མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཕྱོགས་སྒེར་གཅོད་ཀྱི་ཉམ་རྒུད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

ལིག་ཞོ་པོ་ཡིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར།

 

༼ཀློག་བདེ་བའི་ཕྱིར་དུ་ཐ་སྙད་ཁ་ཅིག་གི་འགྱུར་མཆན་མཇུག་ཏུ་བཀོད་པ་ལ་གཟིགས་རོགས༽

 

ཝུན་ཅཱ་པོ་ཡིས་སྤེལ་བའི་གསར་རྩོམ་རང་དབང་སྐོར་གྱི་གཏམ་བཤད་ཅིག་དང་ཡུ་ཁི་ཕིན་གྱིས་བྲིས་པའི་དམངས་གཙོ་བཟང་བའི་སྐོར་གྱི་རྩོམ་ཡིག་ཅིག་བྱུང་བས། ཕྱི་ཕྱོགས་ཀྱིས་སླར་ཡང་ཀྲུང་གུང་མཐོ་རིམ་ནས་ཆབ་སྲིད་བཅོས་སྒྱུར་བྱ་རྒྱུར་སྔོན་དཔག་ཐེངས་གཅིག་བྱས། འོན་ཀྱང་ཀྲུང་ནན་ཧེའི་ཡོལ་བ་ནག་པོ་དེ་འབྱེད་མ་འདོད་པའི་ཉིན་མོར། བདག་པོ་ཇི་ལྟར་བརྗེས་ཀྱང་ངོ་མཚར་བ་ཅང་འབྱུང་མི་སྲིད། གང་ཡིན་ཞེ་ན། ཀྲུང་ནན་ཧེ་རུ་འཛུལ་ཐུབ་པའི་མི་ཡོད་ཚད་ནི་ད་ཡོད་ཀྱི་ལམ་ལུགས་ལས་ཁེ་ཕན་ཆེ་ཤོས་རག་པ་རྐྱང་ཡིན། སྤྱི་ཚོགས་ཀྱི་ཉམ་ཉེས་ཚབས་ཆེ་རུ་སོང་སྟེ་སྲིད་དབང་བརྟན་བརླིང་ལ་འཇིག་ཉེན་སློང་བའི་ཚད་དུ་མ་སླེབས་ནའམ། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་གནོན་ཤུགས་ཆེ་དྲགས་ནས་སྲིད་གཞུང་འུ་ཐུག་སྟེ་ཕྱི་བཤོལ་ཆེན་པོ་བྱེད་པ་ཞིག་མ་བྱུང་ན། ཀྲུང་ནན་ཧེའི་དཔོན་ཉུང་སྒེར་གཅོད་པ་ཚོར་ཏིན་ཞོ་ཕིན་གྱིས་གཏན་འཁེལ་བའི་ཆབ་སྲིད་ཀྱི་སྐྱ་ཐིག་གསུམ་པོ་སྟེ། ཏང་གི་དབང་ཆ་བླ་མེད། བཅོས་སྒྱུར་རྐང་གྱོལ། དབང་དྲག་ཅན་གྱི་ཁེ་ཕན་བཅས་ལས་བརྒལ་བའི་སེམས་མེད་ལ་ཤུགས་ཀྱང་མེད།
 

དེ་ལྟ་མོད་ཀྱང་། མི་གཅིག་གི་གཅིག་སྡུད་ལམ་ལུགས་དེ་དཔོན་ཉུང་སྒེར་གཅོད་ཀྱི་ཕྱོགས་སུ་འཕོ་བའི་ཚེ། དེ་གཉིས་བར་ན་ད་དུང་ཁྱད་པར་གང་མང་ཞིག་མཆིས། ཆེས་མི་འདྲ་ས་ནི། མི་གཅིག་གི་གཅིག་སྡུད་ལམ་ལུགས་ཡིན་ན། ཏང་གི་མངའ་བདག་སྒེར་གྱི་འདུན་མ་དང་ཁེ་ཕན་ལ་གཞན་ཟིལ་གྱིས་གནོན་པའི་ཆ་དང་གཞན་ཕུད་པའི་ཆ་བལྟོས་མེད་ལྡན། ཏང་གི་མངའ་བདག་གི་ཁེ་ཕན་ཆེ་ཤོས་སུ་འགྱུར་བར་ཕན་ཐོགས་མིན་ཁོ་ནར་བལྟས་ཏེ་མི་གཞན་པར་ཏང་ནང་ཁུལ་གྱི་དབང་རྩོད་ལས་ཁེ་གྱོང་ཅི་རག་ཐག་གཅོད་པ་ཡིན། མཐོ་རིམ་པའི་ཁྲོད་ཀྱི་དཔོན་པོ་གཞན་དག་བར་གྱི་དབང་རྩོད་ནི་དབང་ཆ་གཅིག་སྡུད་མཁན་གྱི་བརྩི་མཐོང་རག་རྒྱུར་བརྩོན་ལེན་བྱེད་པའི་འགྲན་སྡུར་གཙོ་ཆེ། དབང་ཆ་གཅིག་སྡུད་མཁན་གྱི་བརྩི་མཐོང་རག་མིན་ཤན་འབྱེད་བྱེད་ཀྱི་ཚད་གཞི་ནི་དེའི་བསམ་པའི་འཁྱེར་སོ་ལས་གཙོ་ཆེར་འབྱུང་བ་ཡིན། དེ་ཡང་མའོ་ཙེ་ཏུང་གི་སྐབས་དང་འདྲ་སྟེ། མི་ག་གེ་མོ་ཞིག་བློ་དཀར་མིན་ལ་དོགས་པ་སྐྱེས་ན། མའོ་རྒན་གྱིས་སྐད་ཆ་ཚིག་གཅིག་གིས་མི་དེ་འཆི་ལམ་དུ་བརྫང་ཆོག ཕྱིས་སུ་ཏིན་ཞོ་ཕིན་དང་ཁྲིན་ཡོན་གཉིས་ཀྱི་བར་ནས་རིན་གོང་སྒྲིག་པ་དེ་འདྲ་བ་མའོ་ཡི་དུས་སུ་འབྱུང་མི་སྲིད་པ་དང་། ཅང་ཙེ་མིན་དང་ཧུའུ་ཅིན་ཐོ་ཡི་སྐབས་སུ་རྒྱུན་ལས་འགའ་རེ་ལ་བསམ་པ་འགའ་རེ་ཡོད་པའི་གནས་སྟངས་ལྟ་བུ་ནི་དེ་བས་ཀྱང་འབྱུང་མི་སྲིད། དེ་ཡང་ཞིབ་ཏུ་བརྗོད་ན།

