གཟའ་མིག་དམར་ཉིན་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ། བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༡༧ པ་དེ་མགོ་འཛུགས་གནང་ཡོད་འདུག
དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་ནང་པའི་རིག་གཞུང་ཚོགས་པ་དང་སློབ་གྲྭ་ཐུན་མོང་གིས་གོ་སྒྲིག་འོག ལོ་ལྟར་ས་གནས་གཞིས་ཆགས་ཁག་གི་སློབ་ཕྲུག་ཚོར་དབྱར་ཁའི་གུང་གསེང་དུས་ཡུན་ཟླ་གཅིག་རིང་བོད་ཡིག་ཟུར་སྦྱོང་འཛིན་གྲྭ་ཚོགས་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སློབ་གྲྭའི་ནང་བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་ཐེངས་ ༡༧ དེ་མགོ་འཛུགས་གནང་ཡོད་འདུག ཐེངས་འདིའི་ཟུར་སྦྱོང་འཛིན་གྲྭར་ས་གནས་གཞིས་གྲོང་ཁག་དགུའི་འཛིན་རིམ་དང་པོ་ནས་བཅུ་གཅིག་བར་གྱི་སློབ་ཕྲུག་གྲངས་ ༢༢༠ མཉམ་ཞུགས་ཡོད་པ་དང་། གྲྭ་སའི་དང་བླངས་དགེ་རྒན་ ༡༢ གྱིས་སློབ་ཕྲུག་ཚོར་སུམ་རྟགས་དང་། དག་ཡིག ཡིག་གཟུགས། བོད་སྐད་ཐ་སྙད་གསར་བ། ཆོས་འབྱུང་། རིགས་ལམ། ནང་ཆོས་ངོ་སྤྲོད། མཛད་རྣམ་སོགས་སློབ་ཁྲིད་བྱ་རྒྱུ་ཡིན་འདུག
ཟུར་སྦྱོང་འཛིན་གྲྭ་དེའི་དམིགས་ཡུལ་ནི། ས་གནས་གཞིས་ཆགས་ཁག་གི་སློབ་ཕྲུག་ཚོས་བོད་རང་གི་རིག་གནས་ལ་དོ་སྣང་ཡོང་རྒྱུར་སྐུལ་སློང་བྱས་ཏེ། སློབ་མིའི་བོད་ཡིག་གི་ཤེས་ཚད་ཡར་རྒྱས་དང་། བོད་སྐད་གཙང་མ་བཤད་ཐུབ་རྒྱུར་དམིགས་པ་ཞིག་ཡིན་ལ། ༡༩༩༥ ལོར་བོད་ཀྱི་རིག་གཞུང་ཟུར་སྦྱོང་འཛིན་གྲྭ་མགོ་བཙུགས་པ་ནས་བཟུང་ད་ལྟའི་བར་སྔ་ཕྱིར་ཐེངས་ ༡༧ ལ་ཚོགས་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།