མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼རྒད་པོ་དང་རྒྱ་མཚོ་༽ཞེས་པའི་སྒྲུང་རྩོམ་བོད་བསྒྱུར་དང་འགྲེམས་སྤེལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

དུས་བབ་རྩོམ་སྒྲིག་པ་ཟུར་པ་དགེ་འདུན་རབ་གསལ་ལགས་ཀྱིས་བོད་བསྒྱུར་བྱས་པའི་༼རྒད་པོ་དང་རྒྱ་མཚོ་༽(The old man and the Sea) ཞེས་པའི་དུས་རབས་ཉི་ཤུའི་ནང་གི་སྒྲུང་རྩོམ་གྲགས་ཅན་འདི། ཉེ་ལམ་བོད་ཀྱི་དུས་བབ་གསར་ཁང་གིས་པར་སྐྲུན་ལེགས་གྲུབ་བྱས་ཏེ། ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་འགྲེམས་སྤེལ་ཞུ་རྒྱུ་རེད། 

སྤྱིར་སྒྱུར་རྩོམ་ནི་མིའི་རིགས་ཀྱི་རྩོམ་རིག་བྱ་བཞག་ཁྲོད་ཆེས་གལ་གནད་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཆགས་ཡོད་པ་ལྟར། མདོ་དབུས་མཐོ་སྒང་དུ་གནས་སྡོད་བྱེད་པའི་གདོང་དམར་བོད་པ་འདིས་གནའ་བོའི་དུས་ནས། རྒྱ་དཀར་ནག་གཙོས་འདབས་འབྲེལ་རྒྱལ་ཁབ་ཁག་ལ་འབྲེལ་འདྲིས་ཡུན་རིང་གནང་སྟེ། ཕྱིའི་རིག་གནས་དང་ལག་རྩལ་སོགས་ཕྱོགས་གང་ཐད་ནས་ནང་འདྲེན་བྱེད་ཐུབ་བྱུང་ཡོད་ཀྱང་། ང་དགུ་ལོར་དུས་འགྱུར་བྱུང་སྐབས་བོད་ཀྱི་རིག་གནས་ལ་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་གྱོང་གུད་ཚབས་ཆེན་ཞིག་བྱུང་ཡོད། ལོ་རབས་བརྒྱད་ཅུ་ནས་བོད་ནང་ལོགས་སུ་རིག་གཞུང་སླར་གསོ་དང་རིག་གསར་ནང་འདྲེན་གྱི་སྨྱུ་གུ་འབུས་མགོ་བཙུགས་ཡོད་ལ། བཙན་བྱོལ་དུའང་རིག་གཞུང་ཉམས་གསོ་དང་། མི་རིགས་གཞན་གྱི་སྒྱུ་རྩལ་རྩོམ་རིག་ནང་འདྲེན་ཐད་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། དུས་བབ་རྩོམ་སྒྲིག་པ་ཟུར་པ་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས། རང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དུས་རབས་ཉི་ཤུའི་ནང་སྐད་གྲགས་ཆེ་བའི་༼རྒད་པོ་དང་རྒྱ་མཚོ་༽ཞེས་པའི་སྒྲུང་རྩོམ་དེ་བོད་བསྒྱུར་གནང་སྟེ། བོད་ཀྱི་རྩོམ་རིག་ཀྱང་འཛམ་གླིང་ལ་ཁ་ཕྱོགས་རྒྱུར་སྐུལ་འདེད་དང་ཞབས་འདེགས་བསྒྲུབས་ཡོད།

