མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱིས་དགོངས་པ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp


༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་དགོངས་ཞུ་ཕུལ་དོན་ལྟར། བཀའ་ཤག་གིས་ཁོང་གཉིས་ཀྱིས་འདས་པའི་ཉམས་ཉོང་གཞིར་བཟུང་མ་འོངས་པར་ཡང་སློབ་སྟོན་ཞུ་འདུན་ཡོད་སྐོར་དང་བཅས་དགོངས་འཁྲོལ་བསྩལ་ཡོད་འདུག 

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀའི་སྟེང་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློས་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་དགོངས་ཞུ་གནང་དོན་ལྟར། ཟླ་ ༦ ཚེས་ ༡ ནས་དགོངས་ཞུ་ངོས་བཞེས་གནང་ཡོད། ཅེས་དང་། བོད་མིའི་མགོ་འཁྲིད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་ཚུལ་བརྗོད་འདུག 

གསལ་བསྒྲགས་ནང་བཀོད་དོན། “ ཕྱི་ལོ་ ༢༠༠༢ ནས་བཟུང་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། ཕྱག་རོགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་ཐེངས་དགུ་གནང་བ་དང༌། འབྲེལ་མོལ་མཐའ་མ་དེ་ལོ་གཉིས་ལྷག་གོང་ཕྱི་ལོ་ ༢༠༡༠ ཟླ་ ༡ ནང་བྱུང་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༤ པའི་ནང་དམིགས་བསལ་སྐུ་ཚབ་མཆོག་ལས་གནས་ནས་དགོངས་ཞུ་གནང་འདུན་ཡོད་སྐོར་གསུངས་ཡོད་ཀྱང༌། སྐབས་དེར་འོས་ཐོན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དགོངས་ཞུ་ངང་འཐེན་གནང་དགོས་པ་དང༌། སྐུ་ཚབ་གཉིས་ནས་མུ་མཐུད་འབྲེལ་མོལ་ཡོང་ཐབས་འབད་བརྩོན་བསྐྱེད་དགོས་པའི་བཀོད་མངགས་གནང་ཞིང༌། ཕྱི་ལོ་ ༢༠༡༡ ཟླ་ ༥ པ་ནས་བཟུང་སྐུ་ཚབ་གཉིས་དང་བཀའ་བློན་ཁྲི་པའི་དབར་བཀའ་བསྡུར་མཇལ་འཕྲད་ཐེངས་བཅུ་གཉིས་བྱུང་ཡོད། མཐར་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ དང་ ༣༡ ཉིན་དྷ་སར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སར་སྐུ་ཚབ་གཉིས་ནས་རྒྱ་ནག་གཞུང་གིས་འབྲེལ་མོལ་ལ་བཟང་ཕྱོགས་ཀྱི་ལན་གཏན་ནས་མ་བྱུང་བར་བློ་ཕམ་དང་བཅས་བཀའ་བློན་ཁྲི་པར་དགོངས་ཞུ་ཕུལ་ཡོད” ཅེས་བཀོད་འདུག

 

གསལ་བསྒྲགས་ནང་སྐུ་ཚབ་རྣམ་གཉིས་ཀྱིས་བཀའ་ཤག་ལ་དགོངས་ཤོག་ཕུལ་བའི་ནང་དོན་ལུང་འདྲེན་བྱས་ཡོད་པའི་ནང་། “རྒྱ་ནག་གཞུང་གིས་བོད་ཐོག་མཁྲེགས་འཛིན་གྱི་ལངས་ཕྱོགས་མུ་མཐུད་རྒྱུན་འཛིན་བྱེད་པ་དང༌། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་ཛ་དྲག་ཐབས་སྡུག་གི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་བྱུང་བའི་རྐྱེན་གྱིས་རང་ལུས་མེར་བསྲེགས་ཀྱི་ཡིད་སྐྱོའི་དོན་རྐྱེན་གྱིས་མཚོན་པའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང༌། ལྷག་པར་རང་ཕྱོགས་ནས་ཕྱི་ལོ་ ༢༠༠༨ དང་ ༢༠༡༠ སོ་སོར་རྒྱ་ནག་གི་རྩ་ཁྲིམས་གཞི་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་ཡིག་ཆ་སྤྲད་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ནས་བཟང་ཕྱོགས་ཀྱི་ཡ་ལན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་པའི་བསམ་ཚུལ་སྤེལ་བ་ནི་མི་རིགས་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་ཆེད་ཡིན་པར་མཐོང་བ་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་ཆར་དོན་སྙིང་ལྡན་པའི་འབྲེལ་མོལ་ཡོང་རེ་དཀའ་བར་སྣང་བས། ངེད་གཉིས་ཀྱིས་ད་དུང་མུ་མཐུད་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཀྱི་ལས་འགན་འཛིན་རྒྱུ་བློས་འགན་བཟོད་ཐབས་བྲལ་བས། དགོངས་འཁྲོལ་ཅིས་ཀྱང་ཡོང་བ” ཞེས་བཀོད་ཡོད་ཚུལ་བསྟན་འདུག

 

ཡང་གསལ་བསྒྲགས་དེའི་ནང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་གསུང་བཤད་ཅིག་ལུང་འདྲེན་ཞུས་པའི་ནང་ “དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཡུན་རིང་ནས་ངོ་ཤེས་རྒྱུས་ཡོད་ཡིན་པས། ཁོང་རྣམ་གཉིས་ནས་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་སུ་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ངལ་བ་དུ་མ་ཁྱད་དུ་བསད་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་རིམ་པ་གནང་ཡོད། འདས་པའི་ལོ་བཅུའི་རིང་གི་འབྲེལ་མོལ་གྱི་བརྒྱུད་རིམ་ནང་སྐུ་ཚབ་གཉིས་ནས་རིན་ཐང་བྲལ་བའི་ཞབས་འདེགས་ཞུས་ཡོད། བཀའ་ཤག་གིས་མུ་མཐུད་ཁོང་རྣམ་གཉིས་ནས་སློབ་སྟོན་བཞེས་རྒྱུ་མ་ཟད། ཁོང་གཉིས་ལས་དོན་ཚོགས་ཆུང་ནང་ཚོགས་མི་རྒན་པའི་ངོ་བོར་མུ་མཐུད་བཞུགས་རྒྱུ་རེད” ཅེས་བཀོད་འདུག

 

བཀའ་ཤག་གི་གསལ་བསྒྲགས་ནང་མུ་མཐུད་དུ་བཀོད་དོན། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དང་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་པེ་ཅིང་ནས་མོས་མཐུན་བྱེད་དགོས་པ་བཀའ་ཤག་གིས་ནན་བརྗོད་བྱ་རྒྱུ་ཡིན། དེ་ནི་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་ཞིག་དང༌། རྒྱ་ནག་གི་ཆིག་བསྒྲིལ་དང༌། བརྟན་ལྷིང༌། འཆམ་མཐུན། དེ་བཞིན་རྒྱ་ནག་རང་ཉིད་འཛམ་གླིང་ནང་ཞི་བའི་སྒོ་ནས་ཡར་འཐོན་ཡོང་ཐབས་བཅས་ལའང་ཕན་ཐོགས་ཡོད།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མིའི་གྲངས་ཚད་སྤར་རྒྱུ་དང༌། ཕྱི་ལོ་ ༢༠༡༢ ཟླ་ ༡༢ པའི་ནང་ཚོགས་འདུ་ཞིག་བསྐོངས་ཏེ་རྒྱ་ནག་ནང་མགོ་འཁྲིད་འཕོ་འགྱུར་གྱི་གནས་སྟངས་ལ་བསྐྱར་ཞིབ། ཞི་བའི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་མགོ་འཁྲིད་གསར་པ་ཚོ་དང་མུ་མཐུད་འབྲེལ་ལམ་ཡོང་ཐབས་བཅས་བྱ་རྒྱུ་ཡིན།

བོད་མིའི་མགོ་འཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། བོད་མིའི་མགོ་འཁྲིད་ཀྱིས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང༌། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད” ཅེས་སོགས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 30

  1. གདོང་དམར་བོད་ says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ལགས་དང་ ཡུལ་གྱར་བ་ལགས་གཉིས་ལ་ཞུ་རྒྱུར་ སྐྱོན་བརྗོད་གནང་ཆོག་པའི་བཀའ་འཁྲོལ་གནང་བར་ཐུགས་ཆེ་གནང་ ཡག་པོ་རེད་ ཁ་སྔོན་འབྲི་སྟངས་གཞི་བཞག་བྱས་ན་ དམག་ཕྱོགས་ཚོགས་པའི་ལྟ་བ་དང་ སྤྱི་ཚོགས་སྙིང་ཞན་ལམ་ལུགས་གཞི་ལས་སྐྱོན་གཏོན་ཆོག་གི་མེད་རམ་བཀོད་འདུག་ དེ་ཡར་རྒྱས་རྣམ་པ་རང་རེད་ སྔོན་མའི་བཤོད་སྲོལ་བཞིན་ བོད་གཞུང་དགའ་ལྡན་ཕོ་བྲང་དབང་ཐང་མགོ་ལེབ་གང་བྱས་རེད་གནས་བབས་ད་ལྟར་ལྷག་པ་མིན་འགྲོ་བསམ་ འཇོན་ཐང་ག་འདྲ་ཡོད་མེད་སོགས་ བཀའ་ཤག་སྐབས་སྔོན་མ་ ད་ལྟའི་བཀའ་ཤག་གཉིས་ཀྱིས་གསུང་འཕྲིན་ལ་བལྟས་ན་མདོག་ཆ་བྲོ་བ་བསྟན་ཡོང་གིན་རེད་ གཞན་ཆེོས་རིག་བཀའ་བློན་དང ཕྱི་འབྲེལ་བཀའ་བློན་གཉིས་རྒྱལ་ཁབ་ངོ་བོ་མཚན་པའི་ཤེས་འཇོན་འདུག་གམ་ དེ་རིང་རྐྱེན་འདི་མཚམས་བཞག་ མུ་འཐུད་ནས་བྲིས་ཆོག་བཅས་ མི་རིགས་རྩ་དོན་གཞི་བཅོལ་ཏེ་ ཕྱོགས་ལྷུང་མེད་པ་ལེན་གནང་རོགས་གནང་ གངས་ཅན་པ་ནས ་

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གདོང་དམར་བོད་ལགས།
    ཁྱེད་ཀྱིས་ཁྲི་གསར་ཚང་ལ་སྐྱོན་བརྗོད་བྱས་པར་ངས་ཆབ་སྲིད་རིག་པའི་གཞུང་ལུགས་དང་དམངས་གཙོའི་ལམ་ལུགས་ལས་འགལ་བ་ཞིག་ནམ་ཡང་བཤད་མེད། མ་ཟད་ངས་ད་དུང་སྐྱོན་བརྗོད་ནི་ཡར་རྒྱས་ཀྱི་རང་བཞིན་དང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ལ་རྩིས་ཀྱི་ཡོད། འོན་ཀྱང་ཁྱེད་ཀྱིས་སྐྱོན་བརྗོད་དེར་གནས་ལུགས་དང་རྒྱུ་མཚན་ངེས་ཅན་མི་འདུག་ལ་སེམས་འཚོར་དང་འཆར་སྣང་ཙམ་གྱིས་རྗེས་སུ་འབྲངས་ན་ཕན་ལས་གནོད་ཆེ། མ་ཟད་ཁྱེད་ཀྱིས་(༧གོང་ས་མཆོག་ཆབ་སྲིད་ཀྱི་འགན་འཁུར་གནང་གི་མེད་པ་དང་། གཉིས་ནས་ཟམ་གདོང་རིན་པོ་ཆེ་གཞུང་གི་སྲིད་ཞུ་ཟུར་པ་ཆགས། གསུམ་ནས་བཀའ་ཁྲི་གསར་པར་འཇོན་ཐང་ཞན་པའི་ཐོག་ཕྱག་སྦྲེལ་བཀའ་བློན་འཇོན་ཐང་ཅན་མེད་པས་)ཞེས་གསུངས་བར། ༧སྐུ་མདུན་ཆབ་སྲིད་གྲེས་ཡོལ་ལ་ཕེབས་སྐབས་དེང་དུས་ཤེས་ཡོན་དང་འཇོན་ཐང་མེད་པའི་མི་ཞིག་ལ་རྩིས་སྤྲོད་གནང་བ་ཞིག་ནམ་ཡང་གསུང་གི་མི་འདུག་ལ་ཐུགས་བློ་བདེ་པོ་ཡོད་པ་ཞིག་མ་གཏོག་ཐུགས་ཕྲལ་ཡོད་པ་ཞིག་ནམ་ཡང་གསུང་གི་མི་འདུག། མ་ཟད་དེ་འདྲའི་ཤེས་ཡོན་དང་འཇོན་ཐང་མེད་པའི་མི་ཞིག་ལ་༧སྐུ་འདུན་གྱིས་ཆབ་སྲིད་འགན་དབང་ཡོངས་རྫོགས་ནམ་ཡང་རྩིས་སྤྲོད་གནང་མི་སྲིད་པ་ཞིག་རེད། སྤྱིར་སྟངས་འཇོན་ཐང་ཞེས་པ་དེ་ལས་འགན་འགོ་བཙུགས་མ་ཐག་ཐོན་རྒྱུ་ཞིག་གང་དུ་ཡང་མེད་པ་རེད། ལར་ནས་བཙན་བྱོལ་སྒྲིག་འཛུགས་འདི་ཞན་དབང་སྟབས་བསྟུན་ཡིན་ཙང་དེ་བས་དཀའ་བར་སྣང་། དཔེར་ན་ཨ་རིའི་སྲིད་འཛིན་ཨོ་བྷཱ་མཱ་ཁོང་ཆེས་དང་ཐོག་ཨ་རིའི་སྲིད་སྟེགས་ཀྱི་འོས་མིར་ལངས་དུས་ཁོང་གིས་(འགྱུར་བ་)ཞེས་པའི་ངར་སྐད་དེས་ཨ་རིའི་སྲིད་སྟེགས་སུ་སླེབས་པ་རེད། འོན་ཀྱང་ཨ་རི་དཔལ་འབྱོར་ཉམས་གུད་དང་སྟབས་འཁེལ་བས། ད་ཆ་སྲིད་འཛིན་གྱི་དུས་ཡུན་རྫོགས་ལ་ཉེ་ཡང་འགྱུར་བ་གང་ཡང་བཏང་ཐུབ་མེད་པ་མ་ཟད་སྲིད་ཟུར་བྷུ་ཤུ་ཡིས་ཨ་རི་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་སྐྱོ་མ་ལུང་པ་གང་གཡོས་བཞག་པ་དེ་ལྡགས་མ་ཚར་བ་བསྡད་པ་རེད། བྱས་ཙང་ང་ཚོ་བོད་ཀྱི་ཨོ་བྷ་མ་ཡང་དེ་དེ་བཞིན་ཟུར་དང་སུལ་ཚང་མ་ནས་སློབ་སྟོན་པ་མང་དྲག་ནས་ཁོང་གིས་ཆེས་དང་ཐོག་གི་(གསར་གཏོད་)ཞེས་པའི་ངར་སྒྲ་དེ་ཡང་ཉམས་དམས་སུ་ཕྱིན་ནས་ད་ཆ་ཡལ་ལ་ཉེ་བ་རེད། དེས་ན་སྐབས་བབས་ཀྱི་བརྗོད་བྱ་གཙོ་བོ་ནི་རྒྱ་བོད་འབྲེལ་མོལ་གྱི་སྐུ་ཚབ་གྲེས་པོ་གཉིས་དགོངས་ཞུས་དང་གསར་བསྐོ་སྐོར་རེད་པ། བྱས་ཙང་སྐུ་ཉིད་ཀྱིས་ཁྲི་ཟུར་ཚང་གཞུང་གི་སྲིད་ཞུ་ཟུར་པ་ཆགས་པ་མ་གཏོག་བོད་རྒྱ་འབྲེལ་མོལ་ལ་ནུས་འཇོན་ཡོད་རབས་འདྲ་ཞིག་དང་ཁྲི་གསར་ཚང་ལ་བོད་རྒྱ་འབྲེལ་མོལ་ལ་ནུས་འཇོན་མེད་རབས་འདྲ་ཞིག་གསུངས་འདུག་པས། དེ་ལྟར་མ་ཡིན་སྟེས་ཁྲི་ཟུར་ཚང་མི་ལོའི་བགྲང་བྱ་བཅུ་ཕྲག་གཅིག་ཁྲི་པ་ལས་ཐོགས་ལ་བཞུགས་སྐབས་བོད་རྒྱ་འབྲེལ་མོལ་ལ་ནུས་འཇོན་ཅི་ཡང་བཏོན་ཐུབ་མེད་པ་མ་ཟད་ཡོད་ཚད་རྒྱར་བསྟུན་གྱིས་མགོ་འབུལ་ལུས་འབུལ་ཞུས་པའི་མཇུག་འབྲས་ད་ཆ་ང་ཚོ་ཅི་ཡང་བལྟ་བཟོ་མེད་པ་ཆགས་ཚར་བ་རེད། དེས་ན་བོད་རྒྱའི་དཀའ་གནད་ཀྱི་ལྡེའུ་མིག་ཆ་ཚང་ཀྲུང་ནན་ཧེའེ་ལ་རྩིས་སྤྲོད་གནང་ཚར་ཙང་འབྲེལ་མོལ་སྒོ་ཕྱེ་མི་ཕྱེ་ང་ཚོར་མེད་པ་དེ་རེད། གལ་དེ་ཕར་ཕྱོགས་ནས་སྒོ་སྐྱར་དུ་ཕྱེ་བའི་དབང་དུ་བཏང་ན་སྐུ་ཚབ་གསར་པ་ཁྲི་གསར་ཚང་ལ་གྲ་བསྒྲིག་ཡོད་ཤག་རེད་ལ་ཡོད་དགོས་ངེས་ཡང་རེད། འོན་ཀྱང་འབྲེལ་མོལ་གྲུབ་འབྲས་སྐོར་སྐུ་ཚབ་གྲེས་པོ་གཉིས་ལ་ཆ་རྒྱུས་ཡ་རྒྱུས་ཡོད་ཙང་ཁོང་གཉིས་ཀྱིས་གསལ་པོ་གསུང་འདུག་ལ་དགོངས་ཞུ་ཡང་དེ་འབྲེལ་བསྡད་ཡོད་པ་རེད། བྱས་ན་ང་ཚོས་སྐུ་ཚབ་གསར་བསྐོ་དང་རྗེས་ཕྱོགས་ག་རེ་གནང་དགོས་མིན་བསམ་བློ་ངེས་པར་དུ་གཏོང་དགོས་པ་རེད་ལ་སྐྱར་ཞིབ་ཡང་ངེས་པར་དུ་བྱེད་དགོས་པ་འདོད།

    Reply
  3. ཡུལ་གྱར་བ། says:
    ལོ་ 13 སྔོན།

    དྲ་གྲོགས་གདོང་དམར་བོད་ལགས། ཐུགས་ཁྲལ་མ་གནོངས་དང་དགོངས་ཚུལ་གསུང་ཆོག་དང་ཆོག འོན་ཀྱང་ང་ཁྱེད་ཀྱི་དགོངས་ཚུལ་དེར་མོས་མཐུན་མེད་ན་ངས་ཀྱང་ཁྱེད་ལ་དགག་པ་རྒྱག་ཆོག་བཟོ་རེད། རིག་པའི་གཞུང་ལུགས་དང་མཐུན་མིན། དངོས་ཡོད་གནས་ཚུལ་ཡིན་མིན་རྒྱ་ཆེའི་ཀློག་པ་པོས་ཞིབ་འཇུག་གནང་གི་རེད། ཁྱེད་ཀྱིས་རང་རྩོམ་ལ་རིག་པའི་སྒྲུབ་བྱེད་ཡོད་ཅེས་བརྗོད་ཀྱང་ནུས་པ་ཆེ་འགྲོ་རྒྱུ་དང་མེད་ཅེས་བརྗོད་ཀྱང་ཆུང་འགྲོ་རྒྱུ་གང་ཡང་ཡོད་མ་རེད།

    Reply
  4. གདོང་དམར་བོད་ says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ལགས་དང་ ཡུལ་གྱར་བ་ལགས་གཉིས་ལ་སྐད་བསང་མཐོ་པའི་ངང་ལ་ཞུ་བ་ཞིག་ལ་གུས་པས་ཤོད་པའི་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་ སྲིད་དོན་ཚན་རིག་དང་ རིག་པའི་གཞུང་ལུགས་དང་ མང་གཙོ་ལམ་ལུགས་གང་གི་ཆ་ལ་འགལ་བ་རེད་དམ་ ཡང་ན་དངོས་བདེན་ཤོད་ཆོག་གི་མ་རེད་དམ་ སྐྱོན་བརྗོད་ནི་ཡར་རྒྱས་ཀྱི་གཞི་རྩ་ཞིག་མ་ཡིན་ནམ་ དངོས་བདེན་གནས་ལུགས་རྣམས་བྲིས་པར་དགག་བྱ་ག་རི་ཡིན་ནམ་ ཡང་ན་ངོ་དགའ་སྤྲེལ་ལེབ་རང་ཤོད་དགོས་པ་རེད་དམ་ རང་གི་གསུངས་སྟངས་གཞི་བཞག་གཞིགས་ན་ སྐྱོན་ཆ་གང་ཡང་མེད་པ་དང་ ནམ་མཁའ་གཡའ་དག་དང་ ས་གཞི་རྡུལ་དག་རེད་པས་ ཡང་ན་སྐྱོན་འཛུགས་གནང་ཆོག་གི་མེད་པ་རེད་ གསུངས་ད་ བོད་གཞུང་དེ་མང་ཚོགས་ནས་བདག་སྤྲོད་ག་འདྲ་བྱས་ནས་བྱེད་དགོས་སམ་ གཏོར་མ་ཆུ་ཡིས་འཁྱེར་ན་རྒོད་མོ་ཚུགས་ཚུགས་ མེ་ཡིས་ཚིག་ན་རྒོད་མོ་ཚུག་ཚུག་རེད་དམ་ ལེན་ཞིག་ཡོད་པ་གནང།

    Reply
  5. ཡུལ་གྱར་བ། says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔས་བཤད་པ་རིགས་པའི་རྒྱབ་ལྗོངས་ལྡན། ང་ཚོས་མི་ཞིག་ལས་ཀ་ལས་བཞིན་པའི་སྐབས་ལ་སེམས་ཤུགས་སྤར་མཁན་མེད་ལ་རྒྱབ་སྐྱོར་བྱེད་མཁན་དཀོན། ལས་འཁྱོར་རམ་འདས་གྲོངས་སུ་འགྲོ་སྐབས་ཁོ་འཇོན་རབས་དང་བཟང་རབས་། སྔ་མ་རྫོགས་ལྡན་སྐབས་འདི་དང་འདི་བྱས། ད་དེང་སང་གང་ཡང་མེད་ཅེས་ཡོད་ཚད་སྔ་མར་བཅོལ་བ་ལྟ་བུ་ནི་ང་ཚོས་བག་ཆགས་དག་རྒྱུ་མེད་པ་ཞིག་རེད།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དམིགས་བསལ་སྐུ་ཚབ་གཉིས་ཀྱིས་དགོངས་ཞུའི་ཐད་ཁོང་གཉིས་ཀྱིས། (རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་འཆར་དོན་སྙིང་ལྡན་པའི་འབྲེལ་མོལ་ཡོང་རེ་དཀའ་བར་སྣང་བས། ངེད་གཉིས་ད་དུང་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཀྱི་ལས་འགན་མུ་མཐུད་འཛིན་རྒྱུ་བློས་འགན་བཟོད་ཐབས་བྲལ་བས། དགོངས་འཁྲོལ་ཅིས་ཀྱང་ཡོང་བ་ཞུ་)ཞེས་པར། ཀྲུང་ནན་ཧེའེ་དང་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བོད་ཐོག་འཛིན་པའི་སྲིད་ཇུས་ངོ་མ་དེ་ཤེས་ཚོད་འདུག་པས་གསར་དུ་བསྐོ་རྒྱུའི་སྐུ་ཚབ་ཀྱིས་ཅི་ཞིག་ལས་དགོས་མིན་ལམ་བསྟོན་གནང་འདུག་ལ་ད་ང་ཚོས་རྗེས་ཕྱོགས་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་རེད། བྱས་ཙང་མི་ལ་ལས་ཁྲི་གསར་ཚང་གིས་འཇོན་རྒྱུ་མེད་རབས་དང་ཁྲི་ཟུར་ཚང་གིས་འཇོན་རྒྱུ་ཡོད་རབས་གླེང་ནས་ཁྲི་ཟུར་ཚང་རྒྱ་བོད་འབྲེལ་མོལ་གྱི་སྐུ་ཚབ་ལ་ཡིན་ཅིག་བསྐོ་དགོས་རབས་བཤད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས།
    དེ་འདྲའི་ཁྲི་ཟུར་ཚང་ལ་འཇོན་རྒྱུ་ཞིག་ཡོད་ན་ཁོང་ཁྲི་པ་ལས་ཐོག་སྐབས་རྒྱ་བོད་ཀྱིས་གནད་དོན་མ་སེལ་བ་དང་མི་འཇོན་པ་ཅི་ཡིན་ནམ། དེ་ལས་ལྡོག་སྟེས་ཡོད་ཚད་རྒྱར་བསྟུན་གྱིས་མགོ་འབུལ་ལུས་འབུལ་ཞུས་པའི་བྱས་འབྲས་ལ་ད་ཆ་ང་ཚོ་ཅི་ཡང་བལྟ་བཟོ་མེད་པ་ཆགས་པ་མ་རེད་པས། ལར་ནས་སྐུ་དྲག་དང་བླ་མ་ག་དུས་ཡིན་ན་ཡང་མདུན་དུ་བུད་ཡོང་ན་རྒྱ་མིས་ང་ཚོ་བཙན་བྱོལ་གཞུང་འདི་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱགས་རྒྱུ་དང་མངའ་བདག་ཆེན་པོ་གསུམ་གྱི་བདག་དབང་བསླར་གསོ་བྱེད་རྒྱུའི་ཆེད་རེད་ཟེར་བ་དེ་ཁ་གཡར་ས་ཞིག་ཆགས་པ་མ་རེད་པས།
    དེས་ན་ཁྲི་གསར་ཚང་གིས་དེའི་ཐོག་གྲ་བསྒྲིག་ཡོད་ཀྱི་རེད་ལ་ཡོད་དགོས་ངེས་ཡང་རེད། འོན་ཀྱང་བོད་རྒྱའི་དཀའ་གནད་ཀྱི་ལྡེ་མིག་དེ་ཆ་ཚང་ཀྲུང་ནན་ཧེའེ་ལ་རྩིས་སྤྲོད་གནང་ཚར་ཙང་སྒོ་ཕྱེ་མི་ཕྱེ་ཁོ་ཚོའི་ལག་ཏུ་ཡོད་པ་མ་གཏོག་ང་ཚོའི་ལག་ཏུ་ཡོད་པ་མ་རེད། ད་ནི་རེ་སྒུག་རྒྱགས་རྒྱུ་མ་གཏོག་ཅང་ལྷག་མེད་པ་དེ་རེད།

    Reply
  7. གདོང་དམར་བོད་ says:
    ལོ་ 13 སྔོན།

    བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་ ད་ལྟ་བར་དུ་བྱང་རིམ་ལ་ཞིབ་འཇུག་ཡག་པོ་བྱས་ན་ སྔོན་མའི་བག་ཆགས་དབང་ལས་ལོ་རྒྱུས་སྨྲ་བ་ལས་ ཐབས་ཇུས་གནད་ལ་འཁེལ་ཧ་ཅང་དཀོན་པ་དང་ སོ་སོ་མིང་ཆེན་པོ་དགའ་སྣང་ཤུགས་ཆེ་ལ་ ད་དུང་སྔོན་མ་སློབ་གྲ྄ར་བསྡོད་པའི་སྣང་བ་ཤུགས་ཆེ་ ལ་ བོད་གཞུང་གི་སྲིད་སྐྱོང་ཡིན་པའི་ཚོར་སྣང་ཧ་ཅང་ཞན་ ལ་ མ་ཚད་ དེ་ལས་ལྷག་མིང་ཆེན་པོ་ཞིག་བཟོ་བཞིན་བསམ་བློ་འཁོར་ ཚིག་སྐམ་པོ་རྫིག་པོ་དོན་སྟོང་བེད་སྤྱོད་གནང་རྒྱུ་དགའ་ ཕ་རོལ་པོར་གང་དགའ་བ་ཤོད་པ་མ་གཏོགས་དོན་དངོས་ལ་གདོང་ལེན་མིན་བྱེད་ འཕྲལ་སེལ་མི་ཚང་མས་ཆེ་བསྟོད་རག་ཐབས་ཁོ་ནར་ཐུགས་བསམ་གཤིས་ ཡུན་རིང་མིན་བརྟན་པ་བོད་མིའི་སྒྲིགས་འཛུགས་རྩ་འཐོར་འགྲོ་ཉན་ཆེ་ འགྱུར་བ་ཞིག་མ་གཏོང་ ན་ དངོས་གནས་དཀའ་ ད་དུང་མང་དག་འདུག་པའི་དུས་ཚོད་རྐྱེན་འདིར་མཚམས་བཞག་ མི་འཐུད་ནས་ཁ་གསལ་ ཡོད་

    Reply
  8. གདོང་དམར་བོད་ says:
    ལོ་ 13 སྔོན།

    ད་བོད་མི་ཚང་མས་ཐུགས་གཟབ་གནང་གལ་ཆེ་བ་ཞིག་ལ་སླེབས་པ་མཐོང་ གང་ཡིན་ཞུས་ན་ གོང་ས་མཆོག་ཆབ་སྲིད་ཀྱི་འགན་འཁུ་གནང་གིན་མེད་པ་དང་ གཉིས་ནས་མཁས་དབང་ཟམ་གདོང་རིན་པོ་མཆོག་གཞུང་གི་སྲིད་ཞུ་ཟུར་པ་ཆགས་ གསུམ་ནས་ བཀའ་ཁྲི་གསར་པར་འཇོན་ཐང་ཞན་པའི་ཐོག་ཕྱག་སྦྲེལ་བཀའ་བློན་འཇོན་ཐང་ཅན་མེད་པས་གོང་གསལ་གནད་དོན་བཞིན་ཚང་མས་སྟབས་གཟབ་གནང་གལ་ཆེ་བས་ གནད་དོན་ཐོག་ལ་གོ་བསྡུ་མང་ཙམ་གནང་རོགས་འབོད་བསྐུལ་ཞུ་སྙིང་འདོད་ དྲ་གྲོགས་རྣམ་པ་ཚོས་ཕྱོགས་སུ་མ་ལྷུང་བའི་ངང་རྣམ་དཔྱོད་རྩལ་དུ་བཏོད་ནས་མི་རིགས་འགན་འཁུ་རོགས་གནང་ ཐུགས་ཆེ་གནང་

    Reply
  9. གངས་ཅན་པ་ says:
    ལོ་ 13 སྔོན།

    མ་འགྱེད་ན་ དགོངས་པ་ཞུས་པ་ཧ་ཅང་འོས་ཤིག་མཚམས་པ་ཞིག་ཡིན་པས་བསྔགས་བརྗོད་ཡོད་ རྐུབ་རྐྱག་མ་བཀག་པ་བོད་མི་རིགས་རྩ་དོན་ལ་དགོངས་པ་བཞེས་པ་ཡག་པོ་རེད་ ད་ལྟར་བར་མི་རིགས་གནད་དོན་མང་དག་ཕྱག་ལས་ཡོད་པ་མངོན་གསལ་རེད་ ཐུགས་ཆེ་གནང་ སླད་རྗེས་སུ་གདམ་ན་དགའ་མང་ཚོགས་ནས་དགོངས་དཔྱོད་ནན་པོ་གནང་གལ་མཐོང་བས་ གུས་པའི་བསམ་པར་ མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བསྐོས་ན་ག་འདྲ་འདུག་

    Reply
  10. ཡུལ་གྱར་བ། says:
    ལོ་ 13 སྔོན།

    འབྱུང་འགྱུར་གྱི་སྐུ་ཚབ་ལ་དག་པོ་བསོད་ནམས་ནོར་བུ་ངར་མོས་མཐུན་མེད། གོ་ཐོས་ལ་ཨོ་སི་ཏྲི་ལི་ཡར་བོད་རིགས་ཚོགས་པར་རྙོག་དྲ་རྒྱ་མི་ཆུང་བ་བྱུང་སྐབས་ཟ་དང་ཟུར་དུ་གཡོལ་གང་ཐུབ་ལས་དོན་ཕན་ལྡན་པའི་འགན་འཁྱེར་ཡོད་མི་འདུག་ལ་ལྷག་པར་ཁོང་གི་ལས་དོན་གཙོ་བོ་ལྟ་བུ་ཁོང་དང་ཁོང་གི་ནང་མི་རྣམས་དེར་གཏན་སྡོད་ཇི་ལྟར་བྱེད་ཐུབ་མིན་ལ་དུས་ཚོད་གཏོང་བཞིན་ཡོད་འདུག ཡིད་མ་ཆེས་ན་དོན་གཅོད་ཚར་དུས་སུ་རྒྱ་གར་དུ་ལོག་མིན་ང་ཚོས་ལྟ་ཆོག སྤྱི་མི་ཞིག་གིས་འདི་ལྟར་བྱེད་ན་དེ་སྐུ་ཚབ་ཏུ་ཇི་ལྟར་འོས། དེ་ཙམ་ཡིན།

    Reply
  11. གངས་ཅན་པ་ says:
    ལོ་ 13 སྔོན།

    ངེད་གཉིས་ཀྱིས་ད་དུང་མུ་མཐུད་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཀྱི་ལས་འགན་འཛིན་རྒྱུ་བློས་འགན་བཟོད་ཐབས་བྲལ་བས། དགོངས་འཁྲོལ་ཅིས་ཀྱང་ཡོང་བ”
    རྒྱུ་མཚན་གཙོ་བོ་འདི་ཡིན་སོང་རྩ་ དྲ་གྲོགས་ཚང་མས་བརྗོད་གཞི་འདིའི་ཐོག་བགྲ་གླེང་གནང་ན་ག་འདྲ་འདུག་ སྣོད་ཀྱི་དོན་པོ་ཞིག་མ་རེད་དམ་ དེ་ལས་བརྒལ་ནས་གནདོན་གཞན་སྐོར་བགྲོ་གླེང་ཉིན་མཚན་བཅོ་བརྒྱད་གནང་ཡང་གྲུབ་འབྲས་གང་ཡང་མེད་སྟོང་པ་སྟོང་ཀྱང་མ་རེད་དམ་

    Reply
  12. གྲྭ་རྒོད says:
    ལོ་ 13 སྔོན།

    དགོངས་པ་ཞུས་དུས་གནང་དགོས་པ་ཆོས་ཉིད་རེད་དགའ་བསུ་ཡོད། གནང་རོགས་གནོང་ཞུ་རྒྱུ་ཡིན།

    Reply
  13. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁོང་རྣམ་པ་གཉིས་ལ་འཇོན་ཐང་ཅི་ཡོད་ངས་མི་ཤེས་རུང་། ད་བར་དུ་བོད་ཀྱི་སྤྱི་དོན་ཆེད་དུ་ཕྱག་ལས་ག་ཚོད་གནང་ཡོད་མེད་ཚང་མས་མཁྱེན་གསལ་རེད། ལོ་མང་རིང་ཕྱག་ལས་གནང་བའི་དུས་རིང་དེའི་ནང་སྐབས་རེ་ནོར་འཁྲུལ་འདྲ་བྱུང་ཡོད་སྲིད་པ་རེད། ཡིན་ཡང་༧ གོང་ས་མཆོག་གི་སྐུ་ཚབ་དང་གཞུང་ཞབས་རྒན་གྲས་ཤིག་ལ་ཕྱག་ལས་གནང་བའི་དྲིན་ལ་ཐུགས་རྗེ་ལེགས་འབུལ་མེད་ན་ཁ་རྡུང་གཏོང་བའི་སྤོབས་པ་ཞིག་བློ་གཟུར་བོར་གནས་པའི་སྐྱེ་བོ་སུ་ལའང་ཡོད་པར་མི་སྣང་། རྒྱ་བོད་ཞི་གྲོས་མ་ཐུབ་པ་དེ་སྐུ་ཚབ་གཉིས་ལ་ལན་ཁག་དེ་བས་ཀྱང་དཀྲི་ས་མེད་དེ། རྒྱ་བོད་གཉིས་ཀྱི་གནད་དོན་སེལ་མིན་གྱི་འགན་ཡོངས་རྫོགས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ལ་ཐུག་ཡོད་པ་ལས་གཞན་ལ་ཁག་གཡས་དཀྲི་གཡོན་དཀྲི་བྱེད་ས་གང་དུའང་མེད། ད་ཆ་དགོངས་པ་ཞུས་པ་དེ་ཁོང་རྣམ་གཉིས་ཀྱི་ཐོབ་ཐང་རེད། གལ་སྲིད་བོད་ཀྱི་གནས་བབ་ལ་བསམ་གཞིག་གནང་སྟེ་ཕྱག་ལས་མུ་མཐུད་ནས་གནང་ན་དགའ་བསུ་ལོས་ཡོད། གང་ཡིན་ཟེར་ན། ང་ཚོར་མིས་ཕོངས་སོང་བ་མ་རེད་དེ། གཏམ་དཔེར། ཤེས་མ་ཆེ་ནའང་སྡུག་གྲངས་མང་ཟེར་སྲོལ་ལྟར། ཉམས་མྱོང་མང་བ་དང་༧ གོང་ས་མཆོག་གི་ཐུགས་རེ་བཞིན་ལས་དགོངས་མ་ཞུས་ན་བསམ་པའི་རེ་འདུན་ཆེ་ཡང་། ཞུས་ནའང་བྱས་རྗེས་གང་ཡང་མེད་པའི་ང་དང་ང་ལྟ་བུ་ཞིག་གིས་བསམ་འཆར་འབུལ་བའི་ཡུལ་དུ་མ་གྱུར། 

    Reply
  14. ནོར། says:
    ལོ་ 13 སྔོན།

    ད་དངོས་ཁྲིམས་ཀྱི་ཐོག་ནས་བཤད་ན། ༸གོང་གི་སྐུ་ཚབ་མཇུག་སྒྲིལ་ཟིན་པ་རེད། ཡང་གཅིག་བཤད་པ་ཡིན། རྒྱ་གཞུང་གིས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ལས་རྒྱལ་སྤྱིའི་སྒང་བོད་དོན་ཟེར་བ་ཞིག་གླེང་རྒྱུ་ལྷག་མེད་སྐོར་ཡང་ནས་བསྐྱར་དུ་བསྒྲགས་པར་མ་ཟད། འཛམ་གླིང་རྒྱལ་ཁབ་དག་ལ་དེའི་ཐད་མངོན་ལྐོག་བརྒྱུད་གསུམ་ནས་ཐབས་ཤེས་སྣ་དགུ་འཐེན་དེ་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་རེད། དེའི་བརྡ་ལན་ལ་དྷ་ས་བོད་ཀྱི་གནད་དོན་ལས་ཏཱ་ལའི་བླ་མའི་གནད་དོན་ཟེར་བ་ཞིག་རྒྱ་ནག་དང་མཉམ་དུ་གླེང་རྒྱུ་མེད་པའི་བརྡ་གསལ་བོ་སྟོན་ཆེད། ༸གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་དང་ཏཱ་ལའི་བླ་མའི་སྐུ་ཚབ་བཅས་སྔ་ཕྱིར་མེད་པ་བཟོས་པ་རེད། དེ་རིང་ཉི་མ་ཕན་ཆད་ནས། དྷ་ས་དང་པེ་ཅིན་བར་གླེང་འདོད་ན་བོད་ཀྱི་གནད་དོན་ལས་ལྷག་ཡོད་པ་མ་རེད་ལ། གླེང་མི་འདོད་ནའང་བོད་ཀྱི་གནད་དོན་ལས་ལྷག་ཡོད་པ་མ་རེད། ཐེངས་རྗེས་མའི་དྷ་སའི་སྐུ་ཚབ་དེ་གཞིས་ལས་བོད་མི་ས་ཡ་དྲུག་གི་མགྲིན་ཚབ་ཏུ་གྱུར་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཡིན་པ་ལས། ཡང་བསྐྱར་རྒྱ་གཞུང་གི་སོ་བར་ལ་ཀ་ར་དབུགས་རྒྱག་(འཇིག་གྱི་རེ་)ལྟ་བུའི་མི་སྒེར་གང་རུང་ཞིག་གི་གནད་དོན་ཡིན་མིན་ཐོག་བསྐྱར་དུ་ཕར་འཐེན་ཚུར་འཐེན་བྱེད་སྤྱད་ཀྱི་སྐུ་ཚབ་ཅིག་ང་ཚོས་ངོས་ནས་བཟོ་མི་རུང་བ་དེ་ཚང་མས་བསམ་བློ་གཏོང་དགོས་པའི་གནད་དོད་པོ་རེད། རབ་ཡིན་ན། ཐེངས་རྗེས་མིའི་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་དེ་བོད་མི་མང་གི་འཐུས་ཚབ་སྤྱི་འཐུས་གྲོས་ཚོགས་ནས་མང་མོས་འོས་འདེམས་ཀྱི་ལམ་ནས་བདམས་རྒྱུ་གལ་ཆེན་པོ་རེད།

    Reply
  15. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    དགོངས་པ་ཞུ་མཁན་ཞུས་ཚར་བ་རེད། སྤྲོད་མཁན་གྱིས་སྤྲོད་ཚར་བ་རེད། འདས་ཟིན་པའི་བྱ་གཞག་འགྲིག་ཡོད་མེད་ཅི་ཡིན་རུང་འདས་ཟིན་པ་རེད། དེ་ལས་མ་འོངས་པ་སྐུ་ཚབ་སུ་བསྐོ་མིན་སྐོར་ལ་གླེང་ན་གང་འདྲ་འདུག །ཁོ་བོས་བལྟས་ན་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་དང་། བུ་ཆུང་ཚེ་རིང་གཉིས་བསྐོ་ན་ལེགས་པར་མཐོང་།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ། འདས་ཟིན་པ་ག་ལེར་འགྲོ་རུ་ཆུགས། འབྱུང་འགྱུར་ལ་མནོ་བསམ་ཞིབ་ཏུ་ཐོངས།
    ད་ལྟའི་ཨོ་སི་ཊི་ལེ་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་གཉིས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་ན་གང་འདྲ་འདུག
    ད་དུང་མང་དུ་གཏོང་དགོས་ན། རྔ་པ་ཚེ་རྒྱམ་དང་ཟླ་བ་ཚེ་རིང་གཉིས་གང་འདྲ་འདུག

    Reply
  17. གངས་འོད། says:
    ལོ་ 13 སྔོན།

    སྤྱིར་སྐུ་ཚབ་ཚོགས་པ་དེ་རྒྱ་ནག་གིས་བོད་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་སྒེར་ཀྱི་གནད་དོན་ཞིག་ལ་བརྩིས་ནས་འབྲེལ་ལམ་བཟོས་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་ད་ལྟ་བཀའ་ཤག་གིས་དགོངས་འཁྲོལ་གནང་པའི་འགྲོ་ལུགས་དེའི་ཐོག་ནས་དོན་དངོས་ཀྱི་བོད་རྒྱའི་གནད་དོན་དེ་མི་རིགས་གཉིས་སམ་རྒྱལ་ཁབ་གཉིས་ཀྱི་གནད་དོན་ཡིན་པར་བསྒྲུབས་པ་མ་རེད་དམ། གླེན་རྒན་ཚོ། ད་དུང་དེ་ནི་སེང་གེ་བཀའ་ཤག་གིས་གཡུ་རལ་གསིག་བཞིན་རིག་པའི་ཟིལ་ཤུགས་སྟོན་སྟངས་ཤིག་ཀྱང་ག་ལ་མིན། གང་ལྟར་ཨ་མའི་བུ་ལ་འཇོན་ཐང་མེད་ན་དགའ་ལྡན་ཁྲི་ནས་བབ་ན་བཟང་། ངས་སྐད་ཆ་འདི་ལྟར་བཤད་ན། འགན་འཁུར་མེད་པའི་སྐད་ཆ་ཞིག་རེད་མོད། མི་འཇོན་ན་སུ་བཞག་ཀྱང་གཅིག་པ་རེད་ལ། ད་ནི་མི་གཞན་པ་ཞིག་གི་དངུལ་ཁུག་རྒྱགས་པ་བཟོ་ཐུབ་ན་དེར་ཡང་བལྟ་ས་གཞན་ཞིག་ཡོད་པ་མ་རེད་དམ། རྟག་པར་རྒྱ་རི་རྐྱང་རྐྱང་རྒྱགས་པ་ཆགས་ན་ཁོང་ཡང་བདེ་བོ་ཞིག་ཡོད་རྒྱུ་མ་རེད་བཱ།

    Reply
  18. བུ་ཆུང་དོན་གྲུབ། says:
    ལོ་ 13 སྔོན།

    ད་ཡག་པོ་བྱུང་འདུག སྔོན་མ་ཕྱི་གླིང་མགོ་སེར་བས་བཟོས་པའི་གློག་བརྙན་ཞིག་ཏུ། ཟམ་གདོང་དང་རྒྱ་རི་གཉིས་༸གོང་ས་མཆོག་གི་མདུན་དུ་ཡོད་པ་ཞིག་ནང་༸གོང་ས་མཆོག་གིས་ད་ག་རེ་བཤད་དགོས་མིན་ཤེས་ཀྱི་མི་འདུག འགའ་རེས་བཤད་དགོས་རེད་ཟེར་གྱི་འདུག འགའ་རེས་བཤད་དགོས་མ་རེད་ཟེར་གྱི་འདུག ཅེས་གསུངས་པ་ཞིག་མཇལ་མྱོང་། སྐབས་དེར་འདི་ཚོས་༸གོང་ས་མཆོག་དབུ་སྐོར་གཏོང་གི་མེད་དམ་སྙམ་པའི་དོགས་པ་བྱུང་། ད་དབུ་སྐོར་གཏོང་མཁན་གཅིག་ཉུང་དུ་ཕྱིན་པ་རེད། ཤ་ཚ་སྐལ་བཟང་རྒྱལ་མཚན་ཡང་མཉམ་དུ་དྲུད་ཚར་འདུག་བ། དེ་མིན་མི་དྲང་པོ་ཞིག་རེད།
    ཡང་འགའ་ཞིག་གིས་བཀའ་ཤག་ལ་དགོངས་པ་སྤྲད་རྒྱུའི་དབང་ཚད་མེད་སྐོར་བཤད་འདུག་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོའི་ནང་། “བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ།”ཞེས་གསལ་འདུག་པས་བསྐོ་གཞག་དང་དགོངས་ཞུ་གཉིས་ཀའི་དབང་ཚད་བཀའ་ཤག་ལ་ཡོད་ཆོག་འདུག་སྙམ།

    Reply
  19. སྐར་མདའ། says:
    ལོ་ 13 སྔོན།

    བོད་ཕྱོགས་ནས་ད་བར་དུ་ཨུ་ཚུགས་བྱས་བྱས་པའི་གྲུབ་འབྲས་ལ་འདི་ཙམ་ལས་སྟོན་རྒྱུ་མ་བྱུང་བ་རེད། སྐུ་ཚབ་གཉིས་ཀྱིས་དགོངས་ཞུ་བྱས་པར་དགའ་བསུ་ཆེན་པོ་ཡོད། མ་གཞི་ནས་བོད་རྒྱ་ཞི་མོལ་ཞེས་པའི་ཐ་སྙད་འདི་ལ་མོས་མཐུན་ནམ་ཡང་མེད། སྤྱང་ཀིའི་ཆོས་བཤད་མི་འགྲོ་བ་དེ་བཞིན། རྒྱ་གཞུང་ལ་མི་སྐད་འགྲོ་ས་མེད་པ་ཞིག་རེད། ད་བཀའ་ཤག་གསར་པས་རྒྱ་ནག་གཅིག་གི་ཐ་སྙད་འདི་འཁྱེར་ནས་རྒྱ་གཞུང་ལ་སྤྲེལ་ལད་འཁྲབ་ན་རེ་བ་ཅིག་ཡོད་མདོག་ཁ་བོ་རེད། སེང་གེ་བཀའ་ཤག་གི་དགོས་འདུན་ཡང་དེ་མཚུངས་ཤིག་ཡོད་པར་མཐོང་ཡོང་།

    Reply
  20. བཙན་པོའི་བུ། says:
    ལོ་ 13 སྔོན།

    ངོ་མ་འདིར་གླན་པ་ལུག་ཁྱུ་ཞིག་འཛོམས་ནས་འབའ་སྐད་སྒྲོག་བཞིན་འདུག་པ་ལས་གནས་ལུགས་ཡོད་པའི་སྐད་ཆ་ཤོད་མཁན་གཅིག་ཀྱང་མི་འདུག ང་ཚོའི་ཤེས་ཡོན་པའི་སྡེ་ཟེར་བ་འདི་རེད་དམ། སྐུ་ཚབ་གཉིས་ཀྱིས་དགོངས་པ་དེ་སྔོན་ནས་ཞུས་པ་རེད། ད་ལྟ་གཞི་ནས་དགོངས་འཕྲོལ་ཐོབ་པ་རེད། བོད་རྒྱའི་གནད་དོན་སེལ་བར་ཕྱོགས་གཉིས་ཀར་ཐུག་ཡོད་པ་ལས་ང་ཚོའི་སྐུ་ཚབ་གཉིས་ཁོ་ནར་ཐུགས་མེད་པ་རེད། གལ་སྲིད་ཁྱེད་རང་ཚོས་དེ་ལྟར་གོ་བ་ལེན་ན་བོད་བཙན་བཟུང་བྱེད་མཁན་རྒྱ་དམར་མིན་པར་སྐུ་ཚབ་རྣམ་པ་གཉིས་ཆགས་པ་ལྟ་བུ་ཡོང་གི་རེད། ་དེ་ནི་འབད་དེ་ནོར་འཛོལ་རེད། སྐུ་ཚབ་གཉིས་ཀྱིས་མ་འཇོན་ན་ཕྱོགས་ག་རེའི་ཐོག་འཇོན་མི་འདུག རྒྱུ་མཚན་དང་གནས་ལུགས་སྤུངས་ནས་སྐད་ཤོད། ཁོང་གཉིས་ཀྱིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་དགོངས་པ་རྣམས་རྒྱའི་དཔོན་རིགས་ཀྱི་རྣམ་ལམ་དུ་བརྫངས་ཡོད་པ་རེད། ཉན་མ་ཉན་རྒྱ་དམར་པོར་ཐུག་པ་རེད་མ་གཏོགས་སྐུ་ཚབ་གཉིས་ལ་ཁག་ག་རེ་འདུག ད་རེས་ཁོང་གཉིས་ཀྱིས་དགོངས་པ་ཞུས་པ་དེར་དགོས་པ་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྲིད་པ་རེད། ང་ཚོ་གླན་པ་ལུག་རྣམས་ཀྱིས་རྟོགས་པ་དེ་གསར་འགོད་པས་ང་ཚོའི་མིག་མདུན་དུ་ག་བཤམས་པ་དེ་ལས་དེ་མིན་དེ་ལས་འགལ་བའི་རྒྱབ་ལོགས་ཀྱི་ཤེས་རྟོགས་ཐུབ་ཀྱི་མེད། དེ་ནི་རང་རེའི་ཤེས་ཡོན་པར་འཆེས་པ་རྣམས་ཀྱི་ཁྱད་ཆོས་དངོས་དེ་རེད།

    Reply
  21. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    ཀེ་ཏ་ཀའི་གསུང་བ་བདེན་པ་རེད། སྐུ་ཚབ་ཅེས་པ་༧གོང་ས་མཆོག་གི་སྐུ་ཚབ་ཡིན་པ་ལས་བཀའ་ཤག་གི་གཞུང་ཚབ་མིན་པས་དགོངས་པ་ཞུ་ན་༧གོང་ས་མཆོག་ལ་ཞུས་དགོས་པ་མ་ཟད། དགོངས་པ་ཁྲོལ་མཁན་ཡང་༧གོང་ས་མཆོག་ཡིན་དགོས་རྒྱུ་ལས་བཀའ་ཤག་གིས་༧གོང་ས་མཆོག་ལ་སྙན་ཞུ་ཙམ་ཡང་མེད་པར་བཀའ་འཁྲོལ་གནང་པ་གང་ཡིན་ནམ། ད་ཅི་ཞིག་འཁྲབ་ཀྱི་ཡོད་ནི་མི་ཤེས།

    Reply
  22. ཀེ་ཏ་ཀ says:
    ལོ་ 13 སྔོན།

    དགོངས་པ་ཞུ་ན་༧གོང་ས་མཆོག་ལ་མི་ཞུ་བར་བཀའ་ཤག་ལ་ཞུས་ན་ཁྲིམས་མཐུན་རེད་དམ། བཅའ་ཁྲིམས་བསྐྱར་བཅོས་གནང་རྗེས་༧གོང་ས་མཆོག་ལ་དོན་ཚན་དང་པོའི་ནང་བླ་ན་མེད་པའི་གནས་བབ་བསྐྲུན་ཚར་བས་མ་ཟད། དམིགས་བསལ་སྐུ་ཚབ་སོགས་བསྐོ་བཞག་ཐད་དེ་བས་ཀྱང་གསལ་ཁ་བྱས་ནས་བཀོད་ཡོད་པ་རེད། ཡིན་ནའང་སྐུ་ཚབ་གཉིས་ནས་བཅའ་ཁྲིམས་འབྲུ་དོན་ལྟར་རང་ཉིད་བསྐོ་མཁན་ལ་དགོངས་པ་ཞུ་རྒྱུ་ལས་བཀའ་ཤག་ལ་དགོངས་པ་ཞུས་པ་འདི་༧གོང་ས་མཆོག་ལ་མཐཽང་ཆུང་བཏང་བ་ཞིག་རེད།

    Reply
  23. མི་འགྱུར་བཀྲ་ཤིས། says:
    ལོ་ 13 སྔོན།

    སྨར་ལུང་ལྐུགས་པ་ཨུ་ཚུགས་མ་བྱེད། ཁོང་ཚོས་ག་རེ་འཇོན་རྒྱུ་འདུག ད་དུང་དུས་ཚོད་འཕྲོ་བརླག་གཏོང་དགོས་རེད་པས། ཁོང་ཚོས་མ་འཇོན་ནས་བོད་མི་སུམ་ཅུ་སོ་བརྒྱད་དེས་མེ་བསྲེག་གཏོང་དགོས་བྱུང་པ་རེད།

    Reply
  24. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ཡ་དེ་རིང་གནས་ཚུལ་འདི་ཚབ་ཆེན་ཞིག་ལོས་ཡིན། བྱ་རྒྱའི་ཚང་དཔོན་འོལ་བ། བྱ་ཁོ་རང་ཚང་དེ་ལྡེར་ལྡེར། ཟེར་བ་བཞིན་ཅི་བྱུང་བ་རེད། གཞིས་བྱེས་གཉིས་ནས་བོད་མི་སུམ་ཅུ་སོ་བརྒྱད་ཙམ་གྱི་གཅེས་པའི་ལུས་ཀྱང་མེ་ལ་བསྲེགས་ནས་མ་འོང་བོད་རྒྱལ་ཁབ་འདི་ཉིད་རབ་བྱུང་ན་རང་བཙན། དེ་མ་བྱུང་ན་རང་སྐྱོང་ཚད་དང་ལྡན་པ་ཞིག་ལ་དམིགས་འདུན་གཏོད་ནས་རྣ་བ་དཀྲོག མིག་བགྲད་ནས་ལུས་ལོངས་སྤྱོད་དང་བཅས་པ་ལྟོས་པ་མེད་པར་དམར་པོ་མེ་ཡི་ནང་དུ་༧རྒྱལ་བ་བོད་ལ་གདན་འདྲེན་དགོས། བོད་ལ་རང་དབང་དགོས་པར་འབོད་ཚིག་སྒྲོག་བཞིན་ཅིག་རྗེས་གཉིས་མཐུད་ཀྱི་འབོད་སྒྲ་འཁྱུར་བཞིན་པའི་སྐབས་གལ་ཆེན་འདིར། སྐུ་ཚབ་ཀྱི་མིང་ཆེན་ཁུར་བའི་ཁྱོད་རྒྱལ་མཚན་རྣམ་གཉིས་ལ་ཕུག་བསམ་དང་དམིགས་འདུན་དེ་བས་མེད་ན། དང་པོ་ཉིད་ནས་སྐུ་ཚབ་ཀྱི་མིང་མེད་ན་སོ་མེད་ན་ལྕེ་གུ་ཡང་པོ་རེད། ཐང་ཡང་པའི་སྟེང་དུ་གླུ་ཨ་ལ་ཐ་ལ། འགག་དོག་མོའི་སྐབས་སུ་ལྷ་ཨོ་རྒྱན་པདྨ། འདི་འདྲ་ཞིག་གི་མགོ་མེད་འཇུག་སྡུམ་ཞིག་གི་སྐུ་ཚབ་ཀྱི་མིང་ཁུར་ཆོག་ན་འཁྱམ་འཁྱམ་འགྲོ་འདོད་སུ་ལ་ཡང་ཡོད་རྒྱུ་རེད། དེ་འདྲ་ཞིག་ལས་ཁྱོད་གཉིས་ལ་སྟོན་རྒྱུ་ཅི་ཡོད། ཁྱོད་རང་གཉིས་ཀྱི་མི་གོ་ལྷ་གོ་ཆོད་མ་སོང་། དགྲ་བོ་རྒྱ་མི་དམར་པོ་འབར་བའི་ཐོག་ལ་ཤིང་བསྣོན་པ་མ་ཡིན་ནམ། ཁྱོད་རང་གཉིས་ཆར་རྩ་དགོང་དུས་གཅིག་ཏུ་ཞུ་ཞེས་པ་འདི་ལ་མོས་མཐུན་གཏན་ནས་མེད། གཉིས་ཆར་དུས་གཅིག་ཏུ་དགོང་པ་ཞུ་དགོས་པའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་ཐག་ཆོད་པས་ངེས་པར་དུ་གསལ་བཤད་བྱེད་དགོས།

    Reply
  25. མི་འགྱུར་བཀྲ་ཤིས། says:
    ལོ་ 13 སྔོན།

    ཡག་པོ་རེད། ད་དུང་ཨུ་ཚུགས་བྱས་ནས་གོང་ས་མཆོག་གི་མིང་ཁྱེར་ཏེ་ཐོབ་ཐང་བཟུང་བསྡད་ན་ངོ་རྒོལ་བྱེད་སྲིད་པ་རེད། སྔོན་མ་ཡིན་ན་གོང་ས་མཆོག་གི་སྐུ་ཚབ་མིང་ཁྱེར་འདུག་དུས། ཁ་ལག་རྒྱགས་ཚད་ཟོས། ཡར་འཁྱམ་ཡིན་མར་འཁྱམ་ཡིན། སྣེ་ལེན་ཡག་པོ་བྱས་སོང་ལབ་ནས་སླེབས་ནའང་སུས་ཅི་ལབ་ཕོད་མེད། ད་ནི་བོད་མི་མང་གཉིད་སད་ཟིན་པ་རེད། རྒྱ་རི་བློ་གྲོས་འདི་མི་སྤྱང་པོ་ཡོད་རེད་ཟེར་སྔོན་མ་ནས་གོ་མྱོང་ཡོད། དངོས་གནས་རེད་འདུག

    ཡིན་ནའང་བཀའ་ཤག་གིས་སྐུ་ཚབ་མིང་གང་འདྲ་ཞིག་བཏགས་ཀྱང་སྐུ་ཚབ་ཅིག་གྲ་སྒྲིག་ཏག་ཏག་སྒྲིག་དགོས། དེ་མིན་རྒྱ་མི་དང་། རྒྱལ་སྤྱིའི་མདུན་ནས་ང་ཚོའི་ཕྱོགས་ནས་གྲ་སྒྲིག་མེད་པའི་རྣམ་པར་མཐོང་སྲིད། དེ་ཡིན་དུས་སྔོན་མ་ལྟར་མིང་ཆེན་པོ་དང་དུད་ཚང་ཆེན་པོ་ཡིན་མིན་ལ་མི་ལྟ་བ་རྒྱའི་སྐད་ཡིག་བྱང་ཆུབ་པའི་དེང་རབས་ཅན་གྱི་མི་འགའ་འཇོག་དགོས།

    Reply
  26. སྙིང་མིག says:
    ལོ་ 13 སྔོན།

    ཁོ་བོ་རྟག་ཏུ་རྙིང་ཞེན་དཔུང་མཐུག་པ་འདིས་མ་ཕུང་པའི་དུས་ཤིག་ཡེ་ནས་མེད། སྔོན་ཆད་མི་ཚོགས་ཀྱིས་སྨྲས་ན། བོད་ཀྱི་རང་དབང་སླར་གསོ་དེ་རྒྱལ་མཚན་རྣམ་གཉིས་ཀྱིས་གནང་ཐུབ་པའི་མོ་ལུང་ཞིག་ཡོད་སྐད་ཟེར། དེ་ལྟར་ཡིན་ཆགས་ཀྱིས་ངང་སྒུག་བྱས་ཡིན་མོད། དེ་རིང་སྐད་ཆ་དེས་ཧང་ནག་པོ་སངས་སོང་། འོན་ཀྱང་འགྲིག་གི་རེད། ད་ནི་བསམ་བློ་དྲུག་གསུམ་བཅོ་བརྒྱད་བསྐོར་ནས་བོད་གཞུང་གི་སྐུ་ཚབ་དེ་ལ་ཐུགས་བསམ་བཞེས་རོགས་ཞུ། ན་ནིང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ནས་གསལ་བསྒྲགས་ཞིག་སྤེལ་སྐབས་རྒྱ་རི་བློ་རྒྱ་ཡིས་ཁོང་ཚོ་དང་ཕྲད་སྐབས་གང་བཤད་ཀྱང་། ལོ་ལོ། ལགས་སོ་ལགས་སོ་་་་་་རྐྱང་རྐྱང་ལས་བཤད་རྒྱུ་མི་འདུག་ཀྱང་། ཕྱིར་རྒྱ་གར་འབྱོར་རྗེས་སྐད་ཆ་སྦོམ་ཤ་རེ་འགྲོ་གི་འདུག་ཟེར། རྒྱ་མིས་བཤད་ཚད་མི་བདེན་པ་རང་རེ་ལ་ཆ་རྒྱུས་ལོས་ཡོད་ཀྱང་། དེ་ནི་ཕལ་ཆེར་བདེན་ཤས་ཆེ། རྒྱུ་མཚན་དེ་དག་ལ་བསམ་ན་འདི་ནས་བཤད་པ་ལས་ལྷག་ཙམ་ཞིག་རྒྱ་མི་ལ་ཕྲད་དུས་བཤད་ཕོད་མཁན་ཞིག་དགོས་འདུག་པ་དེའང་འདས་དོན་གྱིས་ར་སྤྲད་ཡོད་དྲན། སྲིད་སྐྱོང་བ་མཆོག་གིས་ཆེས་དགོངས་པ་ཟམ་མོ་ཞིག་བཞེས་དགོས་པའི་དུས་ཚོད་གལ་ཆེན་རེད།

    Reply
  27. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་སྲིད་དབང་རྩིས་སྤྲོད་ཟིན་མ་ཐག་ཁོང་གིས་དངོས་སུ་བཀའ་ཡིག་སྩལ་ཏེ་བསྐོ་བཞག་གནང་བའི་དམིགས་བསལ་སྐུ་ཚབ་ཀྱི་གནས་བབ་ལའང་འགྱུར་བ་ཞིག་ཡོང་དགོས་ཀྱི་ཡོད་པ་འདི་གཡོལ་ཐབས་མེད་པ་ཞིག་ཡིན་པར་འདོད། ཡིན་ནའང་སྲིད་དབང་རྩིས་སྤྲོད་ཀྱི་ཚོགས་ཆེན་སྐབས་ནས་༧གོང་ས་མཆོག་གི་སྐུ་ཚབ་ལ་་མ་གཏོགས་རྒྱ་ནག་གཞུང་གིས་ཁ་ཡ་བྱེད་ཀྱི་ཡོད་མེད་ཐད་སེམས་ཁྲལ་གཅིག་གྱུར་ཞིག་བྱུང་བ་རེད། སེམས་ཁྲལ་བྱུང་ནའང་༧གོང་ས་མཆོག་གི་སྲིད་དབང་གསོལ་སྩལ་གྱི་བཀའ་ཡིག་དེ་ག་རང་དུ་གལ་སྲིད་འོབ་མ་འདུས་པའི་གནས་ཚུལ་ཞིག་བྱུང་ཚེ་ང་ཡོད་ཡོད་པ་ཡིན་པས་སྐབས་བབ་རོགས་འདེགས་ཐུབ་ངེས་གསུངས་ཡོད། དེས་རྐྱེན་ང་ཚོས་ང་ཚོར་ཉམས་ཚོད་ཐེངས་གཅིག་ལེན་དགོས་པ་དེ་གལ་ཆེན་ཡིན་སྟབས། སྲིད་དབང་ཡོངས་སུ་རྩིས་སྤྲོད་གནང་སའི་འགོ་ཁྲིད་ཀྱིས་འདི་ལྟར་དགོངས་འཁྲོལ་སྩལ་བ་དེའང་རྣམ་འགྱུར་གལ་ཆེན་ཞིག་དང། བབ་འགན་ཆེན་པོ་དེ་ལྟར་ཡོད་པ་བཞིན་འབྱུང་འགྱུར་སྔར་གྱི་བྱས་རྗེས་ད་དུང་ཆེ་རུ་གཏོང་ཐབས་ཐད་རྣམ་དཔྱོད་ཅིག་དཀྲུག་པའི་དུས་ལ་ཐོན་པ་མཁྱེན་སྟེ། ཡོང་རྒྱུའི་ཕྱི་ཟླ་ ༡༢ ནང་དམིགས་བསལ་གནང་རྒྱུ་དམ་བཅའ་བཞག་འདུག་པ་དེ་དེ་བས་ཀྱང་དགའ་སོང་བས། ཉན་བསྡད་ཡོད་ལ། ལྟས་བསྡད་ཡོད།

    ཞོར་དུ་བསམ་ཚུལ་ཞིག་ལ། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱི་དགོངས་ཞུའི་ནང། ༢༠༠༨ དང ༢༠༡༠ ལོ་སོ་སོར་༼ བསམ་འཆར་༽དང་དེའི་༼ འགྲེལ་བརྗོད ༽་སྤྲད་ནའང། དེ་ལ་ཡ་ལན་མེད་པ་མ་ཟད་དེའི་ལྡོག་ཕྱོགས་གནང་གི་འདུག་པས་བློས་འགན་འཁྱོག་མ་སོང་ཞེས་བརྗོད་པ་འདིར་ཅུང་བློ་ལ་འབབ་པ་ཞིག་རེད་མི་འདུག དེ་ནི་བཀུར་འོས་དམིགས་བསལ་སྐུ་ཚབ་མཆོག་གིས་རྟག་ཏུ་ང་ཚོར་བརྗོད་བཞིན་པའི་ངང་རྒྱུད་རིང་པོ་དེ་དང་མཐུན་མིན་ཆ་མ་འཚལ་ཁར། ཡིག་ཆ་སྤྲད་དེ་ལོ་ ༢ ཕྱིན་རྗེས་གྲུབ་འབྲས་ཐོན་སོང་ན་འདི་ཡང་རྨི་ལམ་ཐུན་གཅིག་ལས་ཀྱང་ལས་སླ་བོ་ལྟ་བུར་མཐོང་བས། རྗོད་དོན་འདི་སེམས་ངོར་རི་མོར་བྲིས་པ་ལྟར་འབབ་རྒྱུ་མ་བྱུང། དེ་བཞིན་རྒྱུ་མཚན་གཞན་དུ་ཀྲུའུ་ཝེ་ཆོན་སྒེར་ནས་བཏོན་པའི་གྲངས་ཉུང་མི་རིགས་ལ་ཉམས་སད་ཐེངས་གཅིག་བྱས་པ་དེའང་བགྲང་ན། ད་གཟོད་ང་ཚོས་རྒྱ་ནག་ནང་ཁུལ་གྱི་འགྱུར་བ་རིམ་པའི་གནས་ཚུལ་ལ་ལྟ་སྟངས་ཐད་དྲི་བ་སྣ་ཚོགས་ཤིག་རང་བཞིན་གྱིས་སླེབས་སྲིད་སྟབས། ཞོར་འཕྲོས་བསམ་ཚུལ་འདི་མ་བཤད་རང་བཤད་ཆགས་སོང། གུས་བཀུར་བཅས།། རིམ་པས་གླེང་ངེས།།

    Reply
  28. གནས་ཚང་། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད།

    Reply
  29. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    དགོངས་པ་ཞུས་ཀྱང་ཡག་པོ་འདུག ང་ཚོས་གོམ་གང་མདུན་བསྐྱོད་ཀྱིས་སྐུ་ཚབ་གསར་པ་ཞིག་དང་། བསམ་བློ་གསར་པ་ཞིག དེ་བཞིན་འཆར་གཞི་གསར་པ་ཞིག་གི་སྒོ་ནས་རྩ་དོན་སྒྲུབ་ཀྱང་མི་འོས་པ་མི་འདུག་སྙམ།།

    Reply
  30. ཀུན་དགའ། says:
    ལོ་ 13 སྔོན།

    ཨོ་་་་་ཅི་ཡང་མ་འཇོན་པར་ཨུ་ཐུག་ཁོ་ཆད་པ་མིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese