མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་གྱི་རྡོ་སེང་གེ

བོད་ཀྱི་དུས་བབ།
༢༠༡༢/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཚེ་རིང་རྡོ་རྗེ།

རང་བཙན་ལ་ཞིབ་ཕྲའི་འགྲེལ་ཚུལ་མང་ཡང་རགས་པའི་བྱེ་བྲག་གཉིས་སུ་དབྱེ་ཆོག་སྟེ། ཕྱི་ཡི་ས་ཁོངས་རང་བཙན་དང་ནང་གི་རིག་གནས་རང་བཙན་ནོ།། དེ་ཡང་ཅུང་གསལ་བར་བྱས་ན། ཕྱི་ཡི་ས་ཁོངས་རང་བཙན་ནི་བོད་རྒྱལ་ཁབ་ཀྱི་ས་ཆའི་བདག་དབང་དང་། ནང་གི་རང་བཙན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་གཞན་དང་མ་འདྲེས་པར་འབྱེད་བྱེད་ཀྱི་རིག་གནས་དང་དེ་ཉིད་རྟེན་སའི་སྐད་དང་ཡི་གེ་ལའོ།།

 

རྒྱ་ནག་དམར་ཕྱོགས་གཞུང་གིས་ཐོག་མར་བོད་ཀྱི་ཕྱིའི་རང་བཙན་ཕྲོགས་པ་དང་། ཁོ་ཚོས་བོད་ཡོངས་སུ་དབང་དུ་བསྡུ་བར་ཕྱིའི་རང་བཙན་ཁོ་ན་ཕྲོགས་པས་མི་འགྲུབ་པ་ཤེས་པ་དང་། དེ་མ་ཐག་ཏུ་བོད་ཀྱི་ནང་གི་རང་བཙན་རྨག་མེད་ཏུ་གཏོང་བའི་གཡོ་ཇུས་བརྩམས། སྔོན་ལ་བོད་ཀྱི་ཁྱད་ཆོས་དང་ངོ་བོ་ལྡན་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དག་གཏོར་བཤིག་བཏང་བ་ནི། གྲལ་རིམ་འཐབ་རྩོད་ལ་ཁ་གཡར་ཏེ་གནའ་སྔ་མོ་ཞིག་ནས་གཏན་ཆགས་སུ་གྱུར་བའི་བོད་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་སྲོལ་རྒྱུན་རྩ་གཏོར་བཏང་། དེས་ཀྱང་བོད་མིའི་ནང་གི་རང་བཙན་དངོས་དེ་གཞོམ་གཞིག་མི་ནུས་པ་རྟོགས་པས། རིག་གནས་གསར་བརྗེ་ཟེར་བ་ཞིག་གི་སྐབས་དང་བསྟུན་ནས་བོད་ཀྱི་རིག་གནས་ཡི་གེར་བཀོད་པའི་གླེགས་བམ་པོ་ཏི་ཀུན་བསྲེགས་པའི་ལས་འགུལ་བསླངས། དེས་ཀྱང་ནང་གི་རང་བཙན་ཡོངས་སུ་གཞོམ་དཀའ་བ་མཐོང་སྟེ། མཐར་ནང་གི་རང་བཙན་གྱི་སྲོག་རྟེན་ཏེ་བོད་ཀྱི་སྐད་དང་ཡི་གེ་རྩ་མེད་གཏོང་ཐབས་བྱས། རྒྱ་ནག་དམར་ཕྱོགས་གཞུང་གིས་བོད་ཡིག་༼རྙིང་བཞིའི༽་གྲས་སུ་བརྩིས་ཏེ་རྨོངས་དད་ཀྱི་ཞྭ་མོ་གཡོགས་ནས་བོད་མི་ཚོར་བཙན་ཤེད་ཀྱིས་དགག་པ་རྒྱག་ཏུ་བཅུག དུས་སྐབས་དེ་ནི་ཕལ་ཆེར་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་དང་བདུན་ཅུའི་སྟོད་ཙམ་དུ་ཁྱབ།

 

དེ་དང་དུས་མཉམ་པའི་བཙན་བྱོལ་བོད་ལ་དཔྱད་བསྡུར་ཕྲན་ཙམ་བྱས་ན། དེ་དུས་ནི་སྐྱབས་བཅོལ་གྱི་ཐོག་མའི་ལོ་བཅུ་ཕྲག་གཅིག་ལྷག་གི་སྐབས་ཡིན་པ་དང་། བཙན་བྱོལ་བ་ཚོས་འཚོ་གནས་ཀྱི་ཕྱིར་དུ་ཉེ་བར་སེལ་དགོས་པའི་སྐབས་འཕྲལ་ལྟོ་གོས་གནས་མལ་དང་བོད་ཀྱི་ཕྱིའི་རང་བཙན་སླར་གསོའི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་པའི་དུས་སྐབས་དང་ཁེལ། དེའི་དུས་སུ་ཕྱིའི་རང་བཙན་མེད་པ་གཞིས་བྱེས་གཉིས་ཀར་འདྲ་བ་དང་། གཞིས་པ་བོད་ལ་ནང་གི་རང་བཙན་ཤོར་བའི་ཉེན་ཁར་ཚུད་ཡོད་པ་དང་། བྱེས་པ་བོད་ལ་ནང་གི་རང་བཙན་མ་ཉམ་པར་ཡོད་པ་མ་ཟད། འཛིན་སྐྱོང་སྤེལ་གསུམ་གྱི་རང་དབང་ཡང་ལྡན། འོན་ཀྱང་བྱེས་པ་བོད་ལ་མཚོན་ཡང་ཕྱི་ནང་གི་རྐྱེན་སྣ་ཚོགས་ལས་ནང་གི་རང་བཙན་ཤོར་བའི་ཉེན་ཁ་ཧ་ཅང་ཆེ། རྒྱུ་མཚན་དེར་དགོངས་ནས་༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གིས་ནང་གི་རང་བཙན་ཤོར་རྒྱུའི་ཉེན་བརྡ་ལུང་བསྟན་གྱི་ཚུལ་དུ་བཀའ་སློབ་དང་ལམ་སྟོན་རབས་དང་རིམ་པར་གནངས་འདུག དཔེར་ན། ཕྱི་ལོ་ ༡༩༦༣ ནང་ངྷ་རམ་ས་ལར་འཚོགས་པའི་རིས་མེད་ཆོས་ལུགས་ཚོགས་ཆེན་སྟེང་དུ་གནངས་པའི་བོད་སྐད་ཡིག་སྐོར་གྱི་ལུང་བསྟན་ཁ་ཚ་དགོས་གཏུག་དེ་ལྟ་བུའོ།། 

 

དུས་དེར་བོད་གཞིས་པ་ལ་མཚོན་ན་གཞན་དབང་དུ་གྱུར་ཏེ་མི་འདོད་བཞིན་དུ་བོད་སྐད་ཡིག་རྩ་གཏོར་གྱི་ལས་འགུལ་ལ་ཚུད། བྱེས་པའི་བོད་ལ་མཚོན་ན་བོད་མི་ཕལ་མོ་ཆེས་ནང་གི་རང་བཙན་གྱི་སྲོག་རྟེན་བོད་སྐད་ཡིག་གི་ནོར་ཉམས་མ་ཆོད་པའི་ངང་ཚུལ་སྐྱོ་བོ་བྱུང་འདུག ཡང་ཅིག་བསམ་ན། བྱེས་པ་ཚོས་ཕྱིའི་རང་བཙན་ཉེ་བར་མཁོ་བའི་འདུ་ཤེས་ཟབ་དྲགས་པས། ནང་གི་རང་བཙན་ལ་དེ་ཙམ་གྱི་ཐུགས་མཉམ་མ་བཞག་པའང་སྲིད། གཞིས་པ་བོད་ལ་མཚོན་ན་རིག་གནས་གསར་བརྗེ་སྟེ་བོད་ཀྱི་ནང་གི་རང་བཙན་རྩ་གཏོར་གྱི་ཡོ་ལང་འཁྲིགས་པ་དང་། མགོན་མེད་སྐྱབས་བྲལ་དང་འཆི་གསོན་མ་ངེས་པའི་ངང་ནས་སྡུག་བསྔལ་ཡ་ང་བ་མྱོང་བའི་དུས་ཤིག་ཏུ་གནས། དེ་འདྲའི་གནས་བབ་འོག་ཏུའང་སྐྱེས་ཆེན་རྣམ་དཔྱོད་ཅན་ཁ་ཅིག་གིས་ནང་གི་རང་བཙན་གྱི་སྲོག་རྟེན་བོད་ཡིག་ལ་མི་འཇིག་པའི་སྐྱབས་སྦྱིན་མྱོང་། ལོ་ཟླ་གང་ཡིན་གསལ་ཆ་མེད་ཀྱང་དར་ལུང་རྣ་ཡི་ཐོས་ཚུལ་ལ། ཨ་ཁུ་གསུང་རབ་རྒྱ་མཚོ་མཆོག་གིས་གཙོས་པའི་སྐྱེས་ཆེན་དམ་པ་འགས་མའོ་ཙེ་ཏུང་གི་བསམ་བློ་མཚོན་པའི་བརྩམས་ཆོས་པོད་འགའ་ཡོད་པ་བོད་ཡིག་ཏུ་བསྒྱུར་ཏེ། རྒྱ་ནག་དམར་ཕྱོགས་ཀྱི་མགོ་ཁྲིད་ཚོར་བོད་ཡིག་རྨོངས་དད་ཀྱི་དངོས་པོ་མིན་པ་དང་། བོད་ཡིག་གིས་༼རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གི་དགོངས་པ༽་ཡང་དག་པར་སྟོན་ནུས་པ་འགྲེལ་བཤད་བརྒྱབ་པས། རིག་གནས་གསར་བརྗེ་ཡི་མེ་ལྕེ་དགུང་དུ་འཕྱུར་ནས་བོད་ཡིག་གི་སྲོག་རྩ་གཅོད་ལ་ཉེ་ཡང་། རྒྱ་ནག་དམར་ཕྱོགས་པས་མའོ་ཙེ་ཏུང་གི་བསམ་བློ་སྟོན་པའི་བོད་ཡིག་གི་སྟེང་དུ་སྟ་གྲི་འཕྱར་མ་ཕོད། འདི་ལྟར་ཐབས་ལ་མཁས་ཤིང་རྣམ་དཔྱོད་ལྡན་པའི་སྐྱེས་ཆེན་ཚོས་བོད་ཡིག་མའོ་ཙེ་ཏུང་གི་བསམ་བློ་ཟེར་བའི་ལྕགས་ཁྲབ་འོག་ཏུ་གབ་པས། བོད་ཡིག་རྒྱ་སྟག་དམར་པོའི་མཆེ་སྡེར་བར་ནས་ཐར་བ་དང་ཚེ་སྲོག་གི་རྒྱུན་བསྲིངས། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་སྐྱེས་ཆེན་དག་གིས་ནང་གི་རང་བཙན་དང་དེའི་སྲོག་རྟེན་བོད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་བ་གཞག་ལ་ལམ་སྟོན་དང་སྣེ་འཁྲིད་བྱས། དེའི་འབྲས་བུ་ནི་བོད་མི་ཚོ་རྒྱའི་རིག་གནས་སུ་མ་ཐིམས་པར་བོད་རྒྱ་ཐ་དད་དུ་ཡོད་པ་ས་གསལ་ཐང་གོ་ཡིན། ཁོ་བོ་རྒྱ་མིར་མ་གྱུར་བ་དང་བོད་ཡིག་ཤེས་པ་འདིའང་དེ་ལས་མ་འདས། དེ་ལྟ་མོད་ཀྱང་། བོད་གཞིས་བྱེས་གཉིས་ན་ནང་གི་རང་བཙན་ལ་འཆི་རྐྱེན་སྣ་ཚོགས་ཤིག་ཡོད་པ་དང་། བོད་མི་ལ་ལའི་ངོས་ན་ཡལ་ལ་ཉེ་བ་དང་ལ་ལའི་ངོས་ན་སྔར་ནས་ཤི་ཟིན་འདུག བོད་སྐད་བོད་ཡིག་མི་ཤེས་པར་རྒྱ་ནག་གི་སྐད་ཡིག་དང་དབྱིན་ཇིའི་སྐད་ཡིག་ཏུ་ཐིམས་པའི་བོད་མི་གང་སར་མཐོང་རྒྱུ་ཡོད་པ་དང་། དེའི་ཉེར་ལེན་གྱིས་བོད་ཀྱི་རིག་གནས་དང་གོམས་གཤིས་ཀྱང་ཁོ་ཚོ་དང་རིང་དུ་གྱེས། ཉམ་རྒུད་ཀྱི་གནས་སྟངས་འདི་ལ་གཟིགས་ནས་གཞིས་པ་བོད་མི་མཁྱེན་དཔྱོད་ཅན་དང་ལྷག་བསམ་ཅན་ཁ་ཅིག་གིས་ནང་གི་རང་བཙན་དང་དེའི་སྲོག་རྟེན་བོད་སྐད་ཡིག་རྒྱུད་འཛིན་དང་གོང་འཕེལ་གྱི་ལས་འགུལ་རྒྱུན་མ་ཆད་པར་བརྩམས་དང་རྩོམ་བཞིན་འདུག

 

ད་ནི་བཙན་བྱོལ་བོད་ལ་རོབ་ཙམ་བལྟ་ན།  ཉེ་བའི་ལོ་ཤས་རིང་ནས་གཞིས་པ་བོད་མིས་ནང་གི་རང་བཙན་དང་དེའི་སྲོག་རྟེན་སྐྱོབ་པའི་ལས་འགུལ་གྱི་ཤུགས་རྐྱེན་བཙན་བྱོལ་དུ་རིམ་པར་མཆེད་པས། དེ་སྔོན་དང་བསྡུར་ན་བཙལ་བྱོལ་བ་ལ་ལའི་གོ་རྟོགས་སད་པ་དང་། ལ་ལ་སད་མ་སད་ཀྱི་གནས་སྐབས་ན་འདུག འདི་ནི་དགའ་བར་འོས་པའི་སྣང་ཚུལ་ཞིག་ཏུ་མཐོང་། དྲང་མོར་བཤད་ན། བཙན་བྱོལ་བོད་མིས་གཞིས་པ་བོད་དུ་གང་བྱེད་ཅི་འགྱུར་ལ་སྒུག་པ་ནི་སྒྱིད་ལུག་དང་འགན་འཁྲིའི་སེམས་མེད་པའི་སྣང་ཚུལ་ཞིག་ཡིན་པར་འདོད། ང་ཚོ་རང་ངོས་ནས་མ་འོངས་སྔོན་དཔག་གིས་ནང་གི་རང་བཙན་དང་དེའི་སྲོག་རྟེན་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ལྡོག་ཏུ་མེད། འོན་ཀྱང་ངས་བཙན་བྱོལ་བོད་དུ་དབུ་འཁྲིད་མཁྱེན་དཔྱོད་ཅན་མེད་པའམ་ནུས་ཤུགས་བཏོན་མྱོང་མི་འདུག་ཟེར་བ་མ་ཡིན། ནང་གི་རང་བཙན་དང་དེའི་སྲོག་རྟེན་འཛིན་པར་དོ་སྣང་དང་ཤུགས་མ་བསྐྱེད་ན་མཇུག་འབྲས་གང་དང་གང་འབྱུང་བ་གཟིགས་ནས། སྔོན་མའི་བཀའ་ཁྲི་མཁྱེན་རྒྱ་ཅན་བློ་བཟང་བསྟན་འཛིན་མཆོག་གིས་སྣག་ཐོག་ཁབ་གཙགས་ཀྱི་སྲིད་ཇུས་གསར་འཛུགས་དང་རྒྱུན་འཁྱོངས་བྱས། ཆེས་འབུར་དུ་ཐོན་པའི་དཔེར་མཚོན་ཞིག་ནི། སློབ་གྲྭ་ཁག་ཏུ་བོད་ཡིག་གི་ཤེས་ཡོན་སྲིད་ཇུས་ལག་ལེན་བྱུང་བ་དང་སྲོང་བཙན་དཔེ་སྟོན་སློབ་གྲྭ་བཙུགས་པ་འདི་གཉིས་ཡིན་པར་སེམས། འདི་ནི་རང་རེས་ངེས་པར་དུ་རྒྱུན་སྐྱོང་དགོས་པའི་དོན་ཆེན་ཞིག་ཏུ་འཁུམ།

 

ཡིན་ནའང་། བཙན་བྱོལ་བ་གང་མང་ཞིག་ནི་སེམས་ཚོར་ཙམ་གྱི་དབང་དུ་སོང་ནས་སོ་སོའི་ཆབ་སྲིད་ལངས་ཕྱོགས་དེ་ཡིན་མིན་དང་སྲིད་མིན་རྩོད་པའི་རྩེད་མོར་གཡེང་བ་མ་གཏོགས། རང་གི་ནུས་པས་ཀྱང་ལྕོགས་པ། འགྲུབ་ཀྱང་སླ་བའི་ནང་གི་རང་བཙན་དང་དེའི་སྲོག་རྟེན་བདག་གིར་འཛིན་པ་ལ་དོ་སྣང་དང་འབད་འབུང་མི་བྱེད་པར། དུས་རྟག་ཏུ་རང་བཙན་དང་དབུ་མའི་ལམ་གྱི་བར་ནས་ཕན་ཚུན་ཕྲག་དོག་དང་ཁ་འཐབ་ཀྱི་གཡུལ་བཤམས་པར་དགའ། མདོར་རྩ་བཤད་ན། རང་བཙན་པ་ཡིན་ནའང་འདྲ། དབུ་མའི་ལམ་པ་ཡིན་ནའང་འདྲ། ནང་གི་རང་བཙན་ནི་ཕྱོགས་གཉིས་ཀར་མེད་དུ་མི་རུང་བའི་སྲོག་རྩ་ཡིན། གལ་སྲིད་ང་རང་བཙན་པ་ཡིན་པས་ནང་གི་རང་བཙན་མི་དགོས་ཟེར་ན། ཁྱོད་ཀྱི་ཕྱིའི་རང་བཙན་ནི་སྲོག་རྟེན་མེད་པའི་རྡོ་སེང་གེ་ཞིག་ཡིན་པ་གོར་མ་ཆགས། གལ་སྲིད་ང་རང་དབུ་མའི་ལམ་པ་ཡིན་པས་ནང་གི་རང་བཙན་མི་དགོས་ཟེར་ན། ཁྱོད་ཀྱི་རང་སྲིད་རང་སྐྱོང་ནི་བླ་སྲོག་བྲལ་བའི་རྡོ་སེང་གེ་ཉག་ཅིག་ཡིན། ནང་གི་རང་བཙན་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་ལ་མ་བལྟོས་པར་བོད་མི་ཐུན་མོང་ལ་ཁྱབ་དགོས་སྙམ། གལ་སྲིད་བླ་སྲོག་ཏུ་གྱུར་བ་འདི་དོར་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་སམ་སྟོང་བསམ་ཁོ་ན་བཅངས་ཏེ། ལན་རེར་གནམ་ལ་འཕུར་གྲབས་དང་། ལན་རེར་ས་ལ་འཛུལ་གྲབས་བྱེད་ན། དེ་ནི་དགོད་ཡང་བྲོ་ལ་ངུ་ཡང་བྲོ་བའི་གནས་ཤིག་ལས་སྙིང་བོ་ཅི་ཡང་མེད།

 

འོ་ན། ནང་གི་རང་བཙན་གང་འདྲ་བྱས་ནས་ཐོབ་དགོས་ཤེ་ན། དང་པོ། བོད་ཡིག་མི་ཤེས་པ་དག་གིས་ཀ་ཁ་ནས་བརྩམས་ཏེ་འབྲི་ཀློག་སློབ་དགོས་པ་དང་། ཤེས་པ་དག་གིས་གོང་དུ་སྤེལ་ཏེ་སུམ་རྟགས་དག་གསུམ་གྱི་དག་ཆ་ལ་བྱང་ཚད་རན་པ་ཞིག་འོང་བ་བྱ་དགོས། གཉིས་པ། བོད་ཡིག་ཤེས་ཟིན་ན་ཉི་མ་རེ་ལ་དུས་ཚོད་ཕྲན་བུ་རེ་བཏང་ནས་བོད་ཡིག་གི་དཔེ་དེབ་སྣ་ཚོགས་བཀླགས་ཏེ་བོད་ཀྱི་རིག་གནས་ཀྱིས་རང་ཉིད་བརྒྱན་པ་དང་། དུས་རྒྱུན་བོད་ཡིག་གང་ཐུབ་བེད་སྤྱོད་དགོས། གསུམ་པ། བོད་གཞུང་ངམ་རྒྱུ་སྟོབས་ཅན་གྱི་གང་ཟག་སྒེར་བ་ཚོས་འགྲོ་གྲོན་བཏང་སྟེ་སྒྲ་སྒྱུར་གླིང་ཚད་ལྡན་ཞིག་འཛུགས་དགོས་པ་དང་། དུས་ཐོག་ཏུ་དེང་རབས་ཀྱི་ཤེས་བྱ་དང་བརྡ་འཕྲིན་སྣ་ཚོགས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ཏེ། བོད་མིས་བོད་ཡིག་ལ་རྟེན་ནས་འཛམ་གླིང་ལ་རྒྱུས་ལོན་དང་དེང་རབས་ཤེས་རིག་གི་འདོད་བློ་སྐོང་ཐུབ་པ་ཞིག་བྱ་དགོས།

 

གཞུང་དམངས་གཉིས་ཆ་ནས་རང་ནུས་ཅི་ལྕོགས་ཀྱིས་ཤུགས་རེ་བཏོན་ན། ནང་གི་རང་བཙན་ནི་རིང་ས་ན་མེད་པར་ཉེ་ས་ན་ཡོད་པས། དེ་ཐོབ་ན་བོད་ཀྱི་སྲོག་རྩ་བརྟན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་ཡང་དེའི་མངོན་འདོད་ཀྱི་ཕྱེད་ཀ་གྲུབ་པ་ཡིན། དེ་ལས་ལྡོག་ན། བོད་རང་བཙན་དང་རང་སྲིད་རང་སྐྱོང་ནི་ཆབ་སྲིད་ཀྱི་སྟོང་བསམ་ལས་གྲུབ་པའི་རྡོ་སེང་གེ་ཙམ་མོ།།     

 

ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༡ ཉིན་རང་ཤག་ཏུ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 10

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    <མཇུག་མཐའི་སློབ་ཐུན་གཅིག>དེ་ཡང། བཙན་བྱོལ་བའི་བོད་ཡིག་སློབ་དེབ་ནང་ནས་ཕྱིར་འབུད་བཏང་སོང། དེ་ནི་ཕྱི་གླིང་བའི་བརྩམས་སྒྲུང་ཡིན་པས་ཟེར། ང་ཚོའི་དཔལ་འབྱོར་ཕྱི་གླིང་བར་བརྟེན་ཡོད། ང་ཚོའི་རིག་གཞུང་འདི་རིགས་ཕྱི་གླིང་ནས་བླངས་ཡོད། ང་རང་ཚོ་ཕྱི་གླིང་ཀུན་ཏུ་རྒྱུ་བཞིན་ཡོད།
    ང་ཚོའི་ནང་སྲོག་གི་སྐད་ཡིག་འདི<མཇུག་མཐའི་སློབ་ཐུན་གཅིག>གི་ཚད་ལ་ལྷུང་གིན་འདུག ང་ཚོར་དགེ་རྒན་ཧན་མེར་དང་སློབ་བུ་ཧྥོ་ལང་ཧྲི་ལྟ་བུ་ག་ཚོད་ཡོད་དམ། རང་ཉིད་བཙོན་ཁང་ལས་ཐར་བའི་ལྡེ་མིག་དེ་གང་ན་ཡོད་དམ། ང་ཚོས་རྡུང་ཐུབ་བམ།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཚེ་རྡོ་ལགས་ཀྱིས་གསལ་འགྲེལ་གནང་བར་ཐུགས་རྗེ་ཆེ།
    འོན་ཀྱང་ངའི་གོ་རྟོགས་དམན་དྲག་པ་ཡིན་ནམ། ཡང་ན་ ཁྱེད་ཀྱིས་བརྗོད་དོན་ཟབ་དྲག་པ་གང་ཡིན་མི་ཤེས་མོད། གང་ལྟར་ཕྱི་ནང་གཉིས་ཀྱི་རང་བཙན་ནི་གཟུགས་དང་སྲོག་ལྟ་བུ་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པ་གོར་མ་ཆག། འོན་ཀྱང་ནང་གི་སྲོག་འཚོ་བར་སྔོན་ལ་ཕྱིའི་གཟུགས་པོ་བདེ་ཐང་ཡིན་དགོས་ལ་ཕྱིའི་གཟུགས་པོ་བདེ་ཐང་མེད་པར་ནད་གཅོང་ཡིན་ན་ནང་གི་སྲོག་འཚོ་བར་ཁག་པོ་བྱས་པ་མ་རེད་པས། བྱས་ཙང་ཕྱིའི་འཁོར་ཡུག་གི་ཤུགས་རྐྱེན་ནི་ལྡོག་ཏུ་མེད་པའི་རང་བཞིན་ཞིག་རེད། དེས་ན་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ལ་ཆ་མཚོན་ན་རང་ནུས་གང་ལྕོགས་བྱས་ཀྱང་འཁོར་ཡུག་གི་ཤུགས་རྐྱེན་དང་གཞན་དབང་སྟབས་བསྟུན་ཁོ་ནས་ཧ་ཅང་དཀའ་བའི་གནས་རེད། དེ་དེ་བཞིན་བོད་ནང་ལ་ནི་འཁོར་ཡུག་གི་ཤུགས་རྐྱེན་ངན་ལ་བཙན་དབང་གི་འོག་ནས་དེ་བས་ཀྱང་དཀའ་བ་རེད། དེ་ལྟ་བས་ན་ཕྱིའི་འཁོར་ཡུག་ས་ཁོངས་རང་བཙན་གཙང་མ་ཞིག་མེད་ན་ནང་གི་རིག་གནས་རང་བཙན་ཞིག་ག་རེ་བྱས་ཀྱང་དཀའ་བ་མ་ཡིན་ནམ། ད་དུང་བཙན་བྱོལ་ཚང་གིས་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལྷག་མཉམ་སྐྱིད་སྡུག་མཉམ་མྱོང་བྱ་འདོད་ཡོད་ཙང་དེ་བས་ཀྱང་ནང་གི་རིག་གནས་རང་བཙན་ནི་ཕར་ཟད་རེད་ལ་བོད་མི་རིགས་ནི་གྲངས་ཉུང་མི་རིགས་རེད་ལ་རྒྱ་རོ་དུང་ཕྱུར་བཅུ་གསུམ་ལྷག་ནང་ཐིམས་རྒྱུ་ནི་གདོན་མི་ཟའོ།

    Reply
  3. ལུང་རྟོགས། says:
    ལོ་ 13 སྔོན།

    ངོ་མ་དུས་ཐོག་ཆར་པ་ལྟ་བུའི་རྩོམ་ཡིག་ཅིག་སྤེལ་འདུག རྗེས་སུ་ཡི་རང་ཡོད། བཙན་བྱོལ་བོད་མི་ཚོར་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབས་བྱེད་རྒྱུའི་ནུས་པ་དང་རང་དབང་ཡོད་བཞིན་དུ། དེ་ལ་མི་བརྩོན་པར་རྒྱ་མིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཉམ་ཆག་བཏངས་སོང་ཞེས་སྡུག་སྐད་ཅིག་པུ་རྒྱབ་སྡད་ན་ཕན་ཐོག་ཅི་ཡོད།

    Reply
  4. ཀེ་ཏ་ཀ says:
    ལོ་ 13 སྔོན།

    ལངས་ཕྱོགས་བར་འཐབ་རྩོད་བྱས་ནས་རྩ་དོན་བརྗེད་པ་ནི་ཡག་པོ་མ་རེད། ཡིན་ནའང་ལངས་ཕྱོགས་ཀྱི་ས་མཚམས་གསལ་འབྱེད་མ་བྱས་པས་རྡོ་སེང་གེ་ལྟར་འགྱུར་ངེས་ཀྱི་ཉེན་ཁ་ཡོད་པ་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ནས་གསལ་མཁྱེན་ཡོང་གི་རེད། ལྷག་དོན་དུ་ནང་གི་དོན་ལྔ་སྣོད་དྲུག་ནད་ཀྱིས་བཟུང་ཚར་བའི་ཕྱི་ཉིན་ནས་ཕྱི་ཡི་ཤ་མདོག་ཉམས་འགྱུར་སོགས་དུས་ཚོད་ཀྱི་སྔ་ཕྱི་ཙམ་གཏོགས་ཤི་དགོས་པ་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཀྱང་ཡིན་སྟབས། ནང་གི་དོན་སྣོད་ནད་ཀྱིས་མི་ཟིན་པའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་དབུ་མའི་ལམ་བཟུང་བ་དེ་རྩོམ་འདིར་གསལ་བརྗོད་བྱས་མེད་པ་འདྲ། དེ་བཞིན་ཕྱི་དང་ནང་གི་རང་བཙན་ཟེར་བའི་མིང་འདོགས་སྟངས་ནི་ད་ལྟའི་བོད་ཀྱི་རྩ་དོན་སྒྲུབ་ཐབས་ནས་བྱས་ན་གླེན་པའི་ཐ་སྙད་གོང་ན་མེད་ཞིག་རེད། དེ་བས་ཀྱང་དབུ་མའི་ལམ་གྱི་དམིགས་ཡུལ་ལ་ནང་གི་རང་བཙན་གཏན་ནས་མི་ཟེར་ཞིང། དེའི་དམིགས་ཡུལ་བོད་མིའི་རང་ཡུལ་ནས་རང་དབང་གིས་སྒྲུབ་ཐུབ་པ་བྱུང་མཚམས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལན་གྱིས་ཁྲིམས་སྒྲིག་ཁག་གི་འབྲུ་དོན་ཐོག་གཏན་འབེབས་ཀྱིས་འདུག་དགོས་པ་གསལ་བོ་ཡིན་སྟབས། སུས་ལམ་དབུ་མའི་སྒྲུབ་བྱ་ལ་ནང་གི་རང་བཙན་ཞེས་འབོད་འོས་སམ། འབོད་ཐུབ་བམ།

    Reply
  5. ཚེ་རིང་རྡོ་རྗེ says:
    ལོ་ 13 སྔོན།

    གསེར་འབྲུག་སྡེར་ལྔ་ལགས།

    ངས་རང་གི་བསམ་ཚུལ་ལ་ནོར་འཁྲུལ་མེད་པའི་མཐའ་ནམ་ཡང་འགོག་མི་བཏུབ། ཡིན་ནའང་ངའི་བརྗོད་གཞིའི་སྙིང་བོ་ཁྱོད་ཀྱི་རྟོགས་མེད་པ་འདྲ། དེའི་ཕྱིར། འགྲེལ་བཤད་བསྐྱར་མ་ཞིག་བྱ་དགོས་བྱུང་།
    ཕྱིའི་རང་བཙན་དང་ནང་གི་རང་བཙན་ནི་གཅིག་ལ་གཅིག་རྟེན་ཡིན་པ་སྨྲས་མ་དགོས། འོན་ཀྱང་ད་ལྟའི་བོད་ཀྱི་གནས་སྟངས་ལ་སེམས་རྣལ་དུ་ཕབ་ནས་བསམ་གཞིགས་རེ་བྱས་ན། རང་གི་ནུས་པས་ཀྱང་ལྕོགས་ལ་འགྲུབ་ཀྱང་སླ་བའི་ནང་གི་རང་བཙན་དེ་རང་ལག་ནས་མ་ཤོར་ན། རང་བཙན་གྱི་ཕྱེད་ཀ་གྲུབ་པ་དང་དེ་ནི་ཅིག་ཤོས་དེའི་སྲོག་རྩ་ཆགས་པ་ངས་གསལ་བོར་བཤད་ཟིན། འདི་གནད་འགག་ཡིན།
    རབ་ཏུ་བྱུང་ནའམ། བོད་མི་ཚོར་སྟོབས་ཤུགས་ཀྱིས་འདང་ན་ཕྱིའི་རང་བཙན་ལེན་པའི་དུས་ཚོད་རན་པའི་མི་ཚད་འཕྱི་དྲགས་པའི་ཚོད་ན་འདུག འོན་ཀྱང་ཕྱིའི་རང་བཙན་ལ་སྐད་འབོད་དང་རེ་སྒུག་གི་ངང་ནས་ནང་གི་རང་བཙན་ཤོར་ལ་ཉེ་བ་མ་གཟིགས་སམ། གལ་སྲིད་ཕྱི་ནང་གི་རང་བཙན་གཉིས་ཆ་ཤོར་ན་ཅི་འབྱུང་ངམ། དེ་ནི་བོད་མི་ཕལ་ཆེར་གྱིས་སེམས་ཁྲལ་བྱེད་ས་དང་རྒྱ་ནག་དམར་ཕྱོགས་གཞུང་གི་འདོད་ཐོག་རྟ་རྒྱུག་ཡིན་པ་ཨེ་མཁྱེན་ཨང་།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཚེ་རྡོ་ལགས་ལ་དྲི་བ་ཞིག་ཡོད།
    ཕྱིའི་ས་ཁོངས་རང་བཙན་འཁོར་ཡུག་གི་སྲོག་རྟེན་དེ་མེད་ན་ནང་གི་རིག་གནས་རང་བཙན་དེ་འཐོབ་སྲིད་དམ།? དེ་གཉིས་ག་རེ་གལ་ཆེར་འཛིན་གྱི་ཡོད་དམ།? དཔེར་ན་ང་ཚོ་བཙན་བྱོལ་ལ་ཆ་བཞོག། ཕྱིའི་ས་ཁོངས་རང་བཙན་གྱི་འཁོར་ཡུག་སྲོག་རྟེན་དེ་མེད་ཙང་རང་བཞིན་གྱིས་ནང་གི་རིག་གནས་རང་བཙན་དེ་དཀའ་ངལ་གྱི་གནས་སུ་ལྷུངས་སྡད་ཡོད་པ་རེད། བྱས་ཙང་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་སོང་བའི་ཕྱིའི་ས་ཁོངས་རང་བཙན་ཅི་ཡིན་འདི་ཡིན་མེད་པའི་ཇིའུ་མི་རིགས་ཀྱང་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ཕྱིའི་ས་ཁོངས་རང་བཙན་གྱི་འཁོར་ཡུག་དེ་ཐོབ་ནས་ད་ཆ་དམངས གཙོ་དང་རང་དབང་འགྲོ་བ་མིའི་ལྷན་སྐྱེས་ཀྱི་འཐོབ་ཐང་ལོངས་སུ་སྤྱད་དང་སྤྱོད་བཞིན་པ་རེད། ད་དུང་ནང་གི་རིག་གནས་རང་བཙན་རྩ་ཐོར་དུ་སོང་བའི་རྒྱལ་ཁབ་ཆུང་ཆུང་ཞིག་ཕྱིའི་འཁོར་ཡུག་ས་ཁོངས་རང་བཙན་ཐོབ་ནས་རང་དབང་དང་བདེ་སྐྱིད་ལ་ལོངས་སུ་སྤྱོད་བཞིན་ཡོད་པ་ཞིག་ཁྲི་གསར་ཚང་ལ་དྲིས་དང་ཁོང་གིས་སྙན་མོ་ཞིག་གསུང་རྒྱུ་འདུག།

    Reply
  7. རི་བོང། says:
    ལོ་ 13 སྔོན།

    གནད་དུ་ཐིངས་པའི་རྩོམ་ཡིག་ཅིག་དངོས་གནས་ཐུགས་རྗེ་ཆེ། འདི་ལྟ་བུ་བྲིས་ན་དགེ་ཕན་འདུག གཞན་ང་ཡག་རབས་དང་ཁྱོད་སྡུག་རབས་རྐྱང་བཤད་ན་དྲ་ངོས་ལ་རྫོབ་བསྐྱལ་བ་ལས་མི་འདུག

    Reply
  8. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བརྗོད་བྱ་ཁ་གསལ་གོ་བདེ།
    བརྗོད་བྱེད་ཚིག་སྦྱོར་སྙན་པ།
    བརྗོད་དོན་དུས་དང་མཚམས་པ།
    ཚེ་རིང་རྡོ་རྗེར་ཐུགས་རྗེ།

    Reply
  9. བུ་ཡུག says:
    ལོ་ 13 སྔོན།

    རང་མི་རིགས་ལ་ཤ་ཚ་ཞིང་སྙིང་་ཉེ་བའི་ཚེ་རྡོར་ལགས་ལ་སེམས་གཏིང་ནས་གུས་འདུལ་ཞུ།

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    གྲོགས་རྡོར་ཚེ་ཡི་གནད་ལ་སྨིན་པའི་རྩོམ་ཡིག་འདི་མཐོང་བས་ཧ་ཅང་དགའ་བོ་བྱུང་། ཁྱོད་ཀྱིས་ནང་གི་རིག་གནས་རང་བཙན་ནམ་རྣམ་ཀུན་བོད་ཀྱི་བླ་ན་མེད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཞེས་པ་གཉིས་འབབ་ས་གཅིག་རེད་དེ། ཁྱོད་ཀྱི་བསམ་ཚུལ་འདི་ལྟར་ངོས་ཟིན་ཐོབ་ཡོད་མཁན་ཤིན་ཏུ་ཉུང་ཉུང་རེད། ཁྱོད་ཀྱིས་འདི་ལྟར་གོ་བདེ་ལ་གནད་དུ་སྨིན་པའི་བསམ་ཚུལ་འདིས་དངོས་གནས་ཡིད་དབང་འཕྲོག་སོང་། ང་ཚོ་ལ་ཡོད་པ་དབྱངས་གསལ་སོ་བཞི་དང་དེའི་སྦྱོར་བ་ལས་གཞན་དུ་མེད་པས། འདི་ཉིད་སྲུང་སྐྱོབ་དང་དར་སྤེལ། ལག་ལེན་དང་བྱང་གོམས་ལ་གཏོང་རྒྱུ་ལས་བོད་ཀྱི་རྩ་དོན་ལ་བསམ་བློ་གཏོང་སྟངས་ཤིག་དང་ལས་འགུལ་སྤེལ་སྟངས་ཤིག་མེད་པ་རེད་དེ། དེང་སང་མང་པོ་ཞིག་གིས་དར་ཆ་བཟུང་ནས་མ་བརྒྱུགས་ན་བོད་དོན་བསམ་གི་མེད་པ་དང་། བོད་ཀྱི་ལ་རྒྱ་འཛིན་གྱི་མེད་པའི་ལྟ་ཚུལ་ཞིག་མཐོ་དམན་ཀུན་ལ་ཡོད་པ་མ་ཟད། རང་གི་རིག་གནས་འཛིན་རྒྱུ་དང་སྐྱོབ་རྒྱུ་སྤེལ་རྒྱུ་འདི་ལས་དོན་ཕལ་བ་ཞིག་ལ་ངོས་འཛིན་པ་ནི་དོན་གནད་ཀྱི་དོན་པོ་ངོས་མི་ཟིན་པའི་རིགས་རེད། བཙན་བྱོལ་མཐོ་རིམ་ལས་སྣ་དག་གི་ནང་དུའང་སྣང་ཚུལ་འདི་ཤིན་ཏུ་མང་བས་ཐབས་སྐྱོ་བ་རང་རེད། ད་དུང་ཁྱོད་ཀྱི་བསམ་ཚུལ་འདི་”འོ་ན། ནང་གི་རང་བཙན་གང་འདྲ་བྱས་ནས་ཐོབ་དགོས་ཤེ་ན། དང་པོ། བོད་ཡིག་མི་ཤེས་པ་དག་གིས་ཀ་ཁ་ནས་བརྩམས་ཏེ་འབྲི་ཀློག་སློབ་དགོས་པ་དང་། ཤེས་པ་དག་གིས་གོང་དུ་སྤེལ་ཏེ་སུམ་རྟགས་དག་གསུམ་གྱི་དག་ཆ་ལ་བྱང་ཚད་རན་པ་ཞིག་འོང་བ་བྱ་དགོས། གཉིས་པ། བོད་ཡིག་ཤེས་ཟིན་ན་ཉི་མ་རེ་ལ་དུས་ཚོད་ཕྲན་བུ་རེ་བཏང་ནས་བོད་ཡིག་གི་དཔེ་དེབ་སྣ་ཚོགས་བཀླགས་ཏེ་བོད་ཀྱི་རིག་གནས་ཀྱིས་རང་ཉིད་བརྒྱན་པ་དང་། དུས་རྒྱུན་བོད་ཡིག་གང་ཐུབ་བེད་སྤྱོད་དགོས། གསུམ་པ། བོད་གཞུང་ངམ་རྒྱུ་སྟོབས་ཅན་གྱི་གང་ཟག་སྒེར་བ་ཚོས་འགྲོ་གྲོན་བཏང་སྟེ་སྒྲ་སྒྱུར་གླིང་ཚད་ལྡན་ཞིག་འཛུགས་དགོས་པ་དང་། དུས་ཐོག་ཏུ་དེང་རབས་ཀྱི་ཤེས་བྱ་དང་བརྡ་འཕྲིན་སྣ་ཚོགས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ཏེ། བོད་མིས་བོད་ཡིག་ལ་རྟེན་ནས་འཛམ་གླིང་ལ་རྒྱུས་ལོན་དང་དེང་རབས་ཤེས་རིག་གི་འདོད་བློ་སྐོང་ཐུབ་པ་ཞིག་བྱ་དགོས།

    གཞུང་དམངས་གཉིས་ཆ་ནས་རང་ནུས་ཅི་ལྕོགས་ཀྱིས་ཤུགས་རེ་བཏོན་ན། ནང་གི་རང་བཙན་ནི་རིང་ས་ན་མེད་པར་ཉེ་ས་ན་ཡོད་པས། དེ་ཐོབ་ན་བོད་ཀྱི་སྲོག་རྩ་བརྟན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡིན་ཡང་དེའི་མངོན་འདོད་ཀྱི་ཕྱེད་ཀ་གྲུབ་པ་ཡིན། དེ་ལས་ལྡོག་ན། བོད་རང་བཙན་དང་རང་སྲིད་རང་སྐྱོང་ནི་ཆབ་སྲིད་ཀྱི་སྟོང་བསམ་ལས་གྲུབ་པའི་རྡོ་སེང་གེ་ཙམ་མོ།། “ཞེས་པ་འདི་ནི་དངོས་གནས་ཆེན་པོ་མཐོན་པོ་དག་གིས་མཐོང་དགོས་པ་དང་ཉམས་འཇོག་དགོས་པའི་གནད་ཀྱི་དོན་པོ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese