དེ་རིང་རྒྱ་གཞུང་གིས་ཚོགས་ཞུགས་འཐུས་མི་ ༢༢༧༠ གསལ་བསྒྲགས་བྱས་པ་དེ་ནི། དཔོན་རིགས་གསར་འདེམས་ཐད་དམར་ཤོག་ནང་ཁུལ་གཅིག་གྱུར་བྱུང་བའི་རྣམ་འགྱུར་ཞིག་རེད་ཟེར།
དེ་རིང་ཕྱི་ཚེས་ ༡༤ ཉིན། རྒྱ་གཞུང་དམར་ཤོག་དབུས་གཞུང་དྲིལ་བསྒྲགས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ། རྒྱ་གཞུང་སྐབས་ ༡༨ པའི་དམར་ཤོག་ཚོགས་ཆེན་གྱི་འཐུས་མི་བསྐོ་འཐེན་གྱི་ལས་དོན་དེ། ལོ་སྔོན་མའི་ཕྱི་ཟླ་ ༡༠ ནས་མགོ་འཛུགས་ཀྱིས་འདི་ལོའི་ཕྱི་ ༧ ནང་མཇུག་སྒྲིལ་ཞིང་། ཚོགས་འདུའི་ཐོག་དངོས་སུ་ཞུགས་མཁན་འཐུས་མི་ ༢༢༧༠ ཡོད་པའི་མིང་དང་གནས་རིམ་སོགས་ཕྱིར་བསྒྲགས་འདུག
གསལ་བསྒྲགས་སྐབས་གསར་འགོད་པས་སྔར་གྱི་རྒྱུན་ལས་མི་ ༩ དེ་ ༧ ལ་ཉུང་འཕྲི་བྱས་ཡོད་མེད་དྲིས་པར། རྒྱ་གཞུང་དབུས་རྩ་འཛུགས་སྡེ་ཁག་གི་མགོ་གཙོ་གཞོན་པ་ཝང་ཅིན་ཆཱིན་གྱིས། སྐབས་རྗེས་མའི་རྒྱ་ནག་དབུས་ཁྱབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་ག་ཚོད་ཀྱིས་གྲུབ་ཡོད་མེད་ཤེས་རྟོགས་མེད་ལུགས་དང་། དེ་བཞིན། སྐབས་བཅོ་བརྒྱད་པའི་ཚོགས་འདུ་དེ་འདི་ལོའི་ལོ་མཇུག་ཙམ་ལ་འཚོགས་རྒྱུ་སྐོར་ཙམ་ལས། ཞིབ་ཕྲའི་དུས་ཚོད་ཀྱང་གསལ་ཁ་བཏོན་མེད་པ་རེད།
ཆབ་སྲིད་དབྱེ་ཞིབ་པ་དག་གིས། ཉེ་ཆར་པའེ་ཏའེ་ཧི་རུ་རྒྱ་ནག་མཐོ་རིམ་གནད་ཡོད་དཔོན་རིགས་ཚོས་གསང་བའི་ཐོག་ནང་མོལ་བྱེད་ཀྱིན་ཡོད་པ་ལྟར། རྒྱ་གཞུང་དྲིལ་བསྒྲགས་ཁང་གི་གསལ་བསྒྲགས་འདི་ནི། ཤོག་ཁག་ཕན་ཚུན་བར་དབང་ཤུགས་འཐབ་རྩོད་བརྒྱུད་ནང་ཁུལ་གཅིག་གྱུར་ཐག་གཅོད་བྱུང་བའི་རྣམ་འགྱུར་ཞིག་ལ་ངོས་འཛིན་བྱ་བཞིན་འདུག