཡོད་པ་ཤེས་རྟོགས་བྱུང་ཡོད། (དངུལ་འཛིན་ནང་ཚོགས་གཞོན་གྱི་ས་ཡིག་འཁོད་དོན་ནི། དེ་སྔོན་དྲུང་ཆེ་མ་གཏོགས་རྒྱུན་ལས་དང་ལས་བྱེད་ཚང་མ་དུས་དབང་ཞུ་བར་ (༣༢) འགྲོ་གཏན་འཁེལ་བར་བརྟེན། སྐབས་འཕྲལ་དངུལ་ཁང་ནས་དངུལ་བཏོན་དགོས་ཚེ་ངེས་པར་རྒྱུན་ལས་གཉིས་ཀྱི་ས་རྟགས་དགོས་པས་ཚོགས་གཞོན་གྱིས་དངུལ་འཛིན་སྟེང་དུ་ཁོ་མོའི་ས་རྟགས་བརྒྱབས་ཡོད། འོན་ཀྱང་དུས་དབང་རིང་དངུལ་འཛིན་བེད་སྤྱོད་བྱ་དགོས་བྱུང་མེད། ) དྲུང་ཆེ་རང་ཉིད་ནས་དངུལ་འཛིན་དེའི་སྟེང་ས་རྟགས་བརྒྱབ་མེད་སྟབས་རྒྱུན་ལས་ནང་ཁུལ་དུ་དོགས་འཆར་བྱུང་སྟེ། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་སླར་ཡང་དྲུང་ཆེ་དང་རྩིས་པ་གཉིས་ཀྱིས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཆེད་གསང་བའི་ཐོག་མེག་གྷན་ཨེས་བྷི་ཨའེ་དངུལ་ཁང་དུ་བསྐྱོད་རྗེས། གནས་ཚུལ་དེ་ཚོགས་གཙོས་རྡོ་རྗེ་གླིང་གནས་སྡོད་མཱ་ཡ་པྲ་དྷན་(Maiya Pradhan)ཞེས་པའི་བུད་མེད་ཞིག་བརྒྱུད་ཁོ་མོའི་ཁྱོ་གར་བསྐུར་ཡོད་པའི་དཔང་རྟགས་ར་སྤྲོད་ཁུངས་བཙན་རག་ཐུབ་པ་བྱུང་ཡོད། ཅེས་དང་།

ཡང་གསལ་བཤད་དེའི་ནང་མུ་མཐུད་བཀོད་དོན། ཕྱི་ཟླ་ ༤ ཚེས་ ༣ ཉིན་རྒྱུན་ལས་ཚང་འཛོམས་ཀྱིས་ཚོགས་གཙོར་རང་སྐྱོན་ངོས་ལེན་ཞུ་རྒྱུར་གོ་སྐབས་ཇི་ཙམ་ཕུལ་ཀྱང་དོན་ཕན་གང་ཡང་སོན་མེད་པས་རྒྱུན་ལས་མ་ཡིན་པའི་ལས་བྱེད་ཚོར་ཡང་བཅར་འདྲི་བྱེད་དགོས་བྱུང་ཡོད། ཁོང་ཚོའི་ཕྱོགས་ནས་ཀྱང་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མེད། མཐར་འུ་ཐུག་ཐབས་ཟད་ཀྱིས་ཚོགས་གཙོ་གཙོས་རྒྱུན་ལས་དང་ལས་བྱེད་ཚང་མ་མོས་མཐུན་ཐོག་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་བྱུང་ཡོད། འོན་ཀྱང་། ཕྱི་ཟླ་ ༤ ཚེས་ ༤ ཉིན་ཞོགས་པ་ཕྱག་ཚོད་ ༩།༣༠ ཐོག་རྒྱུན་ལས་ཚང་འཛོམས་སར། ཚོགས་གཙོས་དཔང་རྟགས་གཞིར་བཞག་ན་དོན་རྐྱེན་དེའི་བརྒྱ་ཆ་ ༩༠ ཙམ་ཚོགས་གཙོ་རང་ཉིད་ཀྱི་ཐོག་བབ་ཚུལ་གསུངས་ཏེ། ཁོང་མོར་ནག་ཉེས་མེད་ཀྱང་ཚོགས་པའི་ཆེ་མཐོང་ཆེད་གནས་སྐབས་རིང་ཁས་ལེན་བྱ་རྒྱུའི་རྣམ་འགྱུར་བསྟན་ཀྱང་རྒྱུན་ལས་ཚང་མས་ཁས་ལེན་བྱས་མེད་པ་མ་ཟད། དེའི་རྗེས་རྩིས་པ་དང་དྲུང་ཆེ། ཚོགས་གཞོན་གསུམ་མེག་གྷན་ཨེས་བྷི་ཨེའི་ (SBI) དངུལ་ཁང་དུ་བསྐྱོད་ཁར་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོས་དོན་རྐྱེན་དེ་ལས་གཡོལ་ཐབས་མེད་པ་ཤེས་ཏེ། དེ་སྔོན་ཚོགས་གཞོན་གྱི་ས་ཡིག་འཁོད་པའི་དངུལ་འཛིན་ཞིག་ལྐོག་ཏུ་ཉར་ཏེ་དྲུང་ཆེའི་ས་རྟགས་བརྫུས་མ་བརྒྱབ་ནས། ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ལྡི་ལི་མཐོ་སློབ་ཨེས་བྷི་ཨེའི་དངུལ་ཁང་བརྒྱུད་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་རྡོ་རྗེ་གླིང་གི་ཁོ་མོའི་ཁྱིམ་མཚེས་མཱ་ཡ་པྲ་དྷན་(Maiya Pradhan) ཞེས་པའི་བུད་མེད་ཞིག་ལ་བསྐུར་བ་ངོས་ལེན་གཙང་མ་བྱས་ཡོད་པས། སྔ་ཕྱིའི་གནས་ཚུལ་བྱུང་རྐྱེན་དེ་དག་ལ་བརྟེན་ནས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ད་ལྟའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་དང། རང་སྐྱོན་ངོས་ལེན་ཞུ་ཡིག་འབྲི་དགོས་པ། ཧིན་སྒོར་འབུམ་གཉིས་ལས་ཁུངས་ལ་ཕྱིར་སློག་དགོས་པ་བཅས་གཏན་འབེབས་བྱུང་བ་བཞིན། ཁོ་མོས་ཀྱང་དེ་ལྟར་ཁས་ལེན་བྱུང་བ་དུས་ཐོག་ཏུ་ལག་ལེན་བསྟར་ཡོད། ཅེས་བཀོད་འདུག

 

གནས་ཚུལ་དེའི་ཐད་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ་ལ་བཅར་འདྲི་བྱས་པར། ཁོ་མོས་ “ང་རང་ལ་མཚོན་ན་ལོ་ ༢༠ ལྷག་གི་རིང་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབས་ཡོད་པ་ཚང་མས་མཁྱེན་གསལ་རེད། དུས་ཡུན་འདི་དག་ནང་མི་མང་གི་ངོས་ནས་ང་རང་ལ་ཡིད་ཆེས་ཡོད་ལ། ང་རང་གི་ངོས་ནས་ཀྱང་ལྷད་མེད་ཡིན། ད་རེས་གནས་ཚུལ་འདི་འདྲ་ཞིག་བྱུང་ཚར་བ་རེད། ཡིན་ཡང་། ངའི་ངོས་ནས་ཚོགས་པས་དངུལ་ཟ་སེམས་དང་ཀུན་སློང་ངན་པ་ཞིག་ཁུར་ཏེ་ལས་པ་ཞིག་ཆགས་ཀྱི་མེད། གནས་ཚུལ་བྱུང་སྟངས་དེ་ཉེ་སྔོན་ཕྱི་རྒྱལ་དུ་ཡོད་པའི་ངའི་བུས་ཁོའི་རོགས་པ་སྐྱོབ་ཆེད་གཞན་དང་འཁྲུག་འཛིང་ཤོར་སྟེ་བཙོན་འཇུག་བྱས་རྗེས། མཐའ་མར་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཉེན་འདུག་ཅེས་ང་ལ་ཁ་པར་བསླེབས་སོང་། སྐབས་དེར་མགྱོགས་པོར་དངུལ་ཕོན་ཆེན་པོ་ཞིག་གྲ་སྒྲིག་བྱ་དགོས་བྱུང་སྟེ། མི་ཡར་མར་མང་པོ་ཞིག་ལ་གཡར་རྗེས་གང་འཚམ་རག་སོང་མོད།  ཆ་ཚང་མ་འདང་སྟབས་ཐོག་མར་ལས་ཁུངས་ཀྱི་དངུལ་བེད་སྤྱོད་བཏང་རྗེས། མགྱོགས་པོ་ཕྱིར་སློག་དགོས་བསམ་སྟེ་བླངས་པ་ཡིན།  ཕྱིས་སུ་ཕྱིར་སློག་པའི་དངུལ་ཡང་ང་ལ་རག་ཏེ་ཚོགས་པས་མ་བཤད་སྔོན་དུ་ཕར་རྩིས་སྤྲོད་དང་གསལ་བཤད་བྱ་དགོས་བསམ་ཡོད་ཀྱང་། ཚོགས་ཆེན་དང་ས་གནས་འདྲ་མིན་དུ་འགྲོ་དགོས་པ་སོགས་ཀྱིས་དུས་ཚོད་རྕ་བ་ནས་མ་རག་པར། ཕར་གསལ་བཤད་གནང་ཁོམ་མ་བྱུང་བར་ཚུར་ལབ་དགོས་བྱུང་བ་རེད། གོ་སྐབས་སྤྲད་ཡོད་ཀྱང་ལས་བྲེལ་གྱི་དབང་གིས་འཕྱི་དྲགས་ཏེ་གནས་ཚུལ་འདི་འདྲ་ཞིག་བྱུང་བ་རེད། དེ་ང་རང་གི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད། ” ཅེས་བརྗོད་བྱུང་།    

 

གནས་ཚུལ་འདི་སྤྱི་ཚོགས་ཁྲོད་ཤུགས་ཆེན་པོ་ཁྱབ་ཀྱིན་ཡོད་སྟབས། མང་ཚོགས་ལ་གསལ་བཤད་དང་བརྗོད་འདོད་པའི་སྐད་ཆ་ག་རེ་ཡོད་མེད་དྲིས་པར། ཁོ་མོས། “ ཕྱིས་སུ་ངའི་ངོས་ནས་དངུལ་རྩིས་སྤྲོད་བྱས་པ་དང་མཉམ་དུ་རྒྱུན་ལས་རྣམ་པར་དགོངས་སེལ་ཞུས་པ་ཡིན་ལ། ཁ་སང་ཆེད་དུ་ཚོགས་ཆེན་དུ་བཅར་ཏེ་ཚོགས་བཅར་བ་ཡོངས་ལ་དགོངས་སེལ་ཞུས་པ་ཡིན།  ཉེ་ཆར་ང་ཚོའི་ངོས་ནས་གནས་ཚུལ་ཕྱིར་བསྒྲགས་མི་བྱེད་རྒྱུ་བྱས་ཡོད་ཀྱང་།  གནས་ཚུལ་གང་སར་ཁྱབ་འདུག་ལ། ད་རེས་ཁོང་ཚོའི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་བསྐྱངས་པ་རེད། མ་འོངས་པར་གསར་འགོད་གསལ་བསྒྲགས་བརྒྱུད་དེ་གནས་ཚུལ་ཅི་ཞིག་བྱུང་ཡང་དེའི་འགན་ང་ལ་མེད་ཞུ་རྒྱུ་ཡིན། དེ་བཞིན། མི་མང་ལ་ང་རང་ཉིད་ཀྱི་ངོས་ནས་ད་ལྟའི་བར་ནང་མི་དང་ཕྲུ་གུ་ཚང་མ་བློས་བཏང་སྟེ་ཞབས་ཞུ་བསྒྲུབས་ཡོད་ཀྱང་། ད་རེས་ལས་ཀའི་ཐོག་འགལ་འཛོལ་བྱུང་སྟེ་གནས་ཚུལ་འདི་འདྲ་ཞིག་ལྷག་པར་ཚང་མར་དགོངས་སེལ་ཞུས་པ་ཡིན། ཚང་མས་ཐུགས་ལ་མ་གནོད་པ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། མ་འོངས་པར་ང་མི་སྒེར་བ་ཞིག་གིས་དམིགས་བསལ་གྱི་ཁྱད་པར་བཟོ་མི་ཐུབ་ཀྱང་། རང་ངོས་ནས་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་ཡོད། ” ཅེས་བརྗོད་བྱུང་།

 
 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 94

  1. བཀྲ་ཤིས། says:
    ལོ་ 13 སྔོན།

    ད་རུང་བྱས་ན་་སྐུ་རྒེན་ཡིག་ཚང་ནས་ཨ མདོ་བ་དང་དབུས་པ་ལ་ལས་ཧིན་སྒོར་མང་པོ་ཟས་འདུག་གོ ཁོས་ཚོས་ཆཽལ་ཁ་ཕྱོགས་ཞེན་བྱས་ནས་བསྡད་ཡོད་རེད། དེ་ཚོ་མ་རབ་སྒྲོལ་དཀར་ལྷ་མོ་གནས་ཚུལ་ཆུང་ཆུང་རེད་བསམ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    འདི་ལས་ལྷག་པའི་རིགས་ཅི་ཡང་ཡོད་ངེས་ལ་ད་དུང་ཡང་མུ་མཐུད་འབྱུང་ངེས། སྤྱིར་སྒོར་མོའི་མང་ཉུང་ཆ་ནས་ཀྱང་ཧ་ལས་དགོས་པ་ཅི་ཡང་མ་རེད། འོན་ཀྱང་མི་བླ་མ་དཀོན་མཆོག་ཅིག་ཡིན་བསམས་པ་ཞིག་ལ་འདི་འདྲ་བྱུང་དུས་གཞི་ནས་བློ་ཕམ་ཆེན་པོ་ཡོང་གི ངའི་བསམ་པ་ལ་མོ་རང་ཧ་ཅང་འགྱོད་གི་ཡོད་ངེས་ལ། ངའི་རེ་བ་ལ་མོ་རང་སེམས་ཤུགས་མི་ཆགས་པར་འགྱོད་བཤགས་ཀྱིས་སྔར་ལས་མི་ཡག་པོ་ཞིག་ཆགས་རྒྱུར་འབད་བརྩོན་གནང་གི་རེད་སྙམ། དེ་ལྟར་ཡོང་བར་སྨོན་ལམ་འདེབས། དེ་དང་ལྷན་ཅིག་ད་དུང་ཧ་མ་གོ་བ་དང་ཕྱི་གསལ་ནང་གསལ་མ་བཟོས་པའི་གནོང་ཡོད་པ་སུ་དང་གང་དག་གིས་རང་སེམས་གཙང་མ་བཟོས་ནས་རྗེས་སུ་འདི་རིགས་མི་ཡོང་བའི་གཞེན་སྐུལ་ཡང་ཞུ་འདོད་བྱུང།
    ཁྲིམས་དང་བདེན་པས་བཙིར་དུས་སུ་ཡང་ཡིབ་ས་མེད།
    རང་ཉེས་རང་གིས་སེལ་འདི་ཕྱི་གཉིས་ལ་སྨན། ཞེས་ཀྱང་སྨྲའོ།

    Reply
  3. མིའུ་ཕྲུག says:
    ལོ་ 13 སྔོན།

    ང་ཚོས་བསམ་བློ་ཡག་པོ་ཞིག་གཏོང་ནས་སྐད་ཆ་བཤད་ན་གནས་ཚུལ་འདི་སྟབས་མི་ལེགས་པ་ཞིག་དང་གདོང་ཐུག་རྒྱག་ནས་མོ་རང་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཆགས་པ་ལས་དོན་དངོས་ཐོག་མོས་བཤད་པ་ལྟར་དཀའ་ངལ་འཕྲལ་སེལ་ཞིག་གིས་ཆེད་གནས་སྐབས་སུ་དེ་ལྟར་བེད་སྤྱོད་བྱས་པ་ཡིན་སྲིད། ཕྲན་ཡང་ཚོགས་པ་ཁ་ཤས་ནང་དུ་ལས་ཀ་བྱས་མྱོང་བས་སྐབས་སྐབས་སུ་གནས་ཚུལ་འདི་ལྟ་བུ་འཕྲད་མྱོང་བས་མོས་བཤད་པའི་སྐད་ཆ་ལ་ཡིད་ཆེས་ཡོད། འོན་ཏེ་མོས་དངུལ་དེ་གཏོང་ཚར་དུས་སྐད་ཆ་ཞིག་རྒྱུན་ལས་ལ་བཤད་ཡོད་ཚེ་གནས་ཚུལ་དེ་ཚད་འདི་ལྟར་ལྷུང་དོན་མེད་སྙམ།
    དེ་ལས་ཁེ་མཚར་བ་ཞིག་ལ་རིག་པའི་རལ་གྲིའི་མཆན་བུ་རུ་ཀ་མགོ་ལ་ཡོད་པའི་ལ་དེ་ཀ་འོག་ཏུ་ཕེབས་ཚར་བ་འདི་དགོད་མོ་ཤོར་ཡ་ཞིག་རེད། ཧ་ཧ་ཧ།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    མདོར་དྲིལ་ནས་བཤད་ན་་་ནོར་འཁྲུལ་ཆེ་ཤོས་བོད་གཞུང་གིས་སྔོན་ནས་ད་བར་ལྐོག་ཟ་མཁན་ཚོ་ཕྱིར་བསྒྲགས་མ་བྱས་པར་རང་ས་ནས་གསང་བ་བྱས་པ་དེ་རེད་་་་་གཅིག་གསང་བ་བྱས་གཉིས་གསང་བ་བྱས་ནས་ད་བར་བསྡད་པ་རེད་་་་་་ང་ཚོར་ཁྲིམས་དང་སྒྲིག་གཞི་ཞིག་མེད་པ་དོན་རྐྱེན་འདིས་གསལ་སྟོན་བྱས་པ་རེད་་་་་རྒྱལ་ཁབ་གཞན་ཞིག་ལ་མཚོན་ན་འདི་ལྟ་བུའི་ལྐོག་ཟ་ཞིག་བྱུང་ན་དགོངས་སེལ་ཞིག་གིས་དག་གི་རེད་དམ་་་་་བོད་རྒྱལ་ཁབ་ཅེས་ཅི་ཙམ་བཤད་ཀྱང་དོན་སྙིང་འདི་འདྲ་ཞིག་རེད་་་་་་བསམ་བློ་ཡག་པོ་གཏོང་དགོས་པའི་དུས་ལ་བབ་ཡོད་

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    དེ་རིང་དྲ་གྲོགས་ཚོས་ཧང་སང་མདོག་གིས་དུས་བབ་ཚང་ཟང་ཟིང་ཞིག་ཏུ་བསྒྱུར་འདུག་་་་་ཡིན་ནའང་དེ་འདྲའི་བློས་མི་འཁྱུན་པ་ཞིག་ཨེ་ཡིན་ནམ་་་་་དབྱིན་སྒོར་དང་ཨ་སྒོར་ཀྱང་འདི་ལས་མང་བ་ཟ་མཁན་འདུག་པས་ཧིན་སྒོར་ཉིས་འབུམ་ཞིག་ལ་དེ་འདྲའི་ཧང་སང་མདོག་མ་བྱེད་དང་་་་་སྤྱིར་བཏང་ལྐོག་ཟ་བྱེད་མཁན་ཚོ་ཐེར་འདོན་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་་་་་་ཡིན་ནའང་ད་ཐེངས་ཀིརྟི་སྒྲོལ་དཀར་མས་ཟ་སྟངས་མ་ཤེས་པའམ་ཟ་དུས་གཅིག་ལ་ལྷན་དུ་ཟ་སེམས་ཀྱིས་འགེབ་མ་ཐུབ་པ་ལས་་་་་བོད་གཞུང་གི་ལས་བྱེད་ནང་གི་མཐོ་གྲས་ཤིག་ཡིན་དང་ཡིན་་་་་ལས་བྱེད་ཀྱི་མིང་ཐོགས་ཚད་ཀྱིས་འདི་འདྲ་ཞིག་མ་ཟོས་མཁན་མེད་ཅེས་བཤད་ན་ཧ་ལམ་རྫུན་དུ་མི་འགྱུར་བའི་ཚོད་དུ་ཡོད་་་་་་འགའ་ཤས་ཤིག་གིས་དེ་ཙམ་ཟ་མ་ཐུབ་ཀྱང་རང་ཚོད་ཀྱིས་ཟ་ཅི་ཐུབ་རེ་ཟོས་པ་བཤད་ཅི་ལ་དགོས་་་་་་དེ་སྔོན་ཡང་ཟོས་རབས་རྐུས་རབས་མང་པོ་ཞིག་ལྐོག་དང་གསང་ནས་གོ་རྒྱུ་ཡོད་ཀྱང་་་་བོད་གཞུང་གི་ལྐོག་ཟ་བྱེད་མཁན་ཚོ་བོད་གཞུང་གིས་གསང་བ་བྱས་ནས་མི་མང་ལ་ད་བར་གསང་བ་བྱས་པ་རེད་་་་་ད་ཐེངས་ཀྱང་གསང་བ་བྱས་པ་ཡིན་ཡང་དགའ་མི་དགའ་ཞིག་གིས་ཕྱིར་བསྒྲགས་བྱས་པ་རེད་་་་་་འདི་འདྲ་བསམ་ན་ང་ཚོའི་གཞུང་འདི་ནང་རུལ་ཞིག་ཡིན་པ་གསལ་བོ་ཤེས་ཀྱི་འདུག་་་་་

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གང་ཡོད་མ་རེད་མི་ལ་ནོར་འཁྲུལ་དང་ཤིང་ལ་འཛེར་པའི་དཔེ་ལྟར་རེད། འོན་ཀྱང་མི་མང་ཉམས་ཆུང་གི་གསོག་དངུལ་སྔར་ནོར་གླིང་ལ་འབུམ་གསུམ་དང་། ད་ལོ་དྷ་སར་འབུམ་གཉིས། རྗེས་མ་ས་གནས་གཞན་ཞིག་ཏུ་འབུམ་གཅིག་ལས་མང་བའི་དོན་རྐྱེན་མ་ཆགས་པའོ་རེ་བ་བྱ་རྒྱུ་ལས་ལྷག་མེད་པ་མ་རེད་པེ།
    དེ་ལས་ཀྱང་བློ་ཕམ་དགོས་པ་ནི། གོང་གསལ་མཚན་རྟགས་ལྔ་ཀར་ཨིན་སྐད་དུ་བྲིས་པ་འདིས། བོད་ཡིག་ཡར་རྒྱས་ལ་གཏོར་བཤིག་ཆེན་པོ་བཏང་བ་རེད་དོ། །

    Reply
  7. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 13 སྔོན།

    གནས་ཚུལ་འདི་དང་པོ་ཁ་བརྡ་དྲ་བའི་མཆན་ཞིག་གི་ནང་དེ་འདྲ་ཞིག་མཐོང་ཡ།ངོ་མས་ཐབས་སྐྱོ་བོ་རེད། འདི་འདྲ་ཞིག་ཡོང་དོགས་གཏན་ནས་མེད། ང་ཚོའི་ངོས་ནས་ཁྱེད་ལ་ཡིད་ཆེས་དང་བློས་གཏད་བྱས་པ་ཡིན། ད་དེ་རིང་ཚང་མ་ཆུ་ལ་གཡུག་ཚར་སོང་། ད་དུང་གཞུང་སྒེར་ཚང་མས་དོ་སྣང་གནང་ནས་འདི་འདྲའི་རིགས་ཤེས་རྟོགས་བྱུང་ན་ངེས་པར་དུ་ཐེར་འདོན་བྱས་ན་ལེགས།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    ཐུགས་སྣང་གསལ་བཤད།
    ཤར་ཕྱོགས་ཁུག་རྟ་ཞེས་པའི་དྲ་མིང་འོག ༢༠༡༢/༠༤/༡༦ ཉིན་འདོན་སྤེལ་བྱས་པའི་མཆན་ཨང་རིམ་ ༣༧ དེ་ནི་བློ་བཟང་ཆོས་འབྱོར་གྱིས་ཁོ་རང་གི་མིན་པར་གཞན་གྱིས་བྲིས་པ་ཞིག་རེད་ཅེས། འདི་ག་གསར་ཁང་ལ་ཁ་པར་བརྒྱུད་གསལ་བཤད་བྱས་པ་ལྟར། དྲ་མིང་ཞིབ་བཤེར་བྱས་སྐབས་ཐོ་འགོད་ཨང་རིམ་ ༡༢༠༣༠ དང་། ཐོ་འགོད་མིང་ stalin ཐོག་ཐོ་འགོད་བྱས་པའི་དྲ་མིང་ལ་ཤར་ཕྱོགས་ཁུག་རྟ་ཟེར་མཁན་ཞིག་དང་། གཞན། ཐོ་འགོད་ཨང་རིམ་ ༡༩༣༥༦ དང་། ཐོ་འགོད་མིང་ sharchok pa ཐོག་ཐོ་འགོད་བྱས་པའི་དྲ་མིང་ལ་ཤར་ཕྱོགས་ཁུག་རྟ་ཟེར་མཁན་གཉིས་བྱུང་འདུག་ལ། གོང་གི་མཆན་དེ་སྤེལ་མཁན་ནི་ཐོ་འགོད་མིང་ stalin སྤྱོད་མཁན་དེ་རེད་འདུག
    བློ་བཟང་ཆོས་འབྱོར་གྱིས་བརྗོད་པ་ལྟར་ན། ཁོ་རང་ནི་ཐོ་འགོད་མིང་ sharchok pa ཞེས་པ་དེ་ཡིན་པ་དང་། གཞན་ལ་དོགས་སློང་མི་ཡོང་ཆེད་གསལ་བཤད་ཅིག་གནང་རྒྱུར་འབོད་སྐུལ་ཞུས་པ་ལྟར་མཆན་འདི་སྤེལ་བ་ཡིན།

    བོད་ཀྱི་དུས་བབ།

    Reply
  9. ཨ་མདོ་བ། says:
    ལོ་ 13 སྔོན།

    མི་མང་གི་ངོས་ནས་ཁྱོད་ལ་ཡིད་ཆེས་ཡོད་པ་རེད། ཡིན་ཡང་གནས་ཚུལ་འདི་འདྲ་ཞིག་བྱུང་ཚར་དུས་སྤྱི་འཐུས་ནས་དགོང་པ་ཞུ་ན་ཡག་གི་རེད། ཨ་མ་ཞིག་གིས་བུ་ཡི་ཆེད་དུ་འདི་འདྲ་ལས་སྲིད་པ་རེད། ཨ་མས་ལོ་༢༠་ལྷག་གི་རིང་ལ་ལས་དཀའ་བྱས་བ་ཚང་མ་བུ་ངན་འདིའི་ཆེད་དུ་མེད་པ་བཟོས་སོང་། འཕང་བ་ལ། འཕང་བ་ལ།

    Reply
  10. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    གནས་ཚུལ་འདི་བྱུང་མི་སྲིད་པ་མ་རེད་ལ། མོས་གསལ་བཤད་བྱས་པ་ནང་བཞིན་བདེན་པ་ཡིན་ཤས་ཆེ། གང་ལྟར་མོས་རིམ་གྱིས་བུད་མེད་སྤྱི་འཐུས་ཀྱི་ཚོགས་གཙོ་དང་། སྤྱི་འཐུས་ནས་ངེས་པར་ཅན་དུ་དགོངས་པ་ཞུ་དགོས། འདི་མདོ་སྨད་གཅིག་པུའི་གནད་དོན་མ་རེད། ང་ཚོ་བོད་ཀྱི་སྤྱི་འཐུས་ནང་དུ་ཀློག་ཟ་རུང་སུལ་བྱེད་མཁན་གྱི་རིགས་མཐོང་ཐོས་ཞིག་བྱུང་ནས་གོ་སྐབས་གཞན་མ་སྤྲད་པའི་དུས་ཚོད་ཁྱོན་ནས་མེད། སྤྱིར་བོད་ཀྱི་བུད་མེད་ཚོགས་གཙོས་ཧིན་སྒོར་འབུམ་གཉིས་ཀློག་ཟ་མི་ཐུབ་པའི་ང་ཚོའི་བཙན་བྱོལ་གྱི་སྤྱི་ཚོགས་འདི་ན་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད་བསམ་གྱི་འདུག དྲྭ་གྲོགས་ཁ་ཤས་ཀྱིས་སོ་སོའི་སྒེར་གྱི་འཁོན་ནད་སློང་ནས་གང་ཟག་སྒེར་ལ་གང་བྱུང་མ་གསུངས་རོགས། གལ་སྲིད་ཁྱེད་ལ་ཁོ་ཅག་གིས་ཀློག་ཟ་བྱས་ཡོད་པའི་དཔང་རྟགས་གསལ་གསལ་ཐིག་ཐིག་དང་། ཡང་ན་རྒྱུ་མཚན་ཡག་པོ་བཤད་རྒྱུ་ཡོད་ན་གནས་ཚུལ་ཐ་དད་རེད། སྤྱི་མི་བཟང་པོའི་རིགས་ལ་གཉིས་ཡོད་རབ་རེད། བྱ་ཉེས་རྩ་བ་ནས་མི་བཟོ་མཁན་ཞིག་དང་། བཟོས་པ་ངོས་ལེན་བྱེད་ནས་དགོངས་སེལ་ཞུ་མཁན་གཉིས་ཡོད། ད་ལྟའི་སྐབས་སུ་མོས་ནག་ཉེས་ཁས་ལེན་མ་བྱས་རང་བྱས་ཐུག་པས། འདི་གཉིས་གང་གི་ནང་དུ་འགྲོ་མི་ཐུབ་མོད། མོ་རང་གིས་དེ་སྔོན་མི་ཚེའི་ཕྱེད་ཀར་སྤྱི་ཚོགས་ཀྱི་ཞབས་ཞུས་སྒྲུབ་པ་དེ་དག་ཧིན་སྒོར་འབུམ་གཉིས་ཀྱིས་ཆུད་ཟོས་སུ་མ་གཏོང་ནས། མོ་ཇི་ལྟར་ཐབས་སྡུག་ནའང་གུས་ཞབས་ཅུང་ཡོད་པའི་སྒོ་ནས་མོ་སྤྱི་འཐུས་ལས་ངེས་ཅན་དུ་དགོས་པ་སོང་ཉིན་ནས་ཞུ་བཅུག་དགོས་འདུག གཞན་དུ་ན། སྤྱི་འཐུས་ལྷན་ཁང་དེ་ནི། མི་གཅིག་གིས་རིན་ཐང་གང་ཡང་མེད་པར་བྱེད་རྒྱུ་རེད། སྤྱིར་སྤྱི་འཐུས་ལྷན་ཁང་ལ་རྩ་ཁྲིམས་ཞིག་ཀྱང་གཏན་གཏན་ཡོད་རྒྱུ་རེད། སྒུགས་ནས་ཉན་གྱི་ཡིན་ལ། གང་ལྟར་མོ་རང་གིས་བཤད་པ་བདེན་ན་མོ་ལ་དངོས་གནས་ཤ་ཚ་ཡང་ལམ་འགགས་གཞན་མ་ཡོད་མ་རེད་བསམ།

    Reply
  11. མི་རྒོད། says:
    ལོ་ 13 སྔོན།

    ཧ་ཧ་ཧ། ད་དྲྭ་སྣང་འདི་གདང་ནུབ་ནས་དེ་རིང་བར་འཁྲུག་ཆ་ཧ་ཅང་དོད་པོ་ཆགས་ཤག་ཡིན་ཡང་སྐྱོན་སེལ་བྱེད་རྒྱུ་གལ་ཆེ་ཡང་རང་ནོངས་ངོས་ལེན་རྗེས་ལྷོད་ལ་བབས་རྒྱུ་མང་ཚོགས་ནས་འགག་རྩ་རེད། མ་གཏོགས་འདི་འདྲའི་བར་ལ་རྒྱ་ལྟོ་བཟའ་མིས་ངན་བསྐུལ་བྱ་སྲིད་ལ་ དཀྲུག་ཤིང་ཡང་བྱེད་སྲིད་ བྱེད་པ་པོ་རང་ཉིད་ནས་སླར་ཡང་མི་བྱེད་པའི་དམ་བཅའ་འཇོག་དགོས། ད་ང་ཚོ་ཉག་ཕྲའི་དུས་ལ་དངུལ་ལས་མ་འོངས་པའི་བོད་དོན་གལ་ཆེ་རེད། དེ་བྱུང་ཚེ་མི་བརྒྱུད་ནས་མི་བརྒྱུད་བར་ཕན་པའི་དངུལ་ང་རང་ཚོས་དཔར་སྐྲུན་བྱེད་ཆོག་གི་རེད། སྔོན་དངུལ་ལ་དགའ་དྲགས་ནས་བོད་ཤོར་བའི་ལབ་གླེང་ཡང་ཡོད་པ་རེད། འདི་རྣམས་སྙིང་དབུས་སུ་བཞག་ནས་སྤྱི་སྒེར་གྱི་ཚོགས་པ་སུ་ཡིན་ཡང་གཟབ་གཟབ་གནང་དགོས། ཞེས་རེ་བོ་ཞུ་རྒྱུ་ཡིན།།།།

    Reply
  12. ལུང་རྟོགས། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་ལ་གསལ་འདེབས་ཞུ་རྒྱུ། གནས་ཚུལ་འདི་འདྲའི་དུས་སུ་སྐབས་འཚོལ་བ་མང་པོས་བོད་རིགས་ནང་ཁུལ་སྐྲུག་ཐབས་དང་བོད་པའི་དབུ་ཁྲིད་ཚོའི་ཆེ་འཐོང་མེད་པ་བཟོ་ཐབས་ཀྱི་སྐད་ཆ་མང་པོ་རྟ་རྒོད་གསབ་ཁ་མི་ཐུབ་པ་བཞིན་དུ་ཤོར་ཡོང་གི་འདུག་ན་འདི་རིགས་ལ་གཟབ་རྒྱུ་གལ་ཆེ།

    Reply
  13. ལུང་རྟོགས། says:
    ལོ་ 13 སྔོན།

    ད་མང་པོ་མི་བཤད། འགྱེལ་བའི་ཐོག་ལ་རྡོག་བརྫིས་བཏང་འདོད་མི་འདུག འོན་ཀྱང་རང་གཞུང་གི་ཆེ་འཐོང་མི་ཉམས་ཆེད་སྤྱི་འཐུས་ཚོགས་མི་ནས་ངེས་པར་དུ་དགོང་པ་ཞུ་དགོས།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    སྔོན་ཆད་འོས་བླུགས་ཡིན། རེ་བ་ཆེན་པོ་བཅིངས་མྱོང་ཡོད་ཀྱང་ད་ཐེངས་གནས་ཚུལ་འདི་གསལ་བོ་ཐིང་ཐིང་ཆགས་དུས་ངོ་མ་ཡི་ཆད་སོང་། མདོར་དེད་ནས་བཤད་ན་མོས་གང་མྱུར་བོད་མི་མང་སྤྱི་འཐུས་ལས་བཟང་སྤྱོད་ཡོད་པའི་ཐོག་ནས་དགོངས་པ་ཞུ་དགོས། དེ་མིན་གཞེས་བྱེས་བོད་མིའི་རེ་བ་གངས་ཅན་སྐྱིད་གཞོང་ལ་རྒྱག་ཁག་པོ་རེད།

    Reply
  15. བཀྲ་ཤིས། says:
    ལོ་ 13 སྔོན།

    ད་རུང་བཙན་བྱོལ་ནང་ན་རྐུན་མ་མང་ཡ། དེ་ཚོ་ཚང་མ་གཙང་མ་བྱེད་དགོས་རེད། སྔོན་མ་རྒྱ་རི་ཚང་ལ་སོགས་པ་ད་རུང་ཡོད་ཡ། ད་རུང་སྐུ་སྒེར་ཡིག་ཚང་ནང་ན་་་སྒོ་དྲུག་སྐལ་བཟང་གི་ཨབ་ཕྲུག་་རྒྱ་མིའི་སོ་པ་ཁ་ཤས་འཛུལ་ནས་ཆོལ་ཁ་ནང་དཀྲུགས་བྱེད་བཞིན་པ་རེད་ད། ད་རུང་རྐུན་མང་ཡ་་་་། ཚང་མ་བཤད་ཚོད་མེད་པ་འདྲ་བོ་ཡོད་རེད།

    Reply
  16. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 13 སྔོན།

    སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་དབང་གིས།།
    ལོ་ངོ་དུ་མར་མི་རིགས་འདི་ཡི་ཆེད་།།
    འབད་པ་གང་བྱས་གྲུབ་འབྲས་གང་ཡོད་པ།།
    མི་འདོད་ཁ་མཆུ་ནག་པོས་རླུང་ལ་དེད།།

    ལས་ངན་ཁྱེད་ཉིད་ཀླུང་རྟས་མ་ཁྱོགས་པར།།
    སྤྱི་ཚོགས་སྟེང་དུ་མངོན་གསལ་ཐོན་ཡོད་ཀྱང།།
    བུ་མོ་ཚེ་རིང་ཤར་གླིང་ཟླ་སྒྲོན་སོགས།།
    བུད་མེད་གཡོ་ཅན་དུ་མ་གབ་ནས་ཡོད།།

    Reply
  17. བདེ་རྒྱལ། says:
    ལོ་ 13 སྔོན།

    གོ་སྐབས་འདི་བརྒྱུད་ནས་བཙན་བྱོལ་སྒྲིག་འཛུགས་ནང་དུ་དེ་འདྲ་ཡོད་ན། ཚང་མས་སྤྱི་འགན་ཁུར་ནས་ཤོད་དགོས། བོད་དུ་རང་ལུས་མེར་སྲེག་གི་སྐབས་འདི་འདྲ་ལ། འདི་ནས་སྤྱི་དངུལ་སྒེར་ཟས་བྱས་ནས་བསྡད་ན་ག་ལ་འགྲིག སློབ་གྲྭ་ཁག་ན་ཡང་འགན་འཛིན་དྲང་བོ་མེད་མཁན་དེ་འདྲ་ཡོད་པ་གོ་རྒྱུ་འདུག

    Reply
  18. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    ཨོ་ད་ཡིན་ན་དངོས་ནས་ཞབས་འདྲེན་རེད། གོ་ཚོད་ལ། ད་ལྟའི་རྡོར་གླིང་སྐུ་ངོ་དེ་ཡི་ཡང་བོད་གཞུང་ནང་སྲིད་ཀྱི་དངུལ་མང་པོ་ཞིག་ཟས་པ་ཞིག་གོ་རྒྱུ་འདུག བདེན་པ་ཡིན་ན་དེ་ཡང་ནང་སྲིད་ཀྱིས་གསལ་བསྒྲགས་བྱ་དགོས། དངུལ་ཟ་སྟངས་དེ་ནང་སྲིད་ཀྱི་ཉམ་ཐག་རོགས་སྐྱོར་ཆེད་དངུལ་ནར་གཏོང་བྱེད་པའི་ཁྲོད། མི་མང་པོ་ཞིག་གྲོངས་ནས་ལོ་གཉིས་གསུམ་སོང་ཡང་། ད་དུང་དེ་སྐོར་ནང་སྲིད་ལ་མ་ཞུས་པར་དངུལ་ལེན་རྐྱང་བྱེད་བཞིན་པ་གོ་རྒྱུ་འདུག་ལ། མིང་ཡོད་ཀྱང་མིང་གཏན་ནས་མེད་པའི་ཉམ་ཐག་དེ་འདྲའི་དངུལ་ཡང་ལེན་གྱི་ཡོད་པ་ཞིག་གོ་རྒྱུ་འདུག བདེན་མིན་ནང་སྲིད་ཀྱིས་ཞིབ་འཇུག་བརྒྱུད་ནས་ཤེས་པས་དེ་ནང་སྲིད་ལ་དྲིས་ན་ཧ་གོ་ནུས།

    Reply
  19. རྟ་བོར་བ། says:
    ལོ་ 13 སྔོན།

    ཨ་ཁ་ཐབས་རྡུགས་རེད་ད་ནི་ངོ་མས་བདེན་པ་ར་སྤྲོད་བྱུང་སོང་།
    མི་ལ་ནོར་འཁྲུལ་འབྱུང་སྲིད་པ་རེད་དེ་ལ་ཧ་སང་ཀི་མེད་མོད་ད་དུང་ཧམ་པ་ཚ་བ་ལ་
    གོ་སྐབས་སྤྲད་པ་ལ་གཡོ་ཐབས་བྱས་པ་མ་ཟད་རང་ཉིད་ལ་ཁག་མེད་ཡོག་མེད་ཟེར་ནས་བཤད་གདུག
    ད་དུང་ངོ་ཚ་དགོས་པ་ཞིག་ལ་བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་གནས་ཚུལ་ཕྱིར་བསྒྲག་མི་བྱེད་རྒྱུ་བྱས་ཡོད་ཟེར་བ་དེ་ངོ་མས་བློ་ཕབ་ཡོད་་་་་་་་

    Reply
  20. སྤགས་ཤར། says:
    ལོ་ 13 སྔོན།

    ཧ་ཡོ། ནམ་ལངས་ཁར་གཅིན་པ་ཤོར་འདུག དེ་འདྲའི་ཡིད་སེམས་སྐྱོ་བ་ལ།
    ད་དུང་མོས་༼ཚང་མས་ཐུགས་ལ་མ་གནོད་པ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། མ་འོངས་པར་ང་མི་སྒེར་བ་ཞིག་གིས་དམིགས་བསལ་གྱི་ཁྱད་པར་བཟོ་མི་ཐུབ་ཀྱང་།༽དཔེ་རེད། ང་ཚོའི་ཐུགས་ལ་གནོད་སོང་། ཁྱོད་མི་སྒེར་པ་ཞིག་ལ་དམིགས་གསལ་ཁྱད་པར་བཟོས་མེད་རུང་མདོ་སྨད་ཆོལ་ཁ་དང་ང་དང་འདྲ་བའི་འོས་ཤོག་བླུག་མཁན་རྣམས་ལ་འགྱོད་སེམས་ཆེན་པོ་བཟོས་སོང་། ཁྱོད་དང་འདྲ་བའི་རྐུན་པོ་ཚོ་གྲོས་ཚོགས་ནང་མི་མང་འཐུས་མིའི་མིང་འཁྱེར་ཏེ་བསྡད་ཡས་ཐོབ་ཐང་ཤོར་ཚར་བ་རེད། གང་མྱུར་བཟང་སྤྱོད་ཀྱི་སྒོ་ནས་མདོ་སྨད་སྤྱི་འཐུས་ནས་ཕྱིར་འཐེན་བྱ་རོགས།

    Reply
  21. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    གཞུང་རྒྱུ་སྒེར་ཟ་བྱས་པའི་སྤྱི་འཐུས་ཟླ་བ་ཚེ་རིང་དང་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་གཉིས་ཀ་ནག་ཉེས་འདྲ་མཉམ་ཡིན་པས་སྤྱི་འཐུས་ལས་གནས་ནས་ངེས་པར་དུ་གནས་དབྱུངས་གཏོང་དགོས། ནག་ཉེས་གུ་ཡངས་ནམ་ཡང་གཏོང་མི་ཉན་མུ་མཐུད་ནས་མིག་དཔེ་གན་པ་ཆགས་ཀྱི་རེད།
    བོད་མི་རྫོགས་མེད་ན་རྐུ་མ་་སྤྱི་འཐུས་ལ་མ་བཞག་རོོགས།
    བོད་མི་མང་སྤྱི་འཐུས་ཀྱིས་ག་དུས་ཀྱང་འདི་འདྲའི་སྤྱོད་ངན་འཁྲབ་ན་ང་ཚོས་མི་དཔེ་སུ་ལ་ལྟ་དགོས། ཡིད་ཆེས་སུ་ལ་བྱ་དགོས། སྤྱི་འཐུས་འདི་གཉིས་ངེས་པར་དུ་གནས་དབྱུངས་གཏོངས་དགོས།ཨ་ཁ་ཁ་ཨ་ཁ་ཁ་ཨ་ཁ་་་་་

    Reply
  22. རྡོ་རྗེ་ཚེ་རིང་། says:
    ལོ་ 13 སྔོན།

    ཁྲག་ལགས་ཀྱི་རྐུན་མ་སྒྲོ་དཀར་ལྷ་མོ་བཀབ་ཐབས་བྱས་ཀྱང་། དཔང་རྟགས་ར་སྤྲོད་གསལ་པོ་བྱུང་བ་ཞེས་པ་ནས་མོ་བཀབ་ཐུབ་ཡས་མིན་འདུག་ལ་དེ་མིན་མོ་རང་གི་ངོས་ལེན་ཞུས་པ་ནས་ཀྱང་ཧ་གོ་གི་རེད། གཞན་ནག་མེད་ཉེས་འགེལ་ལྟ་བུ་བྱས་ན་ཅུང་ཐལ་འདུག

    Reply
  23. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    གཤམ་དུ་ཁྲག་ཟེར་བའི་གསུངས་ས་ལྟས་ན་བུད་མེད་ཚང་གི་དབུ་རྒྱུན་ཐམས་ཅད་ཡག་པོ་མེད་པ་འདྲ་དེ་ལྟ་ཡིན་ན་ཚོགས་འདུའི་གོ་སྐབས་དེ་ཡི་སྐབས་སུ་དབུ་རྒྱུན་ཐམས་ཅད་བརྗེ་པོ་རྒྱག་ན་བཟང་ཀི །སྤྱིར་དཔོན་པོ་རྒྱུན་རིང་སུས་བྱས་ཀྱང་མཐའ་མར་མགོ་རྙོག་ཅིག་ཡོད་ཡོད་པ་རེད།་དབུ་རྒྱུན་ཐམས་ཅད་བརྗེ་པོ་རྒྱག །དེ་ཡག་ཤོས་རེད།

    Reply
  24. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །ཨ་ཁ་རྐང་རྗེས་ལག་གསུབ་ཏུ་གྱུར་འདུག འཕང་པོ་རེད་འོན་ཀྱང་གས་རྐྱོན་ཤོར་ཚར་ན་མེད་པ་བཟོས་པ་དེ་ཡག་ཤོས་རེད། མ་འོངས་པར་ཚང་མས་ཟབ་ཟབ་གནང་དགོས།

    Reply
  25. མི་རྒོད། says:
    ལོ་ 13 སྔོན།

    ཨ་མའི་བུ་ཡི་མཆན་དེ་དུས་བབ་ཀྱི་སྲུང་ཆ་དོན་མཚན་གཉིས་པ་དང་འགལ་འདུག་པས་ཕྱི་འབུད་ཡོང་བ་ཞུ། ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཤེས་དགོས།།།།

    Reply
  26. ཨ་མའི་བུ། says:
    ལོ་ 13 སྔོན།

    ད་དུང་དྲ་གྲོགས་ཁ་ཤས་ཀྱི་དབུས་བོད་མི་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་དོན་ཇི་མ་ཇི་བཞིན་རྟོགས་མི་འདུག ཀི་ཏི་སྒྲོལ་དཀར་ལྷ་མོ་ལགས་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་རྐུབ་བཀྱག་ནས་མར་བབ་པ་རེད་མི་འདུག དབུས་རྒྱུན་ལས་ཚོས་ཁོང་ཚོགས་གཙོའི་རྐུབ་བཀྱག་ནས་དགོངས་པ་ཞུ་རུ་བཅུག་འདུག ད་ཁོང་སྤྱི་འཐུས་ནས་དགོངས་པ་ཞུ་རུ་བཅུག་མ་བཅུག་མདོ་སྨད་ཆོལ་ཁའི་རྒྱུན་ལས་ཚོའི་་ལག་པར་ཡོད་རེད། གལ་སྲིད་མོ་དགོངས་པ་ཞུ་རུ་མ་བཅུག་ན་མོའི་འདོད་པ་ད་དུང་ཁེ་ཕན་གྱི་ཆེད་དུ་མི་མང་གི་ཞབས་རྗེ་མུ་འཐུད་ཞུ་ཡི་ཡིན་བརྗོད་འདུག།

    Reply
  27. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཚེ་གཅིག་ལ་སྨན་ཟས། ཤི་ཁ་ལ་ཁར་དུག་ཟས་ཟེར་བའི་དཔེ་དང་མི་མཚུངས་ངམ། ཧ་ཧ།

    Reply
  28. གྱད་ལྷ་དགའ། says:
    ལོ་ 13 སྔོན།

    སྤྱི་འཐུས་སྒྲོལ་དཀར་ལྷ་མོས་བཤད་སྟངས་དང་ལས་སྟངས་གཉིས་ལ་ཧེ་བག་ཆེན་པོ་ཤོར་འདུག འོན་ཀྱང་མཐར་མོས་ནག་ཉེས་ངོས་ལེན་བྱས་པ་དེ་ཡག་པོ་རེདལ་ད་དུང་ཚོགས་གཙོ་ལས་གནས་ནས་དགོངས་ཞུས་དང་དངུལ་ཕྱིར་སློག་བྱས་པ་སོགས་ཀྱང་ཡག་པོ་རེད། ད་ནི་སྤྱི་འཐུས་ལས་གནས་ནས་ཀྱང་གོང་ལྟར་དགོངས་ཞུས་བྱེད་དགོས་པ་སྨོས་མེད་རེད། ད་དུང་འདི་འདྲ་བའི་སྤྱི་འཐུས་དཔེར་ན་ཡོངས་གླིང་ཟླ་ཚེ་ལྟ་བུས་ཀྱང་དགོངས་ཞུས་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་དྭངས་གཙང་ལྷད་མེད་ཀྱི་ཚོགས་པ་ཞིག་ཏུ་བསྒྱུར་རོགས།

    Reply
  29. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁ་སང་གནས་ཚུལ་དེ་གོ་དུས་ཡིད་ཆེས་མ་སོང་། ཨ་ཁ་ད་ཡིན་ན་གནས་ཚུལ་དེ་ངོ་མ་ཡིན་པ་རེད། ཐབས་ཟད་འུ་ལ་མ་ཐུག་བར་ཁས་མ་ལེན་པ་དེ་ཅུང་སྟབས་མ་ལེགས་པར་ཁ་ཆེ་བའི་སྒང་ལ་གད་མོ་ཤོར་བ་རེད། མོ་རང་གིས་འགྲེལ་བཤད་ཅི་ཞིག་རྒྱབ་ན་ཡིད་ཆེས་ཁག་པོ་ཆགས་སོང་། གང་ཡིན་ཟེར་ན་འགྲེལ་བཤད་ཅུང་ཕྱིས་དྲགས་སོང་། ལས་ཀ་ཚར་བའི་ལས་ལ་ཁྱི་ལབ་རྒྱབ་ནས་ཅི་ཕན། ལས་ངན་མོ་ལ་ཁ་རྡུང་དང་ཚིག་ངན་མ་སྨྲོས་རོགས། མོ་རང་ལ་ངོ་ཚ་དང་། སེམས་སྡུག་ཅི་འདྲ་ཡོད་ཀྱི་རེེད། ཁ་སང་མོས་རང་གི་རྐང་བའི་ཐོག་ཏུ་ཆུ་ཚ་བོ་གཤོ་བ་དེ་ཤོར་བ་དང་བླུག་པ་ག་རེ་ཡིན་ནའང་སྨན་ཁང་ནང་ལྷག་ཡོད་རབས་འདུག་སྙིང་རྗེ། བུད་མེད་ལྷན་ཚོགས་ནས་ཐག་གཅོད་གནང་ཟིན་འདུག སྤྱི་འཐུས་ནས་རྩ་དགོངས་ཞུས་ན་ཡག་པོ་རེད། ཉམས་མྱོང་འདི་ནི་ཚང་མས་བསླབ་བྱར་བླངས་ནས་དོགས་སོན་བྱ་དགོས། ཕྱིན་ཆད་གཟབ་ནན་བྱ་རྒྱུ་གལ་ཆེ། མོ་རང་ལ་མཚོན་ན་རྐྱེན་ངན་གྲོགས་ཤར་དུ་སོང་སྟེ་ཡ་རབས་སྤྱོད་བཟང་ཅན་དང་སྔ་འགྱོད་ཕྱིས་སྡོམ་ཅན་དུ་འགྱུར་བར་སྨོན་ནོ།།

    Reply
  30. ཨ་མའི་བུ། says:
    ལོ་ 13 སྔོན།

    བརྩེ་ལྡན་གྱི་དྲ་གྲོགས་སུ་ད་ཉུང་ཙམ་ཤོད། འདས་ཟིན་པའི་བྱ་བ་གཅིག་ལ་སྐྱོན་བརྗོད་བྱས་ནི་ཕན་ཐོག་ཡོད་མ་རེད། ངས་དྲ་ཐོག་ཏུ་ཐོག་མར་གནས་ཚུལ་དེའི་སྐོར་གལ་ཆེ་དོན་ཆེར་བརྩིས་ཏེ་བྲིས་སྐབས་ཁ་ལ་རམ་གནས་མ་ཕོག་པའི་མི་རེ་ཟུང་གིས་ཨ་མའི་བུས་དཀྲུགས་ཤིང་བཟོ་ཡི་འདུག་ཟེར་གྱི་འདུག་ད་དཀྲུགས་ཤིང་རེད་འདུག་གམ། ཐོག་མར་རླབས་ཆེན་གྱི་ཚོགས་པ་ཞིག་ལ་འགན་འཁྱེར་ཏེ་དཔྱད་ཞིབ་བྱས་ན་བཟང་རུང་བསྟུ་དང་གླེག་པ་པ་དགའ་བའི་མཆན་འདེབས་པ་ཚོས་དོ་སྣང་བྱས་མ་སོང་། ད་ཚང་མ་ཚར་བ་རེད། བསྟུ་དང་གླེག་པར་བསམ་བློ་བཏང་ཏེ་བསྡོད་ཨ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  31. ཀུན་དགའ། says:
    ལོ་ 13 སྔོན།

    གཤམ་གྱི་སྐད་ཆ་འདི་གཉིས་བསྡུར་ནས་གཟིགས་དང་་་་་་་་་་་་་་་༼ ཕྱི་ཟླ་ ༤ ཚེས་ ༣ ཉིན་རྒྱུན་ལས་ཚང་འཛོམས་ཀྱིས་ཚོགས་གཙོར་རང་སྐྱོན་ངོས་ལེན་ཞུ་རྒྱུར་གོ་སྐབས་ཇི་ཙམ་ཕུལ་ཀྱང་དོན་ཕན་གང་ཡང་སོན་མེད་པས་རྒྱུན་ལས་མ་ཡིན་པའི་ལས་བྱེད་ཚོར་ཡང་བཅར་འདྲི་བྱེད་དགོས་བྱུང་ཡོད། ཁོང་ཚོའི་ཕྱོགས་ནས་ཀྱང་ཁས་ལེན་གང་ཡང་བྱས་མེད་པར་བརྟེན་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་མེད། མཐར་འུ་ཐུག་ཐབས་ཟད་ཀྱིས་ཚོགས་གཙོ་གཙོས་རྒྱུན་ལས་དང་ལས་བྱེད་ཚང་མ་མོས་མཐུན་ཐོག་དངུལ་ཁང་བརྒྱུད་འབྲེལ་ཡོད་ཉེན་རྟོགས་པར་སྙན་གསེང་ཞུ་རྒྱུར་ཐག་གཅོད་བྱུང་ཡོད། ་པོ་ཞིག་གྲ་སྒྲིག་བྱ་དགོས་བྱུང་སྟེ། མི་ཡར་མར་མང་པོ་ཞིག་ལ་གཡར་རྗེས་གང་འཚམ་རག་སོང་མོད། ༽
    ༼ དངུལ་བེད་སྤྱོད་བཏང་རྗེས། མགྱོགས་པོ་ཕྱིར་སློག་དགོས་བསམ་སྟེ་བླངས་པ་ཡིན། ཕྱིས་སུ་ཕྱིར་སློག་པའི་དངུལ་ཡང་ང་ལ་རག་ཏེ་ཚོགས་པས་མ་བཤད་སྔོན་དུ་ཕར་རྩིས་སྤྲོད་དང་གསལ་བཤད་བྱ་དགོས་བསམ་ཡོད་ཀྱང་། ཚོགས་ཆེན་དང་ས་གནས་འདྲ་མིན་དུ་འགྲོ་དགོས་པ་སོགས་ཀྱིས་དུས་ཚོད་རྕ་བ་ནས་མ་རག་པར། ཕར་གསལ་བཤད་གནང་ཁོམ་མ་བྱུང་བར་ཚུར་ལབ་དགོས་བྱུང་བ་རེད། ༽

    Reply
  32. ཀུན་དགའ། says:
    ལོ་ 13 སྔོན།

    ད་ཡིན་ན་མོ་རང་གིས་མི་ལོ་ ༢༠ རིང་སྤྱི་ཚོགས་ལ་ཞབས་ཞུ་ཞུས་པའི་དགེ་འབྲས་མོ་རང་ཉིད་དང་ལྷན་དུ་སྤྱི་ཚོགས་ཀྱི་གད་སྙིག་ནང་རང་ཉིད་ཀྱིས་བླུགས་སོང་། ད་དུང་དེ་ལས་ལྷག་པའི་གཞུང་འབྲེལ་དང་མ་འབྲེལ་གྱི་མཐོ་རིམ་ལས་བྱེད་གང་མང་གི་ལྐོག་ཟ་རུལ་སུང་ངོ་མ་དེ་དག་ད་དུང་བོད་པའི་སྤྱི་ཚོགས་ནང་ལྷག་བསྡད་ཡོད་པ་རེད།
    ཤེལ་དཀར་ལྷག་པ།
    ད་ཡིན་ན་དྲན་རང་ཤེས་ཐོག་མོ་རང་མདོ་སྨད་སྤྱི་འཐུས་ནས་བཟང་སྤྱོད་ཐོག་དགོངས་པ་ཞུས་ན་འོས་འཚམ་རེད།

    Reply
  33. ཁྲག says:
    ལོ་ 13 སྔོན།

    མི་མང་པོས་བུད་མེད་ལྷནཚོགས་ནང་གི་རྙོག་དྲ་ངོ་མ་དེ་ཤེས་ཀྱི་མེད་ས་རེད། བུད་མེད་ལྷན་ཚོགས་ནང་དུ་སྔོན་ཚོགས་གཙོ་བུ་མོ་ཚེ་རིང་པྱིར་འཐེན་གྱིས་ཀི་རྟི་སྒྲོལ་དཀར་ལྷ་མོ་ལགས་ལ་ཚོགས་གཙོའི་གོ་གནས་ཐོབ་རྗེས། བུམོ་ཚེ་རིང་གིས་མངོན་ལྐོག་ནས་བུད་མེད་ཀྱི་རྒྱུན་ལས་ཚོར་ནང་འགུག་གིས། བུད་མེད་ཚོགས་པའིར་ྒྱུན་ལས་ནང་ཁུལ་དུ་ཕྱོགས་གཉིས་སུ་བགོས་པས། ཕྱིས་སུ་ལས་དོན་གང་བྱས་ཀྱང་། ནམ་ཡིན་ཡང་གྲོས་ཐོག་གཅིག་ལ་མི་ཡོང་བའི་དཀའ་ངལ་རིམ་པས་འཕྲད་ཡོད། ཤར་གླིང་ཟླ་སྒྲོན་དང་བུ་མོ་ཚེ་རིང་གི་འབྲེལ་བ་ང་ཚོས་འདིར་བརྗོད་མ་དགོས་རེད། བུད་མེད་ལྷན་ཚོགས་ནང་དུ་ཀི་རྟི་སྒྲོལ་དཀར་ལྷ་མོ་ཚོགས་གཙོ་ཡིནཔ་ཙམ་ལས། རྒྱུན་ལས་ཁྱོན་ཡོངས་བུ་མོ་ཚེ་རིང་གི་ལག་འོག་ཏུ་ཡོད། བུ་མོ་ཚེ་རིང་གི་ཆབ་སྲིད་འཁྲབ་སྟངས་དེ་ཧང་སངས་ཡ་ཡོད་པ་རེད། སྔོན་མ་བོད་གཞུང་གི་ཉམ་ཐག་སློབ་པྲུག་ཚོ་ཨ་རིར་གཏོང་སྐབས་ཀྱང་སློབ་ཕྲུག་ཅིག་གི་གོ་སྐབས་འཕྲོག་ཏེ་རང་གི་བུ་མོ་བཏང་བ་རེད། རྗེས་ནས་བོད་པའི་སློབ་ཕྲུག་ཁྱོན་ནས་གོ་སྐབས་མེད་པ་ཆགས་ཡོད་རེད། བུ་མོ་ཚེ་རིང་དང་ཤར་གླིང་ཟླ་སྒྲོན་ལ་སོགས་པས་སྤྱི་དངུལ་བེད་སྤྱོད་བཏང་ཏེ་ཁ་གསབ་སྤྲད་པའི་གནས་སྟངས་བྱུང་མེད་པ་སུས་ཀྱང་ཤེས་མེད། ཁོ་ཚོས་ནང་ཁུལ་ནས་འགྲིག་རག་བྱེད་ཀྱིན་རེད། ཡིན་ཡང་ཀི་རྟི་སྒྲོལ་དཀར་ལྷ་མོ་ལ་གནད་དོན་སླེབས་དུས་ལམ་སེང་ཕྱི་ལ་སྒྲགས་པ་རེད། ད་དུང་བུད་མེད་ལྷན་ཚོགས་ནང་དུ། ལོ་རེར་ཉམ་ཐག་ཨ་མ་ཚོ་ལ་རོགས་རམ་གྱི་དངུལ་སྒོར་ག་ཚོད་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ལེན་གྱིན་ཡོད་དམ། དོན་དངོས་སུ་དངུལས་ྒོར་དེ་དག་ཉམས་ཐག་ཚོར་སྤྲོད་ཀྱིན་ཡོད་དམ། རྡ་རམ་ས་ལར་བུད་མེད་ཉམས་ཐག་མང་པོ་ཡོད། དེ་ཚོ་ཚང་མར་སྐད་ཆ་དྲིས་ཤིག བུད་མེད་ལྷན་ཚོགས་ཀྱིས་ཚེམས་བཟོའི་སློབ་སྦྱོང་གི་གོ་སྐབས་སྤྲད་ཀྱིན་ཡོད། དེའི་ནང་དུ་ཨ་མདོ་དང་ཁམས་པའི་གསར་འབྱོར་སུ་གཅིག་ཀྱང་མེད། ད་དུང་མཐོ་སློབ་ཁག་ཏུ་སློབ་ཡོན་སྤྲོད་ཀྱིན་ཡོད་པ་ཁག་ཅིག་གི་ནང་དུ་རྒྱུན་ལས་ལ་སོགས་པའི་ངོ་ཤེས་དང་ཤ་ཉེ་ཡིན་པ་གསལ་བོར་ཐཽན་ཡོད། རྡ་རམ་ས་ལའི་རྒན་རྒན་ལོ་ལོན་བདག་མེད་ཚོར་་དངུལ་སྤྲོད་རྒྱུ་རྩིས་པས་མ་སྤྲད་པ་དང་། སྤྲད་ཀྱང་འུད་ཤོབས་ག་ཚོད་ཤོད་ཀྱིན་པ་ཀྱེད་ཚོས་བུད་མེད་ལྷན་ཚོག་སལ་སོང་ནས་རྟོགས་དཔྱད་བྱེད་རོགས། བུད་མེད་ལྷན་ཚོགས་ནི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཏུ་ངོས་འཛིན་བྱ་ཐབས་བྲལ་ཏེ། བུད་མེད་ཁག་ཅིག་གི་ཁེ་གྱོང་བརྗོད་ས་དང་ཕམ་ཉེས་གླེང་ས། འུད་ཤོབ་བཤད་ས་ཆགས་ཡོད་དོ།

    Reply
  34. བསྟན་འཛིན་བཀྲིས། says:
    ལོ་ 13 སྔོན།

    ཁྱེད་རང་ལ་དངུལ་གྱི་དགོས་མཁོ་དེ་ཙམ་བྱུང་ཡོད་ཚེ་ཉུང་ཐར་ཁྱེད་ཀྱིས་འབྲེལ་ཡོད་ལས་བྱེད་ཞིག་ལ་སྐད་ཆ་དྲིས་ཡོད་ན་ད་ལྟའི་དཀའ་ངལ་འདི་ཕྲད་མེད།་་་་་ད་ཆ་གནས་ཚུལ་འདི་ཡིས་རྐྱེན་པའི་ཁྱེད་རང་གི་ད་བར་སྤྱི་ཚོགས་ཞབས་ཞུའི་ལས་འགན་བྱས་པ་དེ་རྐང་རྗེས་ལག་བསུབ་རང་རེད།

    Reply
  35. བསྟན་འཛིན་བཀྲིས། says:
    ལོ་ 13 སྔོན།

    ཁྱེད་རང་ལ་དངུལ་དགོས་མཁོ་དེ་ཙམ་བྱུང་ཚེ་ཉུང་ཐར་ཁྱེད་ཀྱིས་འབྲེལ་ཡོད་ལས་བྱེད་ཞིག་ལ་སྐད་ཆ་བྲིས་ཡོད་ན་ད་ལྟའི་དཀའ་ངལ་འདི་ཕྲད་མེད།་

    Reply
  36. གྲགས་པ། says:
    ལོ་ 13 སྔོན།

    ད་སྐད་གསེང་མཐོན་པོས་བསྒྲགས་རྒྱུ་ལ། གངས་ཅན་སྐྱིད་གཤོངས་བོད་ཕྱི་ནང་གི་བོད་མིའི་མངོན་འདོད་བསྒྲུབ་ས་ཡིན། སྤྱི་དངུལ་རྐུ་འཁྱེར་གྱི་ལས་ཀ་འདི་སྒྲིག་ཁྲིམས་བཞིན་བསྡུར་དགོས། སྒྲོལ་དཀར་ལྷ་མོ་ཁོ་རང་བཟང་སྤྱོད་ཐོག་ནས་སྤྱི་འཐུས་ནས་དགོངས་པ་ཞུ་དགོས།

    Reply
  37. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    རྣམ་པ་ཚོས་ཀིརྟི་སྒྲོལ་དཀར་ལྷ་མོ་ལ་རྐུན་མ་ལྐོག་ཟ་ཞེས་ངན་སྨྲོས་བྱས་ན་འགྲིག་མིན་མི་ཤེས། རྒྱུ་མཚན་གསལ་བོ་ཁོ་མོས་སྤྱི་ཚོགས་སྟེང་གསལ་བཤད་གནང་འདུག་པས་གུ་ཡངས་ཤིག་ངེས་བར་དགོས་ཀྱི་འདུག།
    ཧིན་སྒོར་འབུམ་ལས་ལྷག་པའི་ལྐོག་ཟ་རུལ་སུང་ངོ་མ་དེ་དག་ད་དུང་བོད་པའི་སྤྱི་ཚོགས་ནང་ལྷག་བསྡད་ཡོད་པ་རེད།
    བློ་བཟང་མདོ་སྔགས་ལགས་ལ་ཨ་རི་ནས་བཀའ་ཁྲི་མཆོག་གིས་གསོལ་ཚིག་ཡག་པོ་བཀྱག་ཡོད་པས་དེ་གས་འཐུས།

    Reply
  38. ཤེལ་དཀར་ལྷག་པ། says:
    ལོ་ 13 སྔོན།

    ངོ་མ་ད་ཡིན་ན་མོ་རང་མདོ་སྨད་སྤྱི་འཐུས་ནས་བཟང་སྤྱོད་ཐོག་དགོངས་པ་ཞུ་ན་ཡག་ཤོས་རེད། མ་གཞི་བུའི་ཆེད་དུ་དངུལ་མི་གཞན་པ་ལ་གཡར་ན་མི་འགྲིག་པ་ཅི་ཡོད། ཨ་ཁཁཁཁཁ

    Reply
  39. བློ་འཕེལ། says:
    ལོ་ 13 སྔོན།

    དངོས་གནས་ཞབས་འདྲེན་རེད། འཇིག་རྟེན་འདིའི་སྒང་གི་མི་མང་ཆེ་བ་དངུལ་གྱི་འཕྲོ་བླགས་གཏོང་གི་ཡོད་པ་རེད། རྩ་བའི་མོ་རང་གིས་འཁྲབ་མ་ཐུབ་པ་དང་རྒྱབ་རྩ་མེད་པས་གསལ་རྗེན་དུ་བཏོན་པ་རེད།
    ང་ཚོའི་སྤྱི་ཚོགས་ནང་འདི་འདྲ་མང་པོ་ཡོད་པ་རེད། ཁོང་ཚོའི་རིགས་ཟ་ཤེས་ན་འགེབ་ཤེས་ཟེར་བ་ལྟར། ཟོས་ན་ཟ་སྟངས་དང་སྤེད་ན་སྤེད་སྟངས་ལ་བྱང་ཆུབ་པ་སོང་ཙང་མངོན་གསལ་དོད་པོ་རང་ཡོད་པ་མ་རེད། མོ་ལ་དེ་ཙམ་གྱི་བྱང་ཆ་དང་རྒྱབ་རྩ་མེད་པས་དམར་རྗེན་དུ་སོང་བ་རེད།

    མདོ་སྔགས་ཟེར་བས་བཤད་པ་དེ་ཕལ་ཆེར་སྒེར་གྱི་གནད་དོན་ཡིན་པ་འདྲ།

    Reply
  40. ཤེས་རབ says:
    ལོ་ 13 སྔོན།

    སྤྱིར་བཏང་རྐུན་མ་ཟེར་བ་དེ་ཧ་ལས་པའི་བྱ་བ་ངན་པ་ཞིག་རེད།
    ཁྱེད་ཀྱིས་རང་སྐྱོན་ངོས་ལེན་འགྱོགས་ཙམ་གནང་ན་ཁྱེད་ལ་བདེན་ཁ་ཡོད་ཀྱང་། མཐར་འུ་ཐུག་དུས་མ་གཏོགས་ཁས་མ་ལེན་པ་དེའི་ཁྱེད་ཀྱིས་ག་རེ་བཤད་ཀྱང་བདེན་ཁ་གཏེར་མི་ཐུབ་པ་ཆགས་སོང་། རང་སྐྱོན་ངོས་ལེན་བྱེད་པ་དེ་སྤྱིར་བཏང་ཡག་པོ་རེད། ཡིན་ན་ཡང་ཁྱེད་ཀྱིས་རང་སྐྱོན་ངོས་ལེན་དེ་ཕྱིས་དྲག་སོང་།

    Reply
  41. མི་ཆུང་། says:
    ལོ་ 13 སྔོན།

    གནས་ཚུལ་འདི་དཔང་རྟགས་ཀྱིས་ར་སྤྲོད་བྱུང་ཡོད། བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། དུས་ཡུན་རིང་པོར་བཞུགས་པའི་མདོ་སྨད་ཀྱི་སྤྱི་འཐུས། ད་དུང་་་་་་་་་་།

    གཞན་ཡང་ང་ཚོའི་ཚོགས་པ་བྱེ་བྲག་པ་མང་པོ་ཡོད། དེ་ཚོ་ཚང་མར་མི་དམངས་ཀྱིས་དོན་སྣང་ཡག་པོ་སྤྲོད་དགོས།

    Reply
  42. རྡོ་རྗེ་ཚེ་རིང་། says:
    ལོ་ 13 སྔོན།

    དེའི་ཚད་གི་ཡོད་ས་མ་རེད། དེ་སྔོན་ཕྱི་རྒྱལ་སློབ་ཡོན་གྱི་གོ་སྐབས་དེ་ཡར་རྒྱུག་མར་རྒྱུག་བྱས་ནས་མོ་རང་ཕྲུ་གུ་བཏང་བའི་ལོ་རྒྱུས་དྲི་ངད་ཁ་བ་དེ་འདྲ་འདུག
    ད་དུང་(ཕྱིས་སུ་གནས་ཚུལ་ཅི་ཞིག་བྱུང་ཡང་འགན་ང་ལ་མེད་)ཞེས་ཧིན་སྒོར་འབུམ་གཉིས་ཀྱི་ནག་ཉེས་དག་ཐབས་བྱེད་པ་ནི་ཐ་ཤལ་ཇག་ཚོགས་ཀྱི་བྱེད་སྟངས་ལས་གཞན་ཅི། 

    Reply
  43. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་ལྐོག་ཟ་བྱས་པའི་གནས་ཚུལ་སྤྱི་ཚོགས་ནང་མོ་རང་གི་ནག་ཉེས་ངོས་ལེན་ཐོག་གསལ་བསྒྲགས་བྱེད་པ་འདི་མཐོང་དུས་དངོས་གནས་རང་གཞུང་གི་སྤྱི་འཐུས་ཞིག་ནས་དེ་འདྲ་གནང་བ་ནི་བསམ་ཡུལ་ལས་འདས་པའི་སྐད་ཆ་ལོས་ཡིན་། འོན་ཀྱང་གནས་ཚུལ་འདི་ཧན་སྒོར་འབུམ་གཉིས་ཙམ་ལས་མེད་ན་སྒོར་༡༠༠ལྷག་ཡོད་པའི་རང་གཞུང་གི་ཡོངས་གླིང་སློབ་གྲའི་དོན་ཅན་ཐད་གསར་འགོད་པས་གནས་ཚུལ་ཇི་བྱུང་ལ་དོ་སྣང་མ་གནང་བ་འཇོག་ཐབས་མེད་། གལ་སྲིད་རང་གཞུང་ནམ་ཞིག་ལྐོག་ཟ་བ་དང་སྤྱི་སྒྱུ་སྒེར་བདག་བྱེད་པའི་མི་ངན་དག་གི་གང་བ་ཡིན་ན་དུས་དེ་ནས་བོད་དོན་ཟེར་བ་ནི་རྨི་ལམ་ཙམ་ལ་འགྱུར་འགྲོ་བ་མཁྱིན་དགོས།

    Reply
  44. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    ལོ་ངོ་༢༠་དང་༣༠རིང་སྤྱི་ཚོགས་ཞབས་ཞུ་ཟེར་བ་དེ་ང་ཚོ་བོད་སྤྱི་ཚོགས་འདི་ཁ་སྐྱག་ལངས་ལ་ཤོར་ཡོད། ཡོད་ཚད་རང་ཉིད་ཀྱི་ཆེད་ཡིན་པ་སྨྲོས་མེད་རེད།
    བཙན་བྱོལ་སྤྱི་ཚོགས་ནང་གཞུང་ལ་ཞབས་ཞུ་དང་སྤྱི་ཚོགས་ཞབས་ཞུ་ཟེར་བ་དེ་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གྱི་ཆེན་ཡིན་པ་ལྐོག་ཏུ་བཞག་ཡོད།
    སྤྱི་ཚོགས་ཞབས་ཞུ་དང་ཞབས་འདེགས་ཡིན་ན་ཕོག་མེད་རིན་མེད་ཀྱིས་བྱ་བ་སྒྲུབ་དགོས་བ་རེད། དེ་ལ་སྤྱི་ཚོགས་ཞབས་ཞུ་ཟེར།

    Reply
  45. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    ཨ་ལ་ལ་ལ་ལ་རྒན་མོ་མཐོ་གང་འདིའི་བྱ་རྩོག་གྰ།
    ན་ནིང་ད་ལོ་ཨ་མདོ་རྔ་བ་ཁུལ་གྱི་དཔའ་བོ་དཔའ་མོ་དེ་ཚོས་མིང་ཁྱོད་ལྟ་བུའི་བུད་མེད་ཅིག་གིས་བརྫུས་སོང་། མགོ་བོ་ཡར་ལ་བཀྱག་ནས་ཅི་ལྟར་འགྲོ། ངོ་ཚ་བ་ལ།
    ཟླ་ངོ་བཞི་ལྷག་གི་རིང་ལ་ཁྱོད་ལ་དུས་ཚོད་ཀྱིས་མ་འདང་བ་དེ་ཁག་མེད།
    འདང་ཞིབ་མོ་ཞིག་རྒྱབ་ན་ཁྱོད་ལ་ཉིན་མཚན་དུས་དྲུག་གི་ནང་སྐར་ཆ་ཁ་ཤས་ཀྱི་དུས་ཚོད་ཡང་མེད་པ་རེད། རྒྱུན་ལས་ཚོར་དཀའ་ངལ་དང་སྒེར་གྱི་ཛ་དྲག་གི་་་་་་་་་་་་་་་་་་་་་་་་་།

    Reply
  46. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    གནས་ཚུལ་འདིས་གང་ཞིག་གསལ་བཤད་བྱ་ཡོད་ཅེ་ན་མི་མང་གིས་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་སུ་ཆེ་མ་གཏོགས་མི་རིགས་ཀྱི་ལ་རྒྱ་དང་ལྷག་བསམ་དྲང་བདེན་ཡོད་པའི་མི་ཞིག་འོས་བླུགས་ཀྱི་མེད་པ་གསལ་བཤད་བྱས་ཡོད། བོད་པ་མི་རེ་ངོ་རེ་ནས་མ་འོངས་པར་རྐུན་མོ་འདི་ལྟ་བུ་མི་རིགས་ཀྱི་ཞབས འདྲེན་དེ་འདྲ་བོད་མི་མང་གི་སྤྱི་འཐུས་ལ་འོས་མ་བླུགས་རོགས། རྐུ་མ་རྒྱག་ཚར་དུས་ད་དུང་ཧམ་བཤད་གང་འདྲ་བྱས་འདུག་ངོ་མ་གདོང་པག་ལྕགས་ལས་མཐུག་ཀི། ད་དུང་སྤྱི་འཐུས་གྲོས་ཚོགས་ནང་དུ་འདི་ལས་ཧམ་པ་ཆེ་བའི་རྐུ་མ་ཁྲམ་པ་དེ་འདྲ་ཡོད་དེ་ཚོ་ངེས་པར་དུ་མི་མང་གིས་ཕྱིར་བཏོན་དགོས་ལ་སྨྱུག་གུ་བཟུང་མཁན་ཚོས་ཁོང་ཚོ་སྐེ་མགྲིན་པ་ནས་གཙེར་ནས་ཐར་པར་གཏོང་མི་ཉན།

    Reply
  47. ཨ་མིའི་བུ། says:
    ལོ་ 13 སྔོན།

    ཆབ་བྲག་ལགས་ཀྱིས་གསུངས་པ་ནང་བཞིན་རེད། ངོ་མ་མོ་རང་གིས་རྗེས་འཇལ་བྱ་རྩིས་ཡོད་ན། དང་པོ་ནས་ཁས་བླང་ན་ཡག་ཟིག། ཡ་ཡ་ད་སེམས་སྡུག་ནི་ཟིག་རེད། ཅི་ཞིག་བཤད་དགོས་མི་ཤིས་གི། ངོ་མ་ཡིད་ཆེས་བྱས་པ་ཡིན་འོས་ཀྱང་བླུག་པ་ཡིན། དེ་འདྲ་གོ་སྐབས་བློ་ཕམ་ཚད་མེད་བྱུང་། མདོ་སྨད་སྤྱི་འཐུས་ལས་བཟང་སྤྱོད་ངང་དགོངས་ཞུ་བྱས་ན་ཡག་གི་རེད། “ང་རང་ལ་མཚོན་ན་ལོ་ ༢༠ ལྷག་གི་རིང་ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབས་ཡོད་པ་ཚང་མས་མཁྱེན་གསལ་རེད། དེས་ན་རྐུན་མ་བྱེད་རིན་ཡོད་ཟེར་ནེ་འེ་རེད། ངོ་མ་བྱ་བཙོག་གི་ཡ།

    Reply
  48. བསྟན་འཇམ། says:
    ལོ་ 13 སྔོན།

    ངོ་མ་ཞབས་འདྲེན་རེད། ད་དུང་བཟང་སྤྱོད་ཀྱི་ཐོག་ནས་མདོ་སྨད་སྤྱི་འཐུས་ནས་དགོངས་པ་ངེས་པར་ཞུ་དགོས། བོད་ནང་དུ་རྔ་བ་ཀིརྟི་ཡུལ་དུ་རང་ལུས་མེར་བསྲེགས་གཏོང་སྟེ་བོད་ཀྱི་ལོ་རྒྱུས་ནང་གསེར་གྱི་རྐང་རྗེས་ཀྱི་སྦར་གྱི་ཡོད་ཀྱང་། འདི་གར་ཁོ་མོས་ང་ཚོའི་ངོ་གདོང་ཐང་ལ་གཡུག་སོང་།

    Reply
  49. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ང་ཧ་ལས་སོང། ངོ་མ་་་་་་གལ་ཏེ་མོ་རང་གི་བུའི་ཚེ་སྲོག་དང་འབྲེལ་བའི་གནད་དོན་དེ་འདྲ་ཞིག་དངོས་སུ་བྱུང་ཡོད་ན་དེ་ཡང་ཅུང་ཁག་མེད་པ་ཞིག་རེད། འོན་ཀྱང་བཙུར་བཙུར་ནས་མཐའ་མར་འདི་ལྟར་ཁས་བླངས་ཚུལ་ལ་བསམས་ན”སྔ་བརྐུས་རྗེས་འཇལ”བྱ་རྩིས་ཀྱི་སྐད་ཆ་དེ་ལ་ཡིད་ཆེས་ཐབས་མི་འདུག
    མོ་རང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མདོ་སྨད་སྤྱི་འཐུས་ཤིག་ཡིན་པའི་ངོས་ནས་དེ་འབྲེལ་གྱི་ངོ་ཚ་ཞིག་ཀྱང་རེད།
    ད་ངོ་མ་ང་ཚོའི་སྤྱི་ཚོགས་ནང་དུ་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་སྦྲང་དཀར་རྩམ་པའི་རང་གཤིས་ལྷད་མེད་དེ་རླུང་གིས་ཁུར་ཚར་བ་ཡིན་ནམ། ང་ངོ་མ་བློ་ཕམ་ཆེན་པོ་བྱུང།

    Reply
  50. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    འབུམ་གཉིས་གཅིག་བུ་ལས་ལྐོག་ཟ་བྱས་མེད་ན་ཡག་པོ་རེད། འོན་ཀྱང་། བུད་མེད་འདིས་བཤད་སྟངས་ལས་སྟངས་ལ་བལྟས་ན། ད་རུང་འདྲེ་མོ་འདིས་མི་མང་ལ་མགོ་སྐོར་གཏོང་འདོད་དང་། དམངས་ཟས་ལྐོགས་ཟ་བྱ་རྒྱུར་དམིགས་ནས་ཡོད་པ་འདྲ། གང་ལྟར་ཀིརྟི་ཚང་གི་མིང་ཐོག་ནས་སྤྱི་ཚོགས་ཁྲོད་མྱིང་ངན་འདྲི་འདྲ་ཞིག་ཁུར་ནས་ཡོང་ན། སེམས་སྡུག་ནི་ཞིག་རེད། སང་ཉིན་ང་རྡ་ས་ནས་འདྲེ་མོ་འདིར་ཐུག་སོང་ན། སྐབས་དེར་ངས་ཁོ་མོར་གཅིན་སྐྱག་པ་གཉིས་ཀ་ཟ་རོགས་ཟེར་རྒྱུ་ཡིན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese