རིག་འབྱུང་བློ་བཟང་ཆོས་འབྱོར།
བཙན་བྱོལ་བོད་མིའི་བྱུང་རབས་ལ་བལྟས་ཚེ་བོད་ནས་འབྱོར་མ་ཐག་འཛམ་གླིང་གི་གནས་ཚུལ་མ་མཐོང་བ་དང་། དུས་ཀྱི་འགྱུར་འགྲོས་དང་ལེན་བྱེད་འདོད་མེད་པ་ཅི་རིགས་ཀྱིས་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞིར་ལམ་དུ་ལྷོང་རྒྱུར་བར་ཆད་བྱས་ཡོད་ནའང་། བར་ཆད་དེ་དག་ལྷག་བསམ་རྨ་མེད་པ་ལས་བྱུང་བ་ཡིན་སྟབས་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་བྱུང་མེད་ཅེས་ན་མི་ཆོག་པ་མེད། ཡིན་ནའང་། བར་ལམ་ཞིག་ནས་བཙན་བྱོལ་ས་ཐོག་གི་སྡོད་སའི་གནས་དྲོ་ཟ་རྒྱུའི་ཟས་ཞིམ་སྟེ་གྲོད་ཁོག་ཅུང་ཙམ་རྒྱགས་ཤིང་། དཀའ་སྡུག་སྐྱོ་གདུང་གི་སྨྲེ་སྔགས་ཀྱང་རྣ་བར་སྒྲུང་གི་མཚུངས་ཟླར་གྱུར་སོང་བ་དང་མཉམ། རིམ་པར་མང་གཙོ་དང་ཆབ་སྲིད། ད་དུང་ཁྲིམས་དང་ཐོབ་ཐང་ཟེར་བ་སོགས་ཀྱི་ཚིག་འདི་རྣམས་གོ་ཡོང་སྐབས། བོད་མི་ཉུང་ཤས་ཤིག་གིས་སྔ་རྒྱུད་དར་རྒུད་ཀྱི་གནས་བབས་བརྗེད་སོང་བ་ལྟ་བུའམ། ཡང་ན་སུ་གང་ལའང་བསྟུན་མི་དགོས་པར་རང་ཉིད་ཀྱི་རང་ཤེད་མཁྲེགས་གཟུགས་ཀྱིས་འཛིན་རྒྱུར་དང་དོད་ཤིན་ཏུ་ཆེན་པོ་བྱས་ཤིང་། དེའི་ཆེད་དུ་ཕྱོགས་ཁག་བསྒྲིལ་ཏེ་བསམ་བཞིན་ཤེས་བཞིན་ཁྱད་གསོད་ཟུར་འབུད་ཀྱི་རྣམ་པ་ཤུགས་ཆེན་པོར་བསྟན་པས། རྒྱ་ནག་གཞུང་གི་ཆེས་མི་འདོད་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་གཞི་རྩའང་རྨ་ཁ་བཏོད་ཡོད་པ་རེད།
བསམ་ཕྱོགས་འདི་དག་ལ་ཆེད་མངགས་ཞིབ་འདེད་མཐའ་དཔྱོད་བྱས་པ་ཡིན་ན། བོད་སིལ་བར་འཐོར་རྗེས་ཀྱི་མི་ལོ་བརྒྱ་ཕྲག་འགའི་རང་ཤེད་བག་ཆགས་མུ་མཐུད་འཁྱོག་ལམ་དུ་སོང་བ་དང་། རྒྱ་སྐྱེད་རིང་ལུགས་ཀྱི་གཡའ་མ་དག་པའི་དབང་གིས་རྒྱུ་མཚན་ཚད་ལྡན་ས་ཆེན་པོ་དང་གནམ་སྔོན་པོ་ལྟར་མདུན་དུ་བསྟར་ཡང་། བྱས་པར་གོམས་པའི་བློའི་རྨོངས་མུན་གྱི་འཐོམ་ལས་མ་གྲོལ་བ་ནི་ཕལ་ཆེར་ཐག་བཅད་ཆོག་པ་ཞིག་རེད་འདོད།
བོད་ཀྱི་ཉེ་བའི་བཞུད་ལམ་ཀྱག་ཀྱོག་ལ་བལྟས་པ་ཡིན་ན། ༧གོང་ས་ཆེན་པོ་ན་རིམ་དང་ལྷག་པར་༧བཅུ་བཞི་པ་ཆེན་པོ་མེད་ན་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མ་སྒྲུབ་པའི་རླབས་ཆེན་དབུ་ཁྲིད་ཅིག་དུས་འགྱུར་རླུང་འཚུབ་ ཀྱིས་ཡུལ་བྱོལ་བྱེད་དགོས་པའི་སྐབས་སུ་ཡོང་རེ་མེད་པ་གསལ་བོ་ཡིན་ནའང་། རྒྱ་སྡེ་བོད་སྡེར་ཞེན་པའི་སྐུ་དྲག་འཁྱོག་མིག་ཅན་རེ་འགའ་མ་བྱུང་མིན་ལ། བྱུང་རབས་དེབ་ཐེར་དུ་གསལ་བ་ལྟར་མང་གཙོའི་ལམ་ལུགས་དབུ་བརྙེས་དུས་༧གོང་ས་ཆེན་པོར་ཅི་ཙམ་དཀའ་ངལ་འཕྲད་པ་དག་ནི་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད།
འདི་ལྟར་འགལ་ཟླའི་རྣམ་འགྱུར་ཐོན་སྐབས་ལུས་ངག་ཡིད་གསུམ་༧གོང་ས་ཆེན་པོའི་རླབས་ཆེན་ལམ་སྟོན་འོག་འགྲོ་མཁན་མེད་པ་མིན་ཡང་། འགྲོ་མ་ཤེས་པ་དང་། འགྲོ་རྒྱུའི་གནས་ཚད་མ་འདང་བ། ཤེས་བཞིན་མ་སོང་བ་སོགས་ཀྱིས་བོད་ནང་ལས་ཀྱང་ཕྱི་རུ་འཚར་ལོངས་བྱུང་བའི་མི་རབས་གསར་བའི་ཁྲོད་ཕྱོགས་འཐེན་གྱི་དྲི་མ་ཧ་ཅང་ངན་པ་བགས་འདུག རྩ་དོན་སྒྲུབ་ཀྱིན་སྒྲུབ་ཀྱིན་རྩ་དོན་སྒྲུབ་པར་ཁ་བསྙད་ཀྱིན་བསྙད་ཀྱིན་ང་ཚོ་བོད་མིའི་ནང་ཁུལ་ལ་མི་དགོས་པའི་རྣམ་འགྱུར་འདི་རིགས་ད་དུང་ཡང་གནམ་མཁའ་གཡའ་དྭགས་པ་ལྟར་སེལ་ཐུབ་མེད་པ་ཧ་ཅང་གསལ་བོ་རེད། དེང་གི་དུས་ན་དེ་བས་ཀྱང་འཇིགས་སྐྲག་ཞེད་སྣང་ཡོང་གཞི་ཞིག་ནི། སྔ་མོའི་མ་ཤེས་རྨོངས་པ་དང་རྣམ་རྟོག་གི་གཞན་དབང་ནས་ཐོན་པའི་འགལ་ཟླ་འདི་རིགས་ད་ནི་བསམ་བཞིན། ༧གོང་ས་ཆེན་པོའི་རླབས་ཆེན་མཛད་འཕྲིན་དང་རང་རེའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་རྒྱུའི་རྣམ་འགྱུར་ཐོན་གྱིན་ཡོད།
ང་ཚོས་ཐད་ཀར་བལྟས་ན། སྒྲིག་འཛུགས་ཤིག་ལ་བློ་གཏོད་མི་འདུག་ཟེར་མཁན་འཇམ་དབྱངས་ནོར་བུ་དང་། བོད་གཞུང་གི་མཚན་དང་ལས་ཐམ་སོགས་ལ་བདག་པོ་བརྒྱབ་ནས་མ་འོངས་པར་བོད་ཀྱི་བདག་པོར་ཕུལ་རྒྱུ་ཡིན་ཟེར་བའི་གཞོན་ནུ་སོགས་ནི་སྒྲིག་འཛུགས་ཙམ་དང་སྒེར་བ་རེ་ཟུང་ཡིན་ནའང་། རྣམ་འགྱུར་འདིས་རྩ་བའི་ཆ་ནས་དབུས་བོད་མིའི་སྒྲིག་འཛུགས་གཞིས་བྱེས་ཚབ་མཚོན་གྱི་སྲིད་གཞུང་ཡིན་མིན་ལ་ཟུར་ཟ་དཀྲོག་གཏམ་སྤེལ་འདོད་ཡོད་པ་དེ་རེད་ལ། དེར་གྲུབ་འབྲས་ཡག་པོ་གང་ཡང་ཐོན་རྒྱུ་མེད་པ་གསལ་བོ་ཡིན་ནའང་། རང་གཞན་གཉིས་མེད་ཆགས་སོང་ན་འགྲིག་པ་འདྲ་བའི་བྱ་སྤྱོད་འདི་རིགས་ནི་ཤིན་ཏུ་ནས་ཐབས་སྐྱོ་བོ་ཞིག་ཡིན་པ་འདིས། ང་ཚོར་གསལ་བཤད་གཞན་ཅི་ཞིག་བྱེད་ཀྱི་ཡོད་པ་རེད་ཟེར་ན། མི་འདི་དག་དང་འདིའི་སྐྱེད་བྱེད་རྣམས་ནི་ཁྲིམས་དང་མང་གཙོའི་ལོངས་སྤྱོད་ལ་ བརྩི་བཀུར་བྱེད་ཐུབ་མཁན་ཞིག་མིན་པ་དང་། དེ་ལས་ཀྱང་ཆབ་སྲིད་ཐད་ཀྱི་དམིགས་དོན་ཅི་ཡིན་ལ་དོགས་གཞི་ཆེན་པོ་ཡོད་པ་ནི་རིག་པས་བརྡར་ཤ་གཅོད་མི་ཐུབ་པ་ཞིག་མིན་པ་དེ་རེད།
དེས་ན་རང་གཞན་རོགས་གསུམ་གཞན་གྱི་བསླུ་བྲིད་འོག་འགྲོ་མི་དགོས་རྒྱུར་འབད་བརྩོན་བྱས་ཏེ། ཆོལ་གསུམ་ཆིག་སྒྲིལ་ལ་ཡིད་ཆེས་རྩེ་གཅིག་ཞུ་རྒྱུ་ནི་རྩ་དོན་རེད་འདོད་ན། ལར་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞིར་སྐུར་འདེབས་ལོག་འགྲེལ་མི་བྱེད་པ་དང་། བཀའ་བློན་ཁྲི་པས་ཟླ་ ༨ ཚེས་ ༣༡ ཉིན་ཡིག་ཐོག་དང་མང་གཙོའི་དུས་དྲན་ཉིན་ངག་ཐོག་ནས་གསལ་བཤད་ཞིབ་གནང་ཟིན་པ་ལྟར། བོད་གཞུང་གི་ཁྲིམས་མཐུན་གྱི་རྒྱུན་མུ་མཐུད་གནས་ཡོད་པ་ཚོར་བ་ཙམ་མིན་པར་རིག་པའི་གཞུང་ལུགས་ཀྱིས་གསལ་འགྲེལ་ལམ་སྟོན་གནང་བ་དེ་འདྲ་སླད་མར་བོད་མི་རང་ལ་ཕེབས་དགོས་ཚེ་དངོས་གནས་ཐབས་སྐྱོ་བོ་རེད། གང་ཡིན་ཟེར་ན། བོད་གཞུང་གི་ཁྲིམས་མཐུན་རྒྱུན་མེད་པ་རེད་ཟེར་མཁན་བོད་མི་ཡིན་ཟེར་མཁན་དག་གིས་དཀྲོག་གཏམ་སྤེལ་བ་ཡིན་ཙང་། དངོས་གནས་བྱས་ན་མི་རིགས་གཞན་དང་རྒྱ་ནག་གི་མདུན་སར་ཤིན་ཏུ་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། དེས་ན་བོད་མི་དྲག་ཞན་ཚང་མས་ལམ་ནོར་ལྡོག་ཤེས་བྱ་རྒྱུ་དང་། དཔལ་ལྡན་བཀའ་ཤག་གི་ཚིག་ཐག་ཆོད་པོའི་ལངས་ཕྱོགས་ལ་རྗེས་སུ་ཡི་རངས་དང་། བདེན་པའི་གནང་སྟངས་འདི་འདྲར་སྙིང་ཁུངས་རུས་པའི་སྟེང་ནས་བརྩི་བཀུར་ཞུ་བཞིན་ཡོད།། །།
༢༠༡༢། ༩། ༣། ཉིན་ཤར་མར་བགྱིས།།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས། ཉིན་ཤས་དུས་བབ་ལ་ལྟ་ལོང་མ་བྱུང་། ཉིད་ཀྱི་གུས་པའི་བསམ་ཚུལ་ཐོག་འདི་འདྲ་ཞིག་གསུངས་འདུག །ང་ཚོས་ལྷས་བྱིན་བདུད་ཡིན་ཟེར་བས་སངས་རྒྱས་དང་རྒྱང་རིང་ཞིག་ན་གནོད་ཨེ་ཐུབ་བལྟ་བཞིན་ཡོད་སྣང་འཆར་ན་ཡང་། དོན་དུ་དེ་ལྟར་ཡིན་མི་འདུག །དེ་ནི་སངས་རྒྱས་རང་གི་དྲུང་ན་ཉེ་གནས་ཀྱི་གཙོ་བོར་གྱུར་ནས་ཡོད་འདུག །ཟེར་བ་འདིའི་སྐོར་ལ་ངས་བསམ་བློ་མང་པོ་བཏང་། རྟག་དཔྱད་མང་པོ་བྱས་པ་བརྒྱུད་ཤེས་གསལ་ལ། ང་ཚོས་བདུད་ལ་རྩི་བའི་ལྷས་ནི་སངས་རྒྱས་དང་ལྟ་སྤྱོད་མི་མཐུན་པའི་སངས་རྒྱས་ཀྱི་སྐུ་མཆེད་ཞིག་རེད་འདུག །ཉེ་གནས་ཀྱི་གཙོ་བོར་འཁོད་པ་དེ་ནི་ཀུན་དགའ་བོ་ཞུ་བ་རང་རེར་བཀའ་དྲིན་ལྷག་པར་ཆེ་བའི་བཀའ་བསྡུ་དང་པོ་གནང་མཁན་དེ་རེད་འདུག་པ་ལས་ལྷས་བྱིན་རེད་མི་འདུག །དེ་དོན་ཉིད་ནས་མཁྱེན་པའི་རེ་བ་ཡོད།
རྣམ་པ་ཚོས་འཇམ་ནོར་གྱི་དྲ་བར་གཟིགས་རོགས། ཁོང་གིས་བྲིས་པའི་དེབ་ལ་གཟིགས་རོགས། རང་བཙན་བོད་ཀྱི་གནད་དོན་ཞེས་པར་ཅི་འདྲའི་དམའ་འབེབས་ཚད་ལས་བརྒལ་བ་བྱས་མི་འདུག་གམ། ངས་བལྟས་ན་འཇམ་ནོར་འདི་༧གོང་ས་མཆོག་དང་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་བས་ལོག་ལམ་དུ་ཕྱིན་པ་མིན་པར། མི་འདི་ལོ་རྒྱུས་ནང་༧གོང་ས་བཅུ་བཞི་པ་ཆེན་པོར་མཐོང་ཆུང་བྱེད་མཁན་ཞིག་ཡིན་པ་གསལ་བོ་རེད། དེ་རྣམས་ཞིབ་ཏུ་གླེང།
གཉིས་ནས་ཁོས་རང་བཙན་བཤད་ཀྱང། རྒྱ་ནག་པེ་ཅིང་མཁར་ལ་ག་དུས་འགྲོ་འགྲོ་རེད། མང་པོ་སོང་ཚར་བ་རེད། འདི་ཅིའི་ཕྱིར་རེད། དངོས་གནས་འདི་རྣམས་ལ་དོགས་པ་ཡོད། པེ་ཅིང་བོད་རིགས་ཁ་ཤས་ཀྱིས་ཁོང་གི་པེ་ཅིང་ནང་གི་འགྲོ་འདུག་སྤྱོད་གསུམ་རྒྱ་གར་དུ་ཡི་གེ་བཏང་བ་དེ་འདྲ་བྱུང་འདུག དེས་ན་རྣམ་པ་ཚོས་གཟབ་རོགས། ལྷ་བཟང་ནི་སྨྱོན་པ་འདྲ་བོ་ཞིག་མ་རེད་པས། ཁོས་ག་རེ་བཤད་ན་སྐྱོན་གེ་མི་འདུག་བསམས། བརྩི་མཁན་ཅིག་ཕལ་ཆེར་ཡོད་པ་མ་རེད།
གཞོན་ནུ་ཚོགས་མི་མང་པོ་ཡོད་པ་དང་ལོ་རྒྱུས་ཡོད་པའི་ཆ་ནས་བརྩི་བཀུར་ཡོད། ཡིན་ནའང། རྒྱུན་ལས་རེ་འགས་ཚོགས་མི་ཚང་མའི་ངོ་གདོང་ཆུ་ལ་གཡུག་པ་དེ་འདྲ་བྱུང་ན་ཡག་པོ་མ་རེད། དབུས་རྒྱུན་སྐབས་རྗེས་མ་གཞོན་ནུས་དོ་དོ་ཏན་ཏན་བྱས་ནས་འདེམས་དགོས་པ་ད་ཐེངས་ར་འཕྲོད་གསལ་བོ་བྱུང་ཡོད་པ་རེད། རང་བཙན་རྩད་ན་རྩད་ཐོབ་ཐང་རེད། དེ་དང་འབྲེལ་ནས་བོད་རིགས་ནང་ཁུལ་ལ་དགྲ་བསགས་ན་ཁྱོན་ནས་ཡག་པོ་མ་རེད།
གཞོན་ནུ་འཛུགས་དགོས་དོན་རང་གཞུང་དང་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཆེད་ཡིན་པ་ད་དུང་བརྗེ་བསྒྱུར་བྱས་ཡོད་པ་མ་རེད། དེ་ལ་བརྟེན་ནས་ད་བར་རོགས་ཚོགས་ཁག་ནས་ཞལ་འདེབས་བྱུང་བ་སྒྲིག་འཛུགས་ཤིག་གི་ནང་ཕལ་ཆེར་འབོར་ཆེ་ཤོས་དེ་རེད། སོང་ཙང། འཐབ་རྩོད་ངོ་མ་ཞིག་གནང་རྒྱུ་གལ་ཆེན་རེད། དངོས་གནས་བྱས་ན། རང་བཙན་རྩོད་ན་ཤི་དགོས་པ་རེད། འཚེ་མེད་ཞི་བའི་ཐོག་ནས་ཤི་དགོས་པ་རེད། དེ་དུས་ཚོད་ཏག་ཏག་སླེབས་བསྡད་ཡོད་པ་རེད། ཚེ་དབང་རིག་འཛིན་ནས་རྒྱ་ཕར་ཞོག་བོད་མ་མཐོང་བར། རྒྱ་མི་བོད་ནས་ཕུད་ཐུབ་ཀྱི་ཡོད་ཟེར། དངོས་གནས་བྱས་ན། ད་ཐེངས་ཟས་བཅད་ངོ་རྒོལ་གནང། ཁ་ཆེམས་བཞག འཐབ་རྩོད་ཀྱི་རྣོ་ངར་ཇེ་ཆེར་བཏང། གཅེས་པའི་སྲོག་ཕངས་མེད་དུ་བཏང་ན། ཁ་བཤད་དོན་ལ་གནས་པ་རེད། ཡིན་ནའང། ད་ཐེངས་ཀྱང་ཁོས་ཟས་བཅད་གནང་མི་འདུག
གཉིས་ནས་ཟས་བཅད་གནང་དུས་ཞལ་འདེབས་ཤོག་སྒམ་དེ་ཕར་གཡཡག་རོགས། སྐུ་མཁྱེན། ང་བོད་མི་ཞིག་ཡིན་པའི་ཆ་ནས་གཞོན་ནུ་དང་བུད་མེད་སོགས་ཀྱི་ཞལ་འདེབས་རྐྱང་རྐྱང་བསྡུ་ནས་སྡོད་པ་འདི་མཐོང་ན་ངོ་ཚ་གི་འདུག བོད་མི་ཚང་མ་དེ་བཞིན་རེད། ཁྱེད་ཚོར་ཞལ་འདེབས་མེད་པར་འཐབ་རྩོད་བྱེད་མི་ཐུབ་པ་ཡོང་གི་མ་རེད། མི་དགོས་ལབ་ན་ཚུར་ཨུ་ཚུགས་རྒྱག་གི་རེད། ལྷག་བསམ་རྣམ་དག་གིས་ཞུས་པ་ཡིན།།།
མ་གཞི་ནས་ཆོས་འབྱོར་ལགས་ཀྱི་བསམ་ཚུལ་ཐད་ཡང་བསྐྱར་རྗེས་འདེད་གཏོང་དགོས་བ་གང་ཡང་མེད་དེ། ཕྲན་གྱི་མིང་འདི་གང་ཟག་གཞན་ཞིག་ལ་ནོར་ནས་གོ་བ་ལོག་སྒྲུབ་བྱེད་ཀྱིན་འདུག་ན། དེ་ལུགས་བཞིན་གསལ་འགྲེལ་རེ་མི་བྱེད་ཐབས་མེད་བྱུང་། ངའི་རང་ཉིད་ཀྱི་མིང་དངོས་ལ་བདག་པོ་རྒྱབ་ན་མི་ཆོག་པའི་གནས་ལུགས་ཞིག་སུས་ལབ་རུང་། ངའི་དགོངས་འགལ་མེད་པ་ཞུ། སེམས་ཁམས་ལ་བདེ་བོ་མེད་ན་སྨན་ཁང་ལ་སྟོན་རོགས། རྣམ་རྟོགས་ཆེ་ན་འདྲེ་དགུ་འཁོར་རྒྱུ་རེད། ཁྱེད་ཅག་རྦད་དེ་ཐོམས་འདུག མི་གཞན་ལ་གླེང་མ་འདེབས། ལྷག་པར་དུ་བོད་སྤྱི་བའི་འཐུས་མི་བྱེད་ཀྱིན་པའི་མི་ལ་སྒྲོ་འདོགས། དངོས་ནས་ཡིན། ཡག་པོ་མི་འདུག སྨྱུག་རྩལ་ཡོད་ན་བརྗོད་གཞི་དང་འབྲེལ་བའི་སྐད་ཆ་ཤོད་དང་། ཨ་ལན་མི་འཁྱོལ་མཁན་ཞིག་ང་མིན་ལོ།
ཤར་ཕྱོགས་ཁུག་རྟས་རང་ཚུགས་བརྟན་པོས་སྤྱི་འཐུས་རྨོག་རུ་བསྟན་པ་དྲ་འབུ་ལ་བརྫུས་ནས་སྤྱི་ཚོགས་དཀྲུགས་ཤིང་འཕེན་གི་ཡོད་པ་དེ་ངོས་བཟུང་བ་ངོ་མ་ཡག་པོ་རེད། མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་མོས་ཧིན་སྒོར་འབུམ་གཉིས་ཟས་ནས་གནས་སར་མི་ཤོང་བའི་ཞབས་འདྲེན་ཞུས་པ་དང་། རྨོག་བསྟན་གྱིས་དྲ་འབུ་ལ་བརྫུས་ནས་སྤྱི་ཚོགས་ཟིང་ཟིང་བཟོས་པ་འདི་ཚོ་ངོ་མ་བཟོད་དཀའ། མདོ་སྨད་ཀྱི་ཞབས་འདྲེན་མཁན་ཁོང་གཉིས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་རེད། ཨ་ཧོ་སྤྱི་འཐུས་རེད་ད།
དྲ་གྲོགས་འབྲུག་གྲགས་རྒྱལ་པོ་ལགས།
ཁ་རྩོད་མིན། ངས་སྐད་ཆ་དེའི་གོ་དོན་རྔམ་ཇེ་འཐུག་ལ་བཏང་ན་དེ་འདྲ་ཞིག་ལ་འགྱུར་སྲིད་ཀྱི་རེད། འོན་ཀྱང་ངའི་བསམ་པར་དེ་ཙམ་གྱིས་༧གོང་ས་མཆོག་ལ་བཀའ་བཀོད་བྱེད་མཁན་ཞིག་ཡོད་དགོས་པའི་ཁྱབ་པ་ཡེ་ནས་ཡེ་ནས་མེད་ཅེས་ལན་སྟོང་དུ་ཞུ་རྒྱུ་ཡིན།
སྐབས་འདིར་ཁྱེད་ལ་ཐུགས་བཞིགས་གནང་ས་ཞིག་འབུལ་རྒྱུ་ཡིན། གནའ་མི་བོད་ཀྱི་གཏམ་དཔེརཿ ལྷ་ཐོད་དཀར་གྱི་དྲུང་ན་འདྲེ་སྣ་ནག ཅེས་དང་། སངས་རྒྱས་ཤཀྱཱ་ཐུབ་པའི་སྐུ་དྲུང་ན་ལྷས་བྱིན་ཡོད་པ་རེད། ང་ཚོས་ལྷས་བྱིན་བདུན་ཡིན་ཟེར་བས་སངས་རྒྱས་དང་རྒྱང་རིང་ཞིག་ན་གནོད་ཨེ་ཐུབ་བལྟ་བཞིན་ཡོད་སྣང་འཆར་ན་ཡང་། དོན་དུ་དེ་ལྟར་ཡིན་མི་འདུག དེ་ནི་སངས་རྒྱས་རང་གི་དྲུང་ན་ཉེ་གནས་ཀྱི་གཙོ་བོར་གྱུར་ནས་ཡོད་འདུག།
དྲྭ་གྲོགས་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། མིང་བསྒྱུར་འདིའི་ཐད་དགོས་དབང་ངམ་རྒྱུ་རྐྱེན་དམིགས་བསལ་བ་ཞིག་ལ་ཐུག་ཡོད་སྲིད་པ་ལས་བོད་མི་སུ་ཞིག་དང་ཐ་ན་༧སྐྱབས་མགོན་རིན་པོ་ཆེ་ལ་ཡང་ཐུགས་འདོད་ཡོང་མི་སྲིད། ཁྱེད་ཀྱི་དགོངས་པར་མིང་བསྒྱུར་བ་འདིའི་རྒྱུད་རིམ་གྱི་ནང་དུ་༧གོང་ས་མཆོག་ལས་གཞན་ཞིག་ཡོད་པའི་འཆར་སྣང་གཏན་དུ་ཡོད་གསུངས་འདུག །མི་སུ་འདྲ་ཞིག་ཡིན་རུང་འཆར་སྣང་འདྲ་མི་ཡོང་སྲིད། འོན་ཀྱང་༧གོང་ས་ཆེན་པོ་ལྟ་བུར་ཁ་ལོ་སྒྱུར་མཁན་གཞན་ཞིག་ཡོད་པ་ང་ཚོ་བོད་རིགས་སྤུན་ཟླ་སུ་ཞིག་གི་སེམས་ཀྱི་ཟུར་ལའང་ཡོད་ཀྱི་མ་རེད། དགོངས་དག །ངས་སྐུ་ཉིད་ལུས་འདུག །ལར་ནས་༧གོང་ས་མཆོག་ལས་གཞན་ཞིག་ཡོད་པའི་འཆར་སྣང་གཏན་དུ་ཡོད་གསུངས་པའི་ཚིག་འདིས་མང་པོ་ཞིག་གི་སེམས་ནང་༧གོང་ས་མཆོག་ལའང་བཀོད་སྡོམ་བྱེད་མཁན་ཡོད་ན་སུ་ཞིག་ཡིན་ནམ། འདི་མིན་ནམ། འདི་མིན་ནམ་ཞེས་བསམ་བློ་དྲུག་གསུམ་བཅོ་བརྒྱད་འཁོར་ནས་རང་རེའི་དབུ་འཁྲིད་དང་མཁས་དབང་རྣམས་ལ་དོགས་པ་ཟ་སྲིད་པས་དེས་སྤྱི