རབ་གསལ་ལགས་ཀྱིས་བོད་བསྒྱུར་ཞུས་པའི་༼རྒད་པོ་དང་རྒྱ་མཚོ་༽ཞེས་པའི་གྲགས་ཅན་སྒྲུང་རྩོམ་འདི་ནི། ༢༠༠༥ ལོར་གསར་དུ་བོད་བསྒྱུར་གནང་གྲུབ་པ་དང་། ཉེ་ཆར་པར་སྐྲུན་བདག་དབང་གི་ཆོག་མཆན་ཐོབ་མཚམས་དུས་བབ་གསར་ཁང་གིས་པར་སྐྲུན་ཞུས་ཏེ། ད་ཆར་དབུས་ལས་ཁུངས་སུ་འབྱོར་ཡོད་སྟབས། མི་འགྱངས་བའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་རེད། དཔེ་དེབ་འདི་ནི་ཉ་བ་རྒད་པོ་ཞིག་གི་མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གྲགས་ཅན་སྒྲུང་རྩོམ་ཞིག་ཡིན་ཞིང་། བོད་འགྱུར་སྒྲུང་རྩོམ་འདི་ལ་ཁྱོན་ཤོག་གྲངས་ ༡༣༤ ཙམ་གྱིས་གྲུབ་ཡོད་པ་དང་། ད་ཆར་སྒྲུང་རྩོམ་འདི་འཛམ་གླིང་རྒྱལ་ཁབ་མང་པོའི་སྐད་ཡིག་ནང་བསྒྱུར་ཏེ། སློབ་གྲྭ་ཁག་གི་སློབ་ཚན་དུའང་གཏན་འབེབས་བྱུང་ཡོད་འདུག

དུས་བབ་རྩོམ་སྒྲིག་པ་ཟུར་པ་ལུང་རིགས་རྒྱལ་ལགས་ཀྱིས་འགྱུར་རྩོམ་འདིའི་གླེང་བརྗོད་དུ།  “ སྒྲུང་རྩོམ་འདི་ནི་བོད་གངས་ཅན་པ་དག་གི་སྤྱི་ཚོགས་འཚོ་བའི་ཚུར་སྣང་ཞིག་མིན་ལ། སྒྲུང་འདིའི་ནང་གི་ཁོར་ཡུག་དང་དོན་རྐྱེན་གྱི་བྱུང་བའི་ཆ་ནས་ང་ཚོར་རྒྱུས་མངའ་དེ་ཙམ་མེད། བོད་མི་རིགས་ནི་སའི་གོ་ལའི་ཡང་རྩེ་ན་ཆགས་ཡོད་ལ། ང་ཚོའི་ཁོར་ཡུག་དེ་གངས་རི་དང་རྫ་རི། སྤང་རི། རྩྭ་ཐང་། གཙང་པོ་སོགས་ཀྱིས་གཙོ་བོར་གྲུབ་པ་རེད། རྟ་ནོར་ལུག་གསུམ་གྱིས་གཙོས་སྒོ་ཕྱུགས་མང་ས་ཞིག་རེད། སྒྲུང་རྩོམ་འདི་ཞི་བདེ་རྒྱ་མཚོའི་ཁ་ནས་བྲིས་པ་རེད། གྲུ་གཟིངས་དང་གྲོང་ཁྱེར། ཉ་ཆེན། རྦ་རླབས་སོགས་ང་ཚོའི་འཚོ་བ་དང་ཁ་ཐག་ཧ་ཅང་རིང་ས་ཞིག་ཡིན་སྟབས། སྒྲུང་རྩོམ་འདིའི་ནང་གི་བྱུང་བ་དང་དེ་དག་མཚོན་བྱེད་ཀྱི་སྐད་བརྡ་སོགས་ནི་སྒྲུང་རྩོམ་ཁོ་རང་ལས་ཀྱང་ང་ཚོར་གསར་པ་ཆགས་ཡོད། ཅི་ཙམ་གྱིས་རང་གི་བློ་རིག་དང་འཚོ་བའི་ཉམས་མྱོང་ལ་ཁ་ཐག་རིང་ན་དེ་ཙམ་གྱིས་སོ་མ་དང་རྩ་ཆེ་བར་འདོད་ ” ཅེས་འཁོད།

ད་དུང་འགྱུར་རྩོམ་འདིའི་གླེང་བརྗོད་ནང་། “ བོད་ལ་མཚོན་ན། ང་ཚོ་བོད་མི་རིགས་ཀྱིས་ད་སྐབས་རང་གི་རུས་རྐང་ལ་ཟུག་ཅིང་། བླ་སྲོག་ལ་བརྩི་བཞིན་པའི་ཆོས་དང་རིག་གནས་ཀྱི་ཕྱོགས་མང་པོ་ཞིག  དེང་གི་ཆར་འཛམ་གླིང་རིག་གནས་ཀྱི་བང་མཛོད་དུ་ངོམ་ཆོག་ཆོག་བྱས་ནས་ཡོད་པ་འདི་ཡང་། སྔོན་བྱོན་ལོ་ཙཱ་བ་དག་གི་ཡིག་སྒྱུར་གྱི་སྒྱུ་རྩལ་ལ་བརྟེན་ནས་བྱུང་བ་ཞིག་རེད། ད་སྐབས་འཛམ་གླིང་མི་རིགས་མི་འདྲ་བ་མང་པོས་སོ་སོའི་མ་སྐད་མ་བརླག་པར་གཅིག་རྗེས་གཅིག་གིས་ཟིན་ཞིང་། མུ་མཐུད་ནས་བང་འགྲན་བཞིན་སྔོན་ཐོན་ཕྱོགས་སུ་སྐྱོད་བཞིན་པ་འདི་ཡང་ཡིག་སྒྱུར་གྱི་སྒྱུ་རྩལ་ལ་བརྟེན་ཡོད། འདི་ལྟར་བསམ་ཡོང་དུས། ང་ཚོར་ཡང་ཡིག་སྒྱུར་བའི་དཔུང་ཁག་ནི་ཅི་འདྲའི་མཁོ་ཨང་སྙམ་ཞིང་། སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་གཙོས་དེང་གི་ཡིག་སྒྱུར་བ་དག་ནི་ཅི་འདྲའི་དྲིན་དུ་ཆེ་ཞིང་མེད་ཐབས་མེད་པ་ཞིག་རེད ” ཅེས་འཁོད་འདུག  

སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་སྒྱུར་བ་པོའི་གཏམ་དུ། “ ངས་བཅོས་སྒྲུང་འདིའི་བོད་འགྱུར་ལ་ཞུ་དག་གཏོང་བའི་སྐབས་ནི། བོད་ནང་དུ་བོད་མི་ ༡༦ གིས་སྐུ་ལུས་ཞུགས་མེར་ཕུལ་ནས་བོད་ཀྱི་གནད་དོན་འདི་ཛ་དྲག་གི་ཚོར་བ་ལྕི་མོ་ཞིག་ཏུ་དེད་པའི་སྐབས་ཡིན། དེར་བརྟེན། དུས་ཚོད་འདི་ལ་ནི། བོད་མི་ཞིག་གིས་ཨ་རིའི་རྩོམ་པ་པོ་ཞིག་གི་བཅོས་སྒྲུང་ལ་འགྱུར་བཅོས་དང་ཞུ་དག་གི་ལས་ཀ་བྱེད་པ་ལ་ནི་ཚོར་བ་མེད་ཅིང་། འདོད་རྔམས་མི་སྐྱེ་བའི་ལས་ཀ་ཞིག་ཡིན་པ་སྨྲས་མ་དགོས། གཅིག་བྱས་ན། ལས་ཀ་འདི་འདྲ་ཞིག་ལ་མགོ་འཁོར་ས་ཡོད་པ་ནི་རང་གི་སེམས་ཇེ་སྐྱིད་ལ་གཏོང་བའི་ཐབས་ཤེས་ཤིག་ཡིན་པ་རེད། ངས་སྲང་ལམ་ནས་དབྱིན་ཇིའི་ཚིག་འབྲུ་རེ་ཟུང་རེ་བཏུས་ཤིང་། ཕོ་ལོ་ ༢༥ ཡིན་པའི་སྐབས་དེ་ལ་སློབ་གྲྭའི་གོ་སྐབས་ཤིག་བྱུང་ཚེ། སྐད་ཡིག་གི་དཀའ་ངལ་འདི་སེལ་ཡོད་པ་རེད་དྲན། འོན་ཀྱང་། སྐབས་དེ་ལ་ལྟོ་གོས་དང་དེ་ལས་ཀྱང་ལྟོ་འཚོལ་བའི་ལས་ལ་ཞུགས་དགོས་པར་བརྟེན། ད་དུང་ཡང་རང་གི་ཨིན་ཇིའི་སྐད་ཡིག་ནི་སྲང་ལམ་ནས་སྦྱངས་བའི་སྐད་ཡིག་གི་ངོ་བོར་ལྷག་འདུག  ཨིན་ཡིག་གི་སྒྲུང་རྩོམ་བོད་སྐད་ལ་བསྒྱུར་བའི་འདོད་པ་ནི་ཇི་ལྟར་མགོ་བཙུགས་པ་ཡང་མ་ཤེས། བྱིས་པ་གཉིས་ག་ས་གནས་སྤྱི་དམངས་དཔེ་མཛོད་ཁང་དུ་ཁྲིད་སྐབས་སུ་མཐོང་བའི་དཔེ་དེབ་དག་གིས་ང་ལ་སྐུལ་མ་ཞིག་ཐེབས་ཡོད་པ་ནི་སྨོས་མ་དགོས། ཨིན་སྐད་ཐོག་ཀློག་ཏུ་ཡོད་པའི་དཔེ་དེབ་དེ་ཚོ་བོད་སྐད་ལ་སླེབས་ཐུབ་པ་བྱ་འོས་པའི་ཆོད་སེམས་ཤིག་རྙེད་པ་དང་། མི་རེ་རེ་ནས་འགན་འཁུར་ཏེ་གང་ཐུབ་ཅིག་བྱེད་དགོས་སྙམ་ཏེ་ལས་ཀ་འདི་ཕྲག་ཏུ་བླངས་པ་རེད” ཅེས་འཁོད།  

གཞན་ཡང་། སྒྱུར་བ་པོའི་གཏམ་གྱི་ནང་དུ། “ ང་ལ་སྒྲུང་རྩོམ་འདི་ངོ་སྤྲོད་བྱེད་མཁན་ནི་ཨ་མ་མཱེ་རེ་ཞུ་མཁན་གྱི་ཨ་མ་ཤིག་ཡིན། ཁོང་གིས་མི་ཚེའི་རིང་སློབ་གྲྭའི་དགེ་རྒན་བྱས་སྐབས། རྩོམ་རིག་སློབ་ཁྲིད་ཆེད་དུ་སྒྲུང་རྩོམ་འདི་བསླབས་ཡོད་འདུག  ང་དང་ཨ་མ་མཱེ་རེ་གཉིས་ཀྱིས་ཕན་ཚུན་ལ་སྐད་སློབ་རེས་བྱེད་པའི་ཚུལ་དུ་སྒྲུང་འདི་ཐོག་མར་བསྒྱུར་ཅིང་། རིམ་གྱིས་ཨ་མ་མཱེ་རེ་ནི་སྒྲུང་འདི་ང་ལ་འཆད་པའི་སློབ་དཔོན་ལྟ་བུ་ཞིག་ཏུ་གྱུར། སྐབས་རེར་ཨ་མ་མཱེ་རེ་ལགས་ནི་སྒྲུང་འདིའི་ཚིག་ཤུགས་ཀྱིས་དྲངས་ཏེ། བཀླག་པའི་ཉམས་མི་འདྲ་བ་ཞིག་འདོན་ཅིང་། དེ་ནི་གེ་སེར་སྒྲུང་པ་ཞིག་གིས་སྒྲུང་འཆད་པའི་རྣམ་པ་དང་མཚུངས། ཁོང་གིས་ད་དུང་སྒྲུང་འདི་སྒྲ་ཐག་ཏུ་ཕབ་པའི་སྒྲ་འཛིན་འཁོར་ཐག་དང་། སྒྲུང་འདི་གཞི་ལ་བྱས་པའི་གློག་བརྙན་བཅས་ཀྱང་ཉོས་ནས་ང་ལ་སྤྲད་བྱུང་། ད་དུང་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་དང་ཡེ་ཤུའི་ཆོས་བར་འབྲེལ་བ་ཡོད་ཚུལ་སོགས་གསང་བ་ཟབ་མོའི་འགྲེལ་བཤད་དག་ཀྱང་གནང་བྱུང་། ང་ཚོས་སློབ་ཚན་ལྟ་བུའི་ངང་ནས་སྒྲུང་འདི་ཀློག་ཞོར་དང་སྒྱུར་ཞོར་བྱས་ཏེ་ ༢༠༠༥ ལོར་ཡོངས་སུ་གྲུབ་པ་རེད ” ཅེས་འཁོད་འདུག 

དཔེ་དེབ་འདིའི་རྩོམ་པ་པོ་རྩོམ་ཨར་ནེསྟི་ཧེ་མིང་ཝེ་(Ernest Hemingway)ནི་ ༡༨༩༩ ལོར་ཨ་རིའི་མངའ་སྡེ་ཨི་ལིས་ནོ་ཞེས་པའི་ཨོག་པར་ཀིའི་ནང་འཁྲུངས་ཤིང་། ༡༩༡༧ ལོར་༼ཀེན་ས་སི་གྲོང་ཁྱེར་སྐར་མ་༽ཞེས་པའི་ཚགས་ཤོག་ཐོག་རྩོམ་ཡིག་འབྲི་མགོ་བརྩམས།འཛམ་གླིང་དམག་ཆེན་དང་པོའི་སྐབས་ཨི་ཊ་ལིའི་གཡུལ་སར་དང་བླངས་སྨན་བཅོས་རླངས་འཁོར་ཁ་ལོ་པ་བྱས། ༡༩༢༡ ལོར་ཧེ་མིང་ཝེ་ཕ་རན་སིའི་རྒྱལ་སར་སྡོད་སྐབས། ཁོང་ནི་གཱེར་ཊི་རི་ཌི། སི་ཏའེན་དང་། ཨེ་ཧྥི། སི་ཀོ་ཊ། ཧྥི་ཊི་ཟ་གེ་རལ་ཌི། ཨ་ཛ་རཱ། པོན་ཌི། ཕོར་ཌི། མེ་ཌོ་སེ། ཕོར་ཌི་བཅས་ཀྱི་ཡུལ་གྱར་བའི་ཚོགས་ཁོངས་སུ་ཞུགས། ༡༩༢༦ ལོར་༼ཉི་མ་ཡང་ཤར་འདུག་༽ཅེས་པ་དེ་བརྩམས་རྗེས། ཧེ་མིང་ཝེ་ནི་བརླག་ཟིན་པའི་མི་རབས་ཀྱི་མགྲིན་དབྱངས་ཤིག་ཏུ་གྱུར་པ་ཙམ་མིན་པར། དུས་སྐབས་དེའི་རྩོམ་པ་པོ་ཕུལ་བྱུང་ཞིག་ཏུ་གྱུར། ༡༩༢༩ ལོར་ཨི་ཊ་ལིའི་གཡུལ་སའི་སྐོར་གྱི་བཅོས་སྒྲུང་༼དཔུང་ངར་དང་ཁ་གྱེས་པ་༽བརྩམས། ༡༩༣༠ ནང་ཧེ་མིང་ཝེ་ནི་ཀི་ཝེ་སི་ཊི་དང་ཁུའུ་བྷ་རྒྱལ་ཁབ་ཏུ་གཞིས་སྡོད་བྱས་ཏེ། སི་ཕན་དང་ཨི་ཊ་ལི། ཨ་ཧྥི་རི་ཀ་བཅས་སུ་ཕྱོགས་སྐྱོད་བྱས། སྐབས་དེར་སི་ཕན་གྱི་མི་སེར་དམག་འཁྲུག་ལའང་ཞུགས་མྱོང་ཡོད་པ་རེད། ༡༩༣༩ ལོར་ཁོང་གིས་དམག་འཁྲུག་གི་བཅོས་སྒྲུང་༼གང་གི་ཆེད་དུ་དྲིལ་བུ་དཀྲོལ་བ་༽བརྩམས་པ་དང་། ༼རྒད་པོ་དང་རྒྱ་མཚོ་༽ལ་ ༡༩༥༣ ལོར་པུ་ལེ་ཊི་ཛེར་ཞུ་བའི་གཟེངས་རྟགས་ཐོབ། ༡༩༥༤ ལོར་ཁོང་གི་བརྩམས་ཆོས་ “ གླེང་མོལ་གྱི་སྒྱུ་རྩལ་ལ་དབང་བསྒྱུར་བའི་རྣམ་པ་འཛུགས་མཁན་དང་ཚིག་ཤུགས་ཆེ་བ་ ” ཞེས་པར་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་བྱ་དགའ་ཐོབ། ༡༩༦༡ ལོར་རྩོམ་པ་པོ་ཁོང་ཨ་རིའི་ཨེ་ཌ་ཧོ་མངའ་སྡེའི་ནང་རང་ཤི་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་ཡོད།  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 9

  1. མི་རྒོད། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ཀླད་པ་གསར་དུ་བཞད།།
    དགེ་བ་བྱ་བའི་ལས་ལ་འཇུག་པ་དེས།།
    དུས་རབས་འདི་ནང་གཞོན་ནུའི་སྙིང་སྟོབས་ཡིན།།
    འདི་ཡང་མི་རིགས་རིག་གནས་འཛིན་པར་བྱེད།།
    ཐུགས་རྗེ་ཆེ་གང་བཀྲིས་བདེ་ལེགས་བོད་དུ་སླེབས་ཚེ་ཞུ་ཆོག་པ་བཅས།།

    Reply
  2. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    རྩོམ་པ་པོས་རང་ཉིད་ཀྱི་ཀླད་པར་ཐུང་མདའ་བཙུགས་ཏེ་གཏོར་བ་ཡིན་སྙམ་སོང་། གང་ལྟར་ཨ་རིའི་སྐད་ཆ་དཀྱུས་མའི་རྩོམ་རིག་གི་སྲོལ་འབྱེད་མཁན་མ་ཁེ་ཐུའུ་ཝན་དང་ཁོང་གཉིས་ཡིན་ཚུལ་བརྗོད་ཀྱི་ཡོད། འདི་འདྲའི་གལ་ཆེན་གྱི་བརྩམས་ཆོས་བསྒྱུར་བར་སྙིང་ནས་སྤྲོ་བ་བརྟས་པས། སྒྱུར་བ་པོར་རྟེན་འབྲེལ་ཞུ།

    Reply
  3. སྐྲན། says:
    ལོ་ 14 སྔོན།

    རྒད་པོ་རབ་གསལ་ལགས་ལ་བཀའ་དྲིན་ཆེ། ཉིད་ཀྱི་བསྒྱུར་གནང་བའི་དེར་མཚོ་མོའི་རེ་སྒུག་བྱས་ཡོད།

    Reply
  4. ནད་པ says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ལགས་ཀྱིས་སྐུ་ལས་བསྐྱོན་ཏེ་རང་གི་གཅེས་པའི་རྒྱལ་ཁབ་དང་རང་གི་བརྩེ་བའི་མི་རིགས་ཀྱི་ཕ་སྐད་ནང་རྒད་པོ་དང་རྒྱ་མཚོ་ཞེས་པའི་དཔེ་དེབ་ཞིག་ཡིག་བསྒྱུར་གནང་བར་བསྔགས་བརྗོད་ཚད་མེད་ཅིག་ཞུ་འདོད་བྱུང་།

    སྐུ་ཞབས་ཨན་ནེསཊེ་ཙེ་མིང་ལགས་མཐར་རང་ཤི་བརྒྱབས་པའི་གནས་ཚུལ་དེར་ཅུང་བློ་ཕམ་རེད་སྙམ་པའི་འཚོ་སྣང་ཞིག་བྱུང་།

    བོད་མི་རིགས་ཀྱི་ཕོ་རྒོད་ཟེར་ན་ཁོང་ལྟ་བུའི་ལས་དོན་རླབས་ཆེན་འདི་འདྲ་རྩོམ་མཁན་ཞིག་ལ་ངོས་འཛིན་བྱེད་འོས་པར་མཐོང་། དེ་མིང་རང་ཤི་རྒྱག་པ་དང་། སྲིད་སྟེགས་སུ་འཛེགས་ཏེ་ཁ་སྟོང་པ་ཤ་སྟག་བཤད་ན་ཕན་ཐོགས་རྩ་བ་ནས་མེད།

    Reply
  5. ཀླུ་སྨྱོན། says:
    ལོ་ 14 སྔོན།

    རྒན་རབ་གསལ་ལགས་ཀྱིས་དཀའ་ངལ་དེ་ཙམ་བསྐྱོན་ནས་སྒྲུང་གཏམ་གྲགས་ཅན་འདི་བསྒྱུར་པར་དགའ་བསུ་ཞུ། ཁོ་བོས་དེབ་དེ་གཅིག་ཉོ་འདོད་པས་གང་ན་ཉོ་ཐུབ། ཨ་རི་རང་ནས་ཉོ་ཐུབ་བམ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་བྱ་དགའ་ཐོབ་ནས་རྩོམ་པ་པོ་ཁོང་ཨ་རིའི་ཨེ་ཌ་ཧོ་མངའ་སྡེའི་ནང་རང་ཤི་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་པ་འདིས། གློག་བརྙན་དང་བཅོས་སྒུང་ལས་འཁོར་བ་འདི་ལྟད་མོ་ཆེ་བ་མིན་འདུག་གམ།

    Reply
  7. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    རྨི་ལམ་ཞིག་ཏུ་དགའ་བའི་མཛའ་མོ་ཞིག་ལ་འཕྲད་པ་ཇི་བཞིན་དེ་རིང་གསར་འགྱུར་འདི་བཀླགས་ནས་སེམས་སྐྱིད་བྱུང་། སྒྲུང་འདི་སྙན་པོ་ཡོད། རྒད་པོ་དེས་ཉ་འཛིན་འཛིན་གྱི་བར་དུ་ཉོབ་སྣང་ཡོང་སྲིད། ཉ་བཟུང་བའི་རྗེས་ནས་སྒྲུང་འདི་ཇེ་སྙན་ལ་འགྲོ གཟིགས་རོགས་གནང་། ཐུགས་རྗེ་ཆེ།

    Reply
  8. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ལགས་ཐུགས་རྗེ་ཆེ། འདི་འདྲའི་རིགས་མང་ཙམ་སྒྱུར་ཐུབ་ན་དཔེ་ཡག་པོ་འདུག

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རྒད་པོ་རྒྱ་མཚོ་ལ་བཀའ་དྲིན་ཆེ། སྔོ་མེར་རེ་ཡོད་ནི་ཞིག་བསྒྱུར་བར་རེ་བ་ཆེ། མ་རེད་ལ། རྒན་རབ་གསལ་ལ་བཀའ་དྲིན་ཆེ། དྭངས་ཅིག་གེ་ཡོད་ནི་ཟིག་བསྒྱུར་ཡོད་པར་རེ་བ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese