ཉེ་ལམ་རྒྱ་ནག་གཞུང་གིས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ་ཚོང་ལས་གཉེར་བཞིན་པའི་བོད་མི་ཚེ་རིང་དབང་རྒྱལ་ཞུ་བ། འདི་ལོའི་ཕྱི་ཟླ་ ༣ པའི་འབའ་རྫོང་གི་ཞི་རྒོལ་སྐབས་འཛིན་བཟུང་བྱས་ཏེ་ཉིན་འགའི་རིང་བཀག་ཉར་འདྲི་བརྩད་བྱས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། ཉེ་ལམ་ཁོང་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མེད་པར་ལྷག་ཡོད་འདུག་ལ། དེ་བཞིན། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༥ ཉིན་གྱི་ལས་འགུལ་སྐབས་ཉེན་རྟོག་པས་མི་མང་ཁྲོད་འབར་རྫས་གཡུག་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་བོད་མི་རྒྱ་རིགས་ཐར་ལགས། ཟླ་ ༥ རིང་རྒྱ་གཞུང་གིས་དམ་དྲག་འོག་སྨན་བཅོས་བྱས་ཡོད་ཀྱང་། ཉེ་ལམ་ཁོང་གི་གཟུགས་པོའི་གནས་སྟངས་ཇེ་སྡུག་ཏུ་སོང་སྟེ་ཛ་དྲག་གི་གནས་སུ་ལྷུང་སྟབས། ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁོང་ལ་རྨས་སྐྱོན་ཚབ་ཆེན་བཟོས་པའི་གྱོད་གཞི་ཐག་གཅོད་ཆེད་རྒྱ་སྒོར་ཁྲི་ ༢༥ དང་། རྨི་གྲུ་བཞི་མ་ ༡༢༠ ཡོད་པའི་ཁང་པ་ཞིག་སྤྲད་ཡོད་པ་དང་། ད་དུང་ཁོང་གི་སྨན་བཅོས་ཀྱི་འགྲོ་སོང་ཆ་ཚང་གཏོང་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།