རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་སེ་རི་ཡའི་གནད་དོན་སྐོར་ལ་གྲོས་བསྡུར་བྱས་པའི་ཉིན་གཉིས་པར།རཱ་ཤི་ཡས་སེ་རི་ཡའི་གཞུང་ལ་འཕྲད་དུ་ཟིང་འཁྲུག་མཚམས་འཇོག་དགོས་པའི་སྐུལ་འདེད་བྱས་ཡོད་འདུག
ཁ་སངས་ཕྱི་ཚེས་༣༡ཉིན་རཱ་ཤི་ཡའི་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ། འཕྲད་དུ་སེ་རི་ཡའི་ནང་གི་ཟིང་འཁྲུག་མཚམས་འཇོག་བྱ་དགོས་པའི་སྐུལ་འདེད་བྱས་ཡོད་འདུག་ལ། བསྒྲགས་གཏམ་ནང་སེ་རི་ཡའི་ནང་གི་ཟིང་འཁྲུག་དྲག་གནོན་འཕྲད་དུ་མཚམས་འཇོག་ཐོག མི་མང་གི་སྡུག་སྦྱོང་མཇུག་སྒྲིལ་རྒྱུར་ཆབ་སྲིད་ཀྱི་གནས་བབ་བརྟན་བརླིང་ཡོང་བའི་ལས་དོན་མགོ་འཛུགས་བྱ་དགོས་སྐོར་བཀོད་ཡོད་འདུག རཱ་ཤི་ཡའི་བསྒྲགས་གཏམ་དེ་ནི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་སེ་རི་ཡའི་ཛ་དྲག་གནད་བབ་ཐད་གྲོས་བསྡུར་བྱེད་མགོ་ཚུགས་པའི་ཉིན་གཉིས་པར་སྤེལ་ཡོད་པ་རེད།
ཕྱི་ཚེས་ ༣༠ ཉིན་གྱི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གྲོས་བསྡུར་སྐབས། ད་ཆར་སེ་རི་ཡའི་གནས་བབ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ་དང་། རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེ་རི་ཡའི་མང་ཚོགས་ཀྱི་སྡུག་སྦྱོང་དཀའ་ངལ་སེལ་ཕྱོགས་ཐད་གྲོས་བསྡུར་བྱས་ཡོད་འདུག རྒྱལ་ཚོགས་ཀྱིས་སྤེལ་པའི་གནས་ཚུལ་ལྟར་ན། སེ་རི་ཡའི་རྒྱལ་ཁོངས་ཟིང་འཁྲུག་གིས་རྐྱེན་པས་གཞི་རིམ་མང་ཚོགས་ས་ཡ་ ༢ དང་ཕྱེད་ཀ་ཙམ་ལ་དཀའ་ངལ་འཕྲད་བཞིན་པ་དང་། ཟིང་འཁྲུག་བྱུང་ཡུལ་ས་གནས་ཁག་གི་ཡུལ་མི་ས་ཡ་ ༡ ལྷག་སོ་སོའི་སྡོད་གནས་བཞག་སྟེ། ས་གནས་གཞན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་འགྲོ་བཞིན་ཡོད་འདུག
ཆབ་སྲིད་དཔྱད་བརྗོད་པ་ཚོས་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ནང་སེ་རི་ཡའི་གནད་དོན་སྐོར་ལ་གྲོས་བསྡུར་བྱེད་བཞིན་པའི་སྐབས་འདིར། རཱ་ཤི་ཡས་གོང་གི་བསྒྲགས་གཏམ་དེ་སྤེལ་བའི་རྒྱུ་མཚན་ནི། སེ་རི་ཡའི་གཞུང་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་ལས་གཡོལ་བར་ཐར་ལམ་སྟོན་གྱི་ཡོད་སྐོར་གླེང་། དེ་སྔོན་རྒྱ་ནག་དང་རཱ་ཤི་ཡ་གཉིས་སེ་རི་ཡའི་རྒྱབ་རྩར་ལངས་ཏེ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གྲོས་གཞི་རིམ་པ་གསུམ་ལ་ངོ་རྒོལ་གྱིས་འགོག་རྐྱེན་བཟོས་ཡོད།
སེ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་སྡེ་ཚན་གྱིས་སྤེལ་པ་ལྟར་ན། ༢༠༡༡ ལོའི་ཟླ་ ༣ ནང་སེ་རི་ཡའི་མི་མང་གིས་བྷ་ཤར་སྲིད་གཞུང་ལ་ངོ་རྒོལ་ཟིང་འཁྲུག་བྱུང་པ་ནས་ད་ལྟའི་བར་མི་ ༢༥༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།