རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གར་གཞུང་ཚབ་ཁང་བསྐྱར་འཛུགས་གནང་རྒྱུ་དང་ལེན་བྱས་མི་འདུག
ལོ་སྔོན་མར་རྒྱ་གཞུང་གིས་རྒྱ་གར་གྲོང་ཁྱེར་ཅེ་ནེའུ་ནང་གཞུང་ཚབ་ཁང་འཛུགས་རྒྱུའི་རེ་སྐུལ་ཞུས་ལན་དུ། རྒྱ་གར་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་ཚབ་ཁང་བསྐྱར་འཛུགས་ཀྱི་རེ་བ་བཏོན་ཡོད་ཀྱང་། ཉེ་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གར་གཞུང་ཚབ་ཁང་བསྐྱར་འཛུགས་ཀྱི་རེ་འདུན་དང་ལེན་མ་བྱས་པར། གལ་སྲིད་རྒྱ་གར་གྱིས་རྒྱ་ནག་ལྷོ་ནུབ་ཁུལ་དུ་གཞུང་ཚབ་ཁང་འཛུགས་འདུན་ཡོད་ཚེ། ཁྲིན་ཏུའུ་དང་ཁུང་མཱེན་གཉིས་བདམས་ཆོག་སྐོར་བརྗོད་ཡོད་པ་དང་། རྒྱ་གཞུང་གི་འདོད་འདུན་དེར་རྒྱ་གར་ཕྱོགས་ནས་ངོས་ལེན་བྱ་རྒྱུ་མིན་པའི་རྣམ་འགྱུར་བསྟན་འདུག
འདི་ལོའི་ཕྱི་ཟླ་ ༧ ཟླ་མགོར་རྒྱ་གཞུང་གིས་རྒྱ་ནག་ཏུ་གནས་སྡོད་རྒྱ་གར་གཞུང་ཚབ་ཇའེ་ཤིན་ཁར་(Dr. S. Jaishankar) ལགས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གདན་ཞུ་གཟིགས་སྐོར་བྱས་ཡོད་པ་དང་། དེ་ནི་འདས་པའི་ལོ་བཅུ་གྲངས་ལྷག་གི་རིང་ལྷ་སར་ཕེབས་མཁན་རྒྱ་གར་གྱི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་སྟབས། བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གར་གཞུང་ཚབ་ཁང་བསྐྱར་འཛུགས་ཐུབ་རྒྱུར་རེ་བ་གསར་བ་ཞིག་ལ་ངོས་འཛིན་བྱས་ཡོད་ཀྱང་། ཉེ་བའི་རྒྱ་གཞུང་གི་རྣམ་འགྱུར་དེས་རེ་བ་ཆུང་དུ་ཕྱིན་ཡོད་འདུག
ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་ནག་གཉིས་བར་བོད་དང་རྒྱ་གར་མཐའ་མཚམས་ཁུལ་དུ་འཁྲུག་ཟིང་བྱུང་རྗེས། བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་སྒོ་རྒྱག་དགོས་ཆགས་ཡོད་པ་རེད། ༢༠༡༡ ལོར་རྒྱ་གཞུང་གིས་རྒྱ་གར་གྱི་མཚོ་འདབས་གྲུ་ཁ་ཆེ་ཤོས་ཨང་གཉིས་པ་ཡིན་པའི་གྲོང་ཁྱེར་ཅེ་ནེའུ་(Chennai)ནང་གཞུང་ཚབ་ཁང་འཛུགས་རྒྱུའི་རེ་འདུན་བཏོན་པའི་ལན་དུ། རྒྱ་གར་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གར་གཞུང་ཚབ་ཁང་བསྐྱར་འཛུགས་ཀྱི་རེ་འདུན་བཏོན་པ་ཞིག་ཡིན་འདུག
རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་འཛུགས་རྒྱུར་བཀག་སྡོམ་བྱེད་ཀྱིན་ཡོད་ལ། ༢༠༠༨ ཕྱི་ཟླ་ ༦ པའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་མ་དངུལ་ཨ་སྒོར་ཁྲི་ ༥༠༠ བཏང་སྟེ། ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་རྒྱུའི་རེ་འདུན་བཏོན་ཡང་རྒྱ་གཞུང་གིས་ངོས་ལེན་བྱས་མེད་པ་རེད།
ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བལ་ཡུལ་གྱི་གཞུང་ཚབ་ཁང་མ་གཏོགས། ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གཅིག་ཀྱང་བཙུགས་ཐུབ་མེད་པ་རེད།