 

དང་པོ།  དཔོན་ཉུང་སྒེར་གཅོད་ལམ་ལུགས་ཀྱི་ཁྱད་ཆོས་ཆེ་ཤོས་ཤིག་ནི་དཔོན་ཉུང་སྒེར་གཅོད་པ་ཚོས་ཕན་ཚུན་བཀག་རྒྱ་བྱེད་པ་དེ་ཡིན། ཏང་གི་མངའ་བདག་གི་དབང་ཆ་ནི་དཔོན་ཉུང་སྒེར་གཅོད་པ་གཞན་གྱི་དབང་ཆ་ལས་ཆེ་མོད། འོན་ཀྱང་དཔོན་ཉུང་སྒེར་གཅོད་རུ་ཚོགས་ཐུན་མོང་གི་དབང་ཆ་ལས་ཆེ་མི་ནུས། ཡང་ཅིག་བཤད་ན་ཏང་གི་མངའ་བདག་གི་འདོད་བློ་ལ་གཞན་ཟིལ་གྱིས་གནོན་པའི་ཆ་དང་གཞན་ཕུད་པའི་ཆ་ཟླ་མེད་དེ་མི་མངའ། དེའི་ཕྱིར། ཏང་ནང་ཁུལ་དབང་རྩོད་ཀྱི་མཇུག་འབྲས་ནི་མའོ་ཡི་དུས་སྐབས་སུ་རྒྱལ་ཁ་ཐོབ་མིས་ཧྲིལ་བོ་ཟ་བའི་རྩེད་མོ་དེ་འདྲ་ཡིན་མི་སྲིད་པར། སུས་ཀྱང་གོ་ས་ཨང་དང་པོ་སྒེར་བཟུང་བྱ་ཐབས་མེད་པར་ཕན་ཚུན་ལ་བཀག་རྒྱ་བྱེད་པ་ཡིན། མའོ་ཙེ་ཏུང་གིས་རང་སྣང་གང་འདོད་དུ་ཆབ་སྲིད་ཁང་གི་རྒྱུན་ལས་གང་རུང་ཕམ་པར་བརྒྱབ་ཆོག  ཡིན་ནའང་ཁྲིན་ཡོན་ལ་སོགས་རྒན་གྲས་ཀྱིས་ཚོད་འཛིན་ཐེབས་པའི་ཏིན་ཞོ་ཕིན་གྱིས་སུ་ཕམ་པར་རྒྱག་འདོད་ན་དེ་གང་འདོད་དུ་ཕམ་པར་རྒྱག་མི་ནུས། ངེས་པར་དུ་ཁྲིན་ཡོན་གྱི་རྒྱབ་སྐྱོར་ཐོབ་པའི་རྗེས་སུ། ཏིན་གྱིས་ད་གཟོད་འགྲོ་ལུགས་མ་བརྒྱུད་པར་སྤྱི་ཁྱབ་ཧྲུའུ་ཅི་གཉིས་༼འགྱུར་མཆན། ཧུའུ་ཡའོ་པང་དང་ཀྲོའོ་ཙི་དབྱང༽གནས་དབྱུང་བཏང་། ཅང་ཙེ་མིན་དང་ཧུའུ་ཅིན་ཐོ་ཡི་དུས་སུ་སླེབས་པ་ན། ཁོ་གཉིས་ཀྱིས་ཆབ་སྲིད་ཁང་གི་རྒྱུན་ལས་ག་གེ་མོ་ཞིག་གཙང་སེལ་བྱ་འདོད་ཡོད་པའི་དབང་དུ་བཏང་ནའང་། ཀྲུང་གུང་ནང་ཁུལ་གྱི་སྒྲིག་གཞི་ལས་བརྒལ་བའི་དབང་ཆ་ཡོད་མི་སྲིད། ད་ལྟའི་ཀྲུང་གུང་མཐོ་རིམ་ནང་ཁུལ་དུ། དཔོན་ཉུང་སྒེར་གཅོད་པ་ཚོས་མི་བྱེ་བྲག་པ་ཞིག་གིས་ཆེས་མཐོའི་དབང་ཆ་ལ་སྒེར་བདག་གཏན་ནས་བྱེད་དུ་མི་འཇུག དེར་བརྟེན། ཏིན་ཞོ་ཕིན་གྱི་དུས་སྐབས་སུ། དབང་ཆ་ཚེ་གང་བོར་འཛིན་པའི་ལམ་ལུགས་རྩིས་མེད་ཏུ་བཏང་བ་ནི་ཏིན་གྱི་བཟོ་ལྟ་ཙམ་ཡིན་པ་དང་། ཏང་གི་མངའ་བདག་དེ་བས་ཀྱང་སྟོབས་ཞན་པའི་ཅང་གི་དུས་སུ་སླེབས་པ་ན། དུས་ཡུན་གཏན་འཁེལ་གྱིས་རྗེས་སྐྱོང་བ་ལ་དབང་ཆ་རྩིས་སྤྲོད་པ་དེ་ལམ་ལུགས་ཅན་དུ་གོམ་པ་སྤོ་མགོ་ཚུགས།

 
གཉིས་པ། ཀྲུང་གུང་དཔོན་ཉུང་སྒེར་གཅོད་ནང་ཁུལ་གྱི་དབང་ཆའི་རྩོད་པ་ཇི་འདྲའི་ཛ་དྲག་ཀྱང་། དེའི་སྒམ་ནག་ནང་གི་འཐབ་རྩོད་ངན་པ་དེ་གཏན་ནས་ཕྱི་ལ་སྒྲོག་མི་ཕོད། དཔོན་ཉུང་སྒེར་གཅོད་ཀྱི་དུས་སྐབས་སུ། མི་སུ་ལའང་མའོ་ཙེ་ཏུང་ལྟར་གྱི་དབང་ཤུགས་མེད། མའོ་ཡིས་ཏང་ནང་ཁུལ་གྱི་དབང་རྩོད་དེ་ཡོངས་གྲགས་བཟོས་པ་མ་ཟད། དེ་ལམ་ཕྱོགས་གཉིས་བར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་པར་འགྲེལ་བཤད་བརྒྱབ་སྟེ། དམངས་ཡོངས་ཞུགས་པའི་ཆབ་སྲིད་ཀྱི་དགྲ་བོ་གཙང་སེལ་ལས་འགུལ་བསླངས་ནའང་། མའོ་ཡི་སྲིད་དབང་ཚོད་འཛིན་གྱི་བལྟས་མེད་དབང་ཆ་ལ་གནོད་སྐྱོན་མ་ཤོར། ཏིན་ཞོ་ཕིན་ལ་མའོ་ལྟར་གྱི་དབང་ཤུགས་མེད་པ་དང་། ཁོ་རང་རིག་གསར་གྱི་རྣམ་པ་ལྡན་པའི་མང་ཚོགས་ལས་འགུལ་ལའང་ཧ་ཅང་ཞེན་པ་ལོག དེའི་ཕྱིར། ཁོས་ཁ་གཏད་ཕམ་ཉེས་སུ་གཏོང་བར་མང་ཚོགས་རང་བཞིན་གྱི་ལས་འགུལ་སློང་བའི་བྱེད་ཐབས་གཏན་ནས་བཀོལ་མི་སྲིད་པར། མི་རྒན་ཕྱོགས་ཁག་ཐུན་མོང་གིས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་སྤྱི་ཁྱབ་ཧྲུའུ་ཅི་གཉིས་རྩིས་མེད་བཏང་། ཅང་ཙེ་མིན་གྱི་དུས་སྐབས་སུ་ཏང་ནང་ཁུལ་གྱི་དབང་རྩོད་དང་ཆབ་སྲིད་ཀྱི་དགྲ་བོ་གཙང་སེལ་བྱ་ཐབས་ལ་སླར་ཡང་འགྱུར་ལྡོག་ཆེན་པོ་བྱུང་། དེར་དབང་རྩོད་ཀྱི་ནང་མཚང་ཡོངས་གྲགས་དང་ཆབ་སྲིད་ཅན་དུ་མ་བསྒྱུར་བར། རུལ་སུངས་ལ་རྒོལ་བ་དེ་མཐོ་རིམ་དབང་རྩོད་ཀྱི་བྱེད་ཐབས་གཙོ་བོར་བཟུང་བ་ཡིན། ཏང་ནང་ཁུལ་གྱི་དབང་རྩོད་ལ་ཁྲིམས་ལུགས་དང་སྒྲིག་གཞིའི་ཕྱི་ཐུམ་གཡོག་པའང་ཡིན་ཏེ། ཡང་མིན་ན་དབང་རྩོད་དེ་རུལ་སུངས་ལ་རྒོལ་བའི་རྣམ་པར་བསྒྱུར་བ་༼ ཁྲིན་ཞི་ཐུང་གི་གྱོད་དོན་དང་ཁྲིན་ལེང་ཡུས་ཀྱི་གྱོད་དོན་ལྟ་བུ༽དང་། ཡང་མིན་ན་དབང་རྩོད་དེ་སྒྲིག་གཞི་དང་མཐུན་པའི་དབང་ཆ་རྩིས་སྤྲོད་ལ་བསྒྱུར་བ་ཡིན།



གསུམ་པ།  མཐོ་རིམ་ནང་ཁུལ་གྱི་དབང་རྩོད་ཁྲོད་དུ། དཔོན་ཉུང་སྒེར་གཅོད་རུ་ཚོགས་ནང་གི་སྟོབས་ཆེ་བའི་ཕྱོགས་དེས་འོག་རིམ་གྱི་དཔོན་ཆེན་ག་གེ་མོ་ཞིག་སྤྱུགས་ནས་རྩོད་ཡ་ལ་ཕར་རྒོལ་བྱེད་ནུས་ཀྱང་། དཔོན་ཉུང་སྒེར་གཅོད་པའི་གྲས་ཀྱི་སུ་ཡང་གཏན་ནས་སྤྱུགས་མི་སྲིད། དཔོན་ངན་སྒེར་གཅོད་པ་ག་གེ་མོ་ཞིག་གིས་མང་ཚོགས་ལ་བཞག་པའི་མཐོང་ཚུལ་ཇི་འདྲའི་སྐྱུག་བྲོ་ཡང་། གང་འདོད་དུ་དཔོན་ཉུང་སྒེར་གཅོད་པ་དེ་གོ་ས་ཤོར་ཞིང་མིང་གྲགས་ཉམས་པ་དེ་བས་ཀྱང་བཟོ་མི་སྲིད། དཔེར་ན། མཐོང་ཚུལ་དང་རིག་སྟོབས་དང་འཇོན་ཐང་བཅས་པ་མི་ལེགས་པའི་ལིས་ཕིན་དང་ཧོང་ཅུས་དང་ཅཱ་ཆིན་ལིན་ལ་སོགས་པའི་རྒྱུན་ལས་དེ་ཚོ་ལྟ་བུ། གལ་སྲིད་ཁོ་ཚོ་སྔ་སྣུར་གྱིས་ཆབ་སྲིད་ཁང་ནས་ཕྱིར་ཕུད་ཐུབ་ཡོད་ན། ཀྲུང་གུང་སྲིད་དབང་གི་ཚུལ་སྤྱོད་དྲང་བདེན་གྱི་ཁྲིམས་མཐུན་ངོ་བོ་སླར་གསོ་ཡོང་བར་ཕན་ཐོགས་ཤ་སྟག་ཡིན། འོན་ཀྱང་ཁོ་ཚོ་ཚང་མས་འགན་ཡུན་*ཡོངས་གྲུབ*ཀྱིས་མཇུག་བསྡུས། རྒྱུ་མཚན་ནི། དཔོན་ཉུང་སྒེར་གཅོད་པ་གང་རུང་ཞིག་ལམ་བར་ནས་འགྱེལ་ན། དཔོན་ཉུང་སྒེར་གཅོད་རུ་ཚོགས་ཐུན་མོང་གི་ཁེ་ཕན་ལ་ཉེན་ཁ་འབྱུང་བ་དང་། བྱེད་སྟངས་ཉེས་ན་ཌོ་མི་ནོ(domino)རུས་ལེབ་ལྟར་གཅིག་འགྱེལ་ན་ཀུན་འགྱེལ་བའི་ཤུགས་རྐྱེན་འབྱུང་སྲིད་པ་དེ་ཡིན།
 

བཞི་བ། དཔོན་ཉུང་སྒེར་གཅོད་པས་རང་གི་སྲིད་དབང་ལ་ཉེན་ཁ་སློང་བའི་རྐྱེན་གང་རུང་རང་སྟོབས་ཀྱིས་རྒྱས་སུ་གཏན་ནས་མི་འཇུག་པ་དང་། རྐྱེན་དེ་ཏང་ནང་ཁུལ་ནས་བྱུང་བའམ་ཡང་ན་དམངས་ཁྲོད་ལས་བྱུང་བ་གང་ཡིན་ལ་ཁྱད་མེད། དེའི་རྒྱུ་མཚན་ནི།  སྒེར་གཅོད་ཀྱི་ལམ་ལུགས་ཤིག་ཡིན་ཚེ། དེ་སྒེར་གཅོད་ཀྱི་རིགས་གང་ཞིག་ཡིན་རུང་། དེའི་དབང་སྒྱུར་ནི་མིའི་རང་དབང་དང་དམངས་སེམས་ལ་དགྲ་རུ་ལངས་པ་ཡིན། དེས་མིའི་རང་དབང་ཆེ་མཐོང་དང་དམངས་ཁྲོད་དབང་ཆ་ལ་ཁྱད་གསོད་བྱེད་པ་མ་ཟད། དམངས་ཁྲོད་ནས་རང་འགུལ་དུ་བྱུང་བའི་དབང་ཆ་སྲུང་སྐྱོབ་བྱེད་པའི་ལུས་ངག་གི་བྱ་སྤྱོད་གང་ཡིན་ཡང་དགྲར་འཛིན་གྱི་སྟོབས་ཤུགས་སུ་ལྟ་བ་ཡིན། ཀྲུང་གུང་ནི་ཡོད་ཚད་སྒེར་བདག་བྱེད་པར་གོམས་པ་དང་། ནང་ཁུལ་དབང་རྩོད་ཀྱིས་དེའི་ཐུན་མོང་ཁེ་ཕན་ལ་གནོད་སྐྱོན་བཟོ་བར་གཏན་ནས་མི་འཇུག་པ་དང་། དམངས་ཁྲོད་ནས་རང་འགུལ་དུ་བྱུང་བའི་དབང་ཆ་སྲུང་སྐྱོབ་ལས་འགུལ་གྱིས་དབང་དྲག་ཅན་ཚོའི་ལག་ཏུ་ཆུད་པའི་ཁེ་ཕན་ལ་ཉེན་ཁ་སློང་དུ་དེ་བས་ཀྱང་འཇུག་མི་སྲིད། གཞུང་ཕྱོགས་ཀྱི་བཤད་སྟངས་དང་མི་མཐུན་པའི་དམངས་ཁྲོད་ཀྱི་འབོད་སྐུལ་ལ་སྒེར་གཅོད་འཕྲུལ་ཆས་ཀྱིས་དྲག་གནོན་བྱེད་པ་བཤད་མི་དགོས་པར། གཞུང་དམངས་ཐུན་མོང་གིས་སེམས་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་གནད་དོན་རིགས་ཀྱང་ཀྲུང་གུང་དཔོན་ཉུང་སྒེར་གཅོད་པས་བཤད་ཆོག་པ་མ་ཟད། བཤད་པ་དེ་ད་རུང་བསམ་བློའི་གསར་བཏོད་དཔེ་མེད་པ་ཡིན། འོན་ཀྱང་དམངས་ཁྲོད་ཀྱིས་བཤད་མི་ཆོག་པ་དང་། བཤད་པ་ཡིན་ན་དག་ཐེར་གྱི་དཀའ་ངལ་མྱོང་བ་དང་ཐ་ན་བཙོན་དུའང་ཚུད་པ་ཡིན།

 

 ལྔ་བ།  སྲིད་དབང་གང་ཡིན་ཀྱང་དེའི་སྟོབས་ཤུགས་མཉེན་ཆ་ཅན་༼ཚུལ་སྤྱོད་དྲང་བདེན་གྱི་ཁྲིམས་མཐུན་ངོ་བོ་ལ་ཟེར༽ཞན་དྲགས་ན། དེའི་ལག་ཏུ་སྟོབས་ཤུགས་སྲ་མཁྲེགས་ཀྱི་ཆ་ཅན་ཇི་འདྲ་ཆེན་པོ་འཆང་ཡང་། དམངས་ཁྲོད་དངོས་སུ་དབང་དུ་བསྡུ་བའི་ཤུགས་མེད། དྲུག་བཞིའི་རྗེས་ཀྱི་ཀྲུང་གུང་སྒེར་གཅོད་ནི་ཏག་ཏག་ཁྲིམས་མཐུན་གྱི་ངོ་བོ་མཚམས་མི་ཆད་པར་རྒུད་བཞིན་པའི་དབང་སྒྱུར་ཞིག་དང་། ཟིལ་ཤུགས་མཚམས་མི་ཆད་པར་མར་ཆག་པའི་དབང་སྒྱུར་ཞིག་ཀྱང་ཡིན། དཔོན་ཉུང་སྒེར་གཅོད་རུ་ཚོགས་ཀྱིས་དམངས་ཁྲོད་ཀྱི་རང་འགུལ་སྟོབས་ཤུགས་རྒྱས་པ་ལ་སྡང་སེམས་ཇི་འདྲ་འཆང་ཡང་། དམངས་ཁྲོད་སྟོབས་ཤུགས་ཀྱི་མགོ་བརྡུང་བའི་བྱེད་སྟངས་ཇི་འདྲ་རྩུབ་ཀྱང་། དྲག་གནོན་གྱི་ཕན་ནུས་རིམ་པར་ཤོར་ཏེ་རང་ཉིད་ཉམས་རྒུད་དུ་འགྲོ་བའི་ངང་ཚུལ་ལ་བཅོས་ཐབས་མེད། ཡང་ཅིག་བཤད་ན། སྟོབས་ཤུགས་མཉེན་ཆ་ཅན་འདང་ཚད་ཅིག་བཏོན་ཏེ་རང་གི་སྲིད་དབང་ལ་མང་ཚོགས་ཀྱི་རང་མོས་ངོས་ལེན་འཐོབ་ཏུ་འཇུག་མ་ནུས་ན། དེ་ལ་དམངས་ཁྲོད་ཀྱི་སྐད་སྒྲ་ཡོངས་སུ་བཀག་སྡོམ་ཐུབ་པའི་སྟོབས་ཤུགས་སྲ་མཁྲེགས་ཀྱི་ཆ་ཅན་འདང་ངེས་ཤིག་ལར་ནས་མེད།



ད་ལྟའི་སྲིད་དབང་གི་སྟོབས་ཤུགས་མཉེན་ཆ་ཅན་ཧོབ་ཀྱིས་ཤོར་བ་དང་། དབང་ཆ་གཞུང་གི་ཕྱོགས་ན་ཡོད་ཀྱང་ཚུལ་སྤྱོད་དྲང་བདེན་དམངས་ཀྱི་ཕྱོགས་ན་ཡོད་པའི་འཕེལ་ཕྱོགས་ལྡོག་ཏུ་མེད། མང་ཚོགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་སློང་བའི་ཐབས་ལ་བརྟེན་ནས་འཇིགས་སྐུལ་དབང་སྒྱུར་ལག་བསྟར་བྱས་ན། དོན་དངོས་ཀྱི་བཀོལ་རུང་གི་ངོ་བོས་སྟོང་བ་མ་ཟད། དབང་དྲག་ཅན་གྱི་གནས་རིམ་པའི་ཁེ་ཕན་དང་ཡང་མི་མཐུན། དེའི་ཕྱིར། དྲུག་བཞིའི་རྗེས་ཀྱི་འཇིགས་སྐུལ་དབང་སྒྱུར་ནི་གསང་བའི་ཉེན་རྟོག་པ་ཡི་རྣམ་པའི་ཕྱོགས་སུ་ཇེ་གསེག་ནས་ཇེ་གསེག་ལས་མེད།  དེ་རྟེན་ས་ནི་ཉིན་རྒྱུན་དུ་གནས་པ་དང་གང་ཟག་སོ་སོར་ལྡན་པ་དང་གཤིས་སུ་གནས་པའི་འཇིགས་སྐུལ་ཡིན། སྤྱིར་བཏང་དུ་ཕྱི་ན་གནས་པའི་འཇིགས་སྐུལ་དེ་ཉིན་རྒྱུན་གྱི་འཚོ་བའི་ཆ་ཤས་དག་ཏུ་སིམས་ཏེ། མི་སྒེར་གྱི་གཤིས་སུ་ཡོད་པའི་འཇིགས་སྣང་ཞིག་དང་རང་ལ་རང་གིས་ཚོད་འཛིན་དང་བྱ་ར་བྱེད་པ་ཞིག་ཏུ་བསྒྱུར་བ་ཡིན།



དེ་ལྟ་མོད་ཀྱང་། རྒྱལ་སྤྱིའི་འཕེལ་ཕྱོགས་དང་རྒྱལ་ནང་དམངས་ཁྲོད་ཀྱི་མཉམ་འདུས་གནོན་ཤུགས་ཀྱི་འོག་ཏུ། ཁྲིམས་མཐུན་ངོ་བོ་ས་སྲོད་ཀྱི་དུས་ལ་སླེབས་པའི་ཀྲུང་གུང་སྒེར་གཅོད་ཀྱིས་དབང་ཆའི་གོ་རྟོགས་སད་པའི་དམངས་ཁྲོད་སྟོབས་ཤུགས་རྦད་དེ་གཞོམ་རྒྱུ་ཧ་ཅང་ཁག  དེའི་ཕྱིར། ངོ་བོ་རྩུབ་པའི་དྲག་སྤྱོད་འཇིགས་སྐུལ་སྔར་བཞིན་རྒྱུན་སྐྱོང་བའི་མོད་ལ། ངོ་བོ་འཇམ་པའི་ཁེ་ཕན་ལྐོག་སླུའི་ཐབས་ཀྱང་མི་བྱེད་རང་བྱེད་ཡིན་ལ། ད་དུང་དུས་རྒྱུན་དུ་ཤེས་རྒྱ་ལྡན་པའི་ཟོལ་གྱིས་རང་གི་ཁེ་ཕན་ལ་མཛེས་ཉམས་མི་འདོད་ཐབས་མེད་ཡིན། ཕུགས་རྒྱང་རིང་བར་བལྟས་ན། དཔོན་ཉུང་སྒེར་གཅོད་ཀྱི་ཚུལ་སྤྱོད་དྲང་བདེན་ཉམ་དམས་དང་དེའི་རང་གཤིས་སུ་ཡོད་པའི་ཉམ་ཞན་ས་གཉིས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དང་བསྟུན། དམངས་ཁྲོད་ལས་འགུལ་གྱི་ཚུལ་སྤྱོད་དྲང་བདེན་གྱི་ལེགས་ཆ་དང་རང་སྟོབས་ཀྱི་སྒུལ་ཤུགས་རིམ་གྱིས་རྒྱས་པ་ལྡོག་ཏུ་མེད།  དེ་ནི་སྟངས་འཛིན་གྱི་ཕན་ནུས་ཉིན་རེ་བཞིན་རྒུད་པའི་བཀའ་རྒྱ་ཡིས་རྩ་མེད་གཏོང་ཐུབ་པ་ཞིག་གཏན་ནས་མིན།

 

དེར་བརྟེན། ཕྱོགས་གཅིག་ནས། ཆབ་སྲིད་ཐད་ཀྱི་གོ་སྐབས་རིང་ལུགས་དང་འགྱུར་ལྡོག་ཆེ་བའི་སྟངས་འཛིན་གྱི་གཡོ་ཐབས་གཉིས་ནི་དཔོན་ཉུང་སྒེར་གཅོད་པའི་དབང་སྒྱུར་གྱི་གཤིས་ཀར་འགྱུར་ཐག་ཆོད་དང་། ཕྱོགས་གཞན་ཞིག་ནས། དབང་སྒྱུར་མཁན་གྱིས་མ་ཡིན་ཡིན་མདོག་གིས་བཀའ་སྒྲོག་པ་དང་དབང་བསྒྱུར་བྱའི་མིས་རྫན་ནེ་རྫུན་ནེས་དེ་དང་དུ་ལེན་པ་ཡིན། འོན་ཀྱང་དབང་བསྒྱུར་བྱའི་མི་ཡིས་དབང་སྒྱུར་མཁན་ལ་བསྟུན་མ་འདོད་པར་མུ་མཐུད་དུ་རྫབ་བེ་རྫུབ་བེ་མ་འཁྲབ་ཚེ། དཔོན་ཉུང་སྒེར་གཅོད་པ་ཚོའི་གཤིས་སུ་ཡོད་པའི་ཉམ་ཞན་ས་དེ་ཝ་ལེར་གསལ་བ་ཡིན། ཁྱོད་ཀྱིས་མ་མཐོང་ངམ། ༢༠༠༦ ལོ་མགོའི་*པིན་ཏེན་གསར་འགྱུར་པར་གཞིའི་དོན་རྐྱེན*་དང་། ༢༠༠༧ ལོ་མགོའི་*དཔེ་དེབ་བཀག་སྡོམ་གྱི་དོན་རྐྱེན་*ཁྲོད་དུ། གཉའ་མི་ཆགས་པའི་སྨྱུག་ཐོགས་པ་འགའ་ཡིས་ཀྲུང་གུང་ལྟ་གྲུབ་འདུ་ཤེས་ཀྱི་དཔོན་པོ་དེའི་དཔོན་ཤག་ཏུ་འཇུག་ལྡོག་དཀའ་བའི་ཁ་སྐྱེངས་ཀྱི་གནས་སུ་དེད།



དེར་གཞིར་བཞག་ནས། ངས་མ་འོངས་པའི་ཀྲུང་གོ་ལ་རེ་བ་བཟང་ས་ནས་རྒྱག་པ་འདི་ལྟར། ད་སྐབས་ཀྱི་ཀྲུང་གོར་ཆབ་སྲིད་ལེགས་འགྱུར་སྐུལ་འདེད་གཏོང་དགོས་ན། མགོ་བོ་བཀྱགས་ནས་ཀྲུང་ནན་ཧེའི་བདག་པོར་ཡར་ལ་ལྟ་བ་ལས། མར་ཕྱོགས་ལ་དོ་སྣང་བྱས་ཏེ་དམངས་ཁྲོད་ཀྱི་རང་འགུལ་སྟོབས་ཤུགས་རྒྱས་པར་སྐུལ་འདེད་བྱས་ན་ལེགས། སྒེར་བདག་ཅན་དང་ཚོང་རའི་དཔལ་འབྱོར་ལས་དམངས་ཁྲོད་སྐྱེད་པ་དེ་ལྡོག་ཏུ་མེད་པས་ན། དབང་སྒྱུར་མཁན་ལ་བཙན་གྱིས་ཆབ་སྲིད་བཅོས་སྒྱུར་བྱར་འཇུག་ནུས་པའི་དམངས་ཁྲོད་སྟོབས་ཤུགས་ཏན་ཏན་རྒྱས་འོང་བ་ཡིན།
 
ཡིད་སྤྲོ་བ་ཞིག་ལ། གུང་ཁྲན་གསར་བརྗེ་འཛམ་གླིང་ཡོངས་ནས་ཕམ་ཉེས་བྱུང་བ་དང་། དེ་ལས་ཀྱང་ལོ་ངོ་སུམ་ཅུར་ཉེ་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བརྒྱུད་རིམ་ལས། དེང་གི་ཀྲུང་གོ་བས་ཚོང་རའི་དཔལ་འབྱོར་དང་སྒེར་བའི་རྒྱུ་ནོར་གྱི་དབང་ཆ་རང་རྟོགས་ཀྱིས་ངོས་ཟིན་པ་དང་། དེང་གི་ཀྲུང་གོ་བས་སྒེར་གྱི་རྒྱུ་ནོར་བརྟན་སྲུང་བྱ་བའི་ཆོད་སེམས་དང་འདུན་པ་ནི་ཀྲུང་གོའི་དེང་རབས་ལོ་རྒྱུས་སྟེང་གི་དུས་སྐབས་གཞན་ཀུན་ལས་ཆེ་རུ་སོང་ཟིན། དེང་རབས་ཀྱི་ཀྲུང་གོ་ལ་ཕྱི་མིག་ཅིག་བལྟས་ན། སྐུ་ཞབས་ཧུའུ་ཧྲི་ཡིས་མཚོན་པའི་རང་དབང་རིང་ལུགས་པ་བློ་སེམས་བརྟན་པོ་དེ་ཚོ་ཕལ་མོ་ཆེ་ནི་དཔལ་འབྱོར་ལམ་ལུགས་འདམ་ཁ་བྱས་པའི་སྤྱི་ཚོགས་རིང་ལུགས་པ་ལས་མ་འདས། ད་ལྟའི་ཀྲུང་གོ་ལ་བལྟས་ན། ཐོག་མར་ཕྱུག་པོ་ཆགས་པའི་རྒྱུ་ཅན་དང་ལས་བྱེད་པ་ཚོ་ཕར་ཞོག  གྲོང་བརྡལ་གྱི་མི་སེར་ཕལ་བ་དང་གྲོང་གསེབ་ཀྱི་ཞིང་བ་དག་གིས་ཀྱང་རང་བདག་གི་རྒྱུ་ནོར་ལ་གཞན་གྱིས་འདྲེ་ལག་བརྐྱང་མི་ཆོག་པ་ཤེས། ཆབ་སྲིད་རང་དབང་གི་ལྟ་བ་ཅན་ཚོས་སྒེར་ལ་དབང་བའི་ལུགས་དང་ཚོང་རའི་དཔལ་འབྱོར་ཤུགས་ཆེར་སྒྲོག་པ་ནི་སྨྲོས་མ་དགོས་པར།  ཉིན་ལྟར་མའོ་ཙེ་ཏུང་གི་ཤུལ་ནོར་ལ་སྐྱབས་འཆའ་བའི་གཡོན་ཕྱོགས་པ་གསར་བ་ཚོས་ཀྱང་སྒེར་གྱི་ཁྱིམ་ཚང་གི་རླངས་འཁོར་བཙོངས་ཏེ་དབུལ་པོར་རོགས་སྐྱོབ་གཏན་ནས་བྱ་མི་སྲིད་པ་དང་།  གཞུང་ཕྱོགས་ནས་དབུལ་ཕྱུག་སྙོམ་པ་རྒྱུ་མཚན་དུ་བྱས་ཏེ་སྒེར་གྱི་རྒྱུ་ནོར་བཙན་གྱིས་གཞུང་བཞེས་གཏོང་དུ་འཇུག་པ་དེ་བས་ཀྱང་མི་སྲིད།
 
སྒེར་ལ་མངའ་བའི་རྒྱུ་ནོར་དབང་ཆ་དང་ཚོང་རའི་དཔལ་འབྱོར་གཉིས་ནི་ཀྲུང་གོའི་མང་ཚོགས་ཀྱི་རྒྱུག་ཆེ་བའི་ཐུན་མོང་འདུ་ཤེས་སུ་གྱུར་བའི་རྗེས་སུ། སྒེར་བའི་རང་དབང་འགན་སྲུང་དང་སྲིད་གཞུང་གི་དབང་ཆར་ཚོད་འཛིན་ཐུབ་པའི་ཆབ་སྲིད་རང་དབང་རིང་ལུགས་ཀྱང་རིམ་གྱིས་མང་མོས་ཀྱི་ཐུན་མོང་འདུ་ཤེས་སུ་འགྱུར་བ་ཡིན། ད་ཆར་གཅིག་འཇགས་གཅིག་ལངས་ཀྱིས་བྱུང་བའི་ཀྲུང་གོའི་གཞི་རིམ་དབང་སྲུང་དོན་རྐྱེན་མང་ཆེ་བ་ནི་སྒེར་བའི་དཔལ་འབྱོར་གྱི་ཁེ་ཕན་ལ་གནོད་འཚེ་ཐེབས་པའི་རྐྱེན་གྱིས་བསླངས། དོན་ངོ་མ་བཤད་ན། རང་གི་རྒྱུ་ནོར་སྲུང་སྐྱོབ་ཀྱི་ཆེད་དུ་དབང་ཆ་སྲུང་སྐྱོབ་ལ་གཞོལ་བའི་གཞི་རིམ་པ་དེ་ཚོས་ཆབ་སྲིད་རང་དབང་རིང་ལུགས་ཀྱི་གཞི་རྩའི་ཤེས་བྱ་ཙམ་ཡང་མི་ཤེས་པ་སྲིད་མོད། འོན་ཀྱང་ཁོ་རང་ཚོའི་དབང་ཆ་སྲུང་བའི་འགུལ་སྐྱོད་དེ་ཉིད་ནི་སྲོག་ལ་བསྡོས་ཏེ་མི་སྒེར་གྱི་དབང་ཆ་སྲུང་བའི་བྱ་བ་ཡིན་པ་དང་། འགུལ་བསྐྱོད་ལ་རྟེན་ནས་ཆབ་སྲིད་རང་དབང་རིང་ལུགས་ཉམས་སུ་ལེན་པའང་ཡིན་ནོ།།



རྒྱ་ཡིག་མ་རྩོམ་ཡོང་ཁུངས་ནི། ༼ ལྟ་ཞིབ ༽དྲ་བ་ཡིན།

 

མཆན་འགྲེལ།

 

ཀྲུང་གུང་ནི།  རྒྱ་ནག་སྐད་དུ། ཀྲུང་གོ་གུང་ཁྲན་ཏང་གི་བསྡུས་མིང་སྟེ། རྒྱ་ནག་དམར་ཕྱོགས་ཚོགས་པ་ལ་ཟེར།  དབྱིན་སྐད་དུ།  སི་སི་ཕི་༼CCP༽ ཟེར།

 

གུང་ཁྲན་ནི།  རྒྱ་ནག་སྐད་ཀྱི་གདངས་སོར་འཇོག་བྱས་པའི་ཐ་སྙད་ཅིག་ཡིན་པ་དང་།  དེའི་དོན་ནི། རྒྱལ་ཁབ་ཀྱིས་མི་མང་གི་ཚབ་ཏུ་དངོས་པོ་ཡོད་ཚད་ཐོན་སྐྱེད་བྱེད་པའི་ལག་ཆ་བདག་ཏུ་བཟུང་བའི་དཔལ་འབྱོར་ལམ་ལུགས་ལ་ཡིད་ཆེས་པའི་ཆབ་སྲིད་ལས་འགུལ་ཞིག  དེས་མི་ཚང་མར་འདྲ་མཉམ་བྱེད་པའི་སྤྱི་ཚོགས་ཞིག་བསྐྲུན་པའི་དམིགས་ཡུལ་འཛིན་པ་ཡིན།  དབྱིན་སྐད་དུ། ཁོ་མེའུ་ནི་ཛིམ་༼communism༽ཟེར།

 

ཏང་ནི།  རྒྱ་ནག་སྐད་ཀྱི་གདངས་རང་སོར་བཞག་པའི་ཐ་སྙད་ཅིག་སྟེ། ཆབ་སྲིད་ཀྱི་ཚོགས་པའི་དོན།   དབྱིན་སྐད་དུ། ཕ་ཊི་༼Party༽ཟེར།

 

དཔོན་ཉུང་སྒེར་གཅོད་ནི།  དབང་ཆ་ཡོད་ཚད་མི་ཉུང་ངུ་འབའ་ཞིག་གིས་བདག་ཏུ་བཟུང་བའི་སྲིད་གཞུང་གི་རྣམ་པ་ལ་ཟེར། དབྱིན་སྐད་དུ་ཨོ་ལི་ཀར་ཁི་༼Oligarchy༽ཟེར།

 

སྒེར་གཅོད་པ་ནི།  རྒྱལ་ཁབ་ཅིག་ཡོངས་སུ་དབང་སྒྱུར་བའི་དབང་ཆ་ཡོད་པའི་དབང་སྒྱུར་བ་པོ།  ཁྱད་པར་དུ་དམག་ཤུགས་ལ་རྟེན་ནས་དབང་ཆ་དེ་འདྲ་ཐོབ་པའི་མི་ལ་ཟེར། དབྱིན་སྐད་དུ། ཌི་ཁི་ཊེ་ཊོར་༼dictator༽ཟེར།

 

དབང་ཆ་གཅིག་སྡུད་རིང་ལུགས་ནི།  ༼རྒྱལ་ཁབ་ཅིག་ཏུའམ་སྲིད་གཞུང་གི་ལམ་ལུགས་སུ༽དབང་ཆ་ཡོངས་རྫོགས་ལྡན་པ་དང་མི་དམངས་ལ་ཀུན་ནས་སྟངས་འཛིན་བྱེད་པའི་ཆབ་སྲིད་ཚོགས་པ་གཅིག་ཁོ་ན་ཡོད་པ་ལ་ཟེར། དབྱིན་སྐད་དུ།  ཊོ་ཊར་ལུ་ཊེ་རིན༼totalitarian༽ཟེར།

འབྲེལ་ཡོད་གསར་འགྱུར།

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག པར་འབྲེལ་ཡོད་ནས་འདི་གའི་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༥།༥།༣༠
Mobile App

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༩
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་ ༣༠ པ་འཚོག་ལ་ཉེ། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༨
Mobile App

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་རུ་ཁག་བཅུ་དྲུག་གིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༨

མཆན། 3

  1. ཚེ་རིང་རྡོ་རྗེ says:
    ལོ་ 13 སྔོན།

    ༼ནད་པ༽་ཟེར་བའི་མཆན་པ་ལགས།

    གཟུར་གནས་ཀྱི་སྐྱོན་བརྗོད་དང་བསམ་འཆར་གྱིས་བདག་གི་ཡིག་སྒྱུར་བྱ་བ་གོང་དུ་འཕེལ་བར་ཕན་ཐོགས་འབྱུང་བ་གདོན་མི་ཟ་བས་ན། དེའི་ཕྱོགས་ལ་ཁོ་བོས་ནམ་ཡང་འོན་སེང་ནས་སྒུག་ཡོད། འོན་ཀྱང་ཁྱོད་ཀྱིས་བྲིས་པ་ལ་རིན་ཐང་ཅང་མི་འདུག་པ་མ་ཟད། ཁྱོད་ནི་ཁ་བཤད་དོན་ལ་མི་གནས་པའི་མི་ཞིག་ཡིན་པ་ཝ་ལེར་གསལ།

    གཅིག འགྱུར་གྱི་ཚིག་དོན་ལ་ནོར་བ་དང་མ་འདང་ས་འདི་དང་འདི་འདུག་ཟེར་ནས་རེ་རེ་གསལ་བོར་མི་སྟོན་པར། རང་གིས་ག་གེ་མོ་ཞིག་ཤེས་མདོག་མདོག་གིས་ཉ་གེ་ཉོག་གེ་ཞིག་བཤད་པར་རྒྱུ་མཚན་གང་ཡོད།

    གཉིས། མི་གཞན་གྱིས་བྱས་པ་ལ་བསྟོད་པའི་ཟོལ་གྱིས་སྨད་པ་གཏོང་བའི་ཤེས་ཚད་ཁྱོད་ལ་མི་འདུག་སྟེ། བོད་ཡིག་ལ་མཐོང་ཆུང་གིས་མཆན་དུམ་པ་དེ་ཙམ་བྲིས་པར་ཡིག་ནོར་དེ་འདྲ་མང་པོ་ཞིག་སྤེལ་དོན་ཅི་ཡིན། ཁྱོད་ལ་བོད་ཡིག་གི་ཆུ་ཚད་ཀྱིས་མ་འདང་བ་ཡིན་ནམ། ཡང་ན་ལྷག་བསམ་གྱིས་མ་འདང་བ་ཡིན་ནམ།

    གསུམ། བརྗོད་བྱའི་དོན་གཙོ་བོ་སྟེ་རྒྱ་ནག་དམར་ཕྱོགས་སྒེར་གཅོད་ཀྱི་ཉམ་རྒུད་ནི་གསལ་རྗེན་དུ་བསྟན་འདུག་པ་མ་མཐོང་ན། ཁྱོད་ལ་རྒྱ་ནག་གི་ཆབ་སྲིད་སྐོར་ཀྱི་རྨང་གཞིའི་ཤེས་བྱ་ཡིས་མ་འདང་བ་ཡིན་མིན་ལ་དོགས་པ་ཕྲན་ཙམ་ཡང་མེད་དམ།

    རང་གི་དངོས་མིང་ལ་རིན་ཐང་ཞིག་སྤྲད་ནས་མི་སུ་ཡིན་ཀུན་ལ་གསལ་བར་བྱས་ཏེ། གཞན་གྱི་དགེ་སྐྱོན་བརྗོད་ན་དགའ་བསུ་ལོས་བགྱིད། འོན་ཀྱང་། ཐོག་མ་ཉིད་ནས་སྲིན་བྱ་འུག་པའི་ངན་གཤིས་འཛིན་པའི་ཀུན་སློང་བཅངས་ཏེ། དངོས་མིང་མི་འགོད་པར་༼ནད་པ༽ཞེས་ཐོས་པ་ཙམ་གྱིས་ཀྱང་རྣམ་རྟོག་སློང་བའི་བརྫུས་མིང་འོག་ཏུ་སྦས་ནས་ཕྱོགས་ལྷུང་གཏམ་གྱི་ཐན་སྐད་སྒྲོག་པའི་ངང་ཚུལ་འདི་སྐྱོ་ཨང་།

    Reply
  2. ནད་པ says:
    ལོ་ 13 སྔོན།

    བརྗོད་དོན་གཙོ་བོ་གང་ཡིན་གསལ་ཆ་མིན་འདུག ད་དུང་ཡིག་བསྒྱུར་ཐད་དང་ལྷག་དོན་བོད་སྐད་ཡིག་ཀྱི་རྨང་གཞིའི་མིང་ཚིག་དང་། ཚིག་སྦྱོར་སོགས་ལ་སྐྱོན་ཆ་འདུག བརྗོད་བདེ་འདྲེན་པའི་དབང་དུ་བྱས་ན་དེ་བས་སྐྱོན་ཆ་གང་ཙམ་འདུག

    ཡིན་ནའང་མི་གཅིག་གིས་དཀའ་ལས་བརྒྱབས་ཏེ་ཉིན་མང་པོར་ལས་ཀ་བྱས་པའི་འབྲས་བུ་ཞིག་ཡིན་སྟབས། ལས་ཀའི་ངོ་བོའི་ཐོག་ནས་བརྗོད་ཚེ་ལས་ལ་བརྩོན་པའི་སྐྱེས་བུ་ཞིག་ཡིན་རང་བཞིན་གྱིས་རྟོགས་ཐུབ།

    དེ་བས་ད་དུང་མུ་མཐུད་ཐུགས་སྣོན་བརྒྱབ་ཏེ་བོད་སྐད་ཡིག་ནང་དེང་རབས་ཀྱི་སྒྱུ་རྩཞ་དང་། ཚན་རིག རྩོམ་རིགས་སོགས་སྣ་ཚོགས་པ་ཞིག་ཕབ་བསྒྱུར་ཐུབ་ཚེ་བོད་མི་རིགས་ལ་ཕན་པ་དེ་རང་ཡིན།

    དེ་ཆེས་རླབས་ཆེ་བའི་བྱ་གཞག་དང་གཞན་ཕན་གལ་ཆེ་གཅིག་ཆགས་ཡོད། ཡི་རང་ཡོད།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བོད་བསྒྱུར་བྱས་པར་ཡག་པོ་འདུག་ཡིན་ནའི་བརྗོད་དོན་གཙོ་བོ་གང་ཡིན་ཁ་གསལ་དེ་ཙམ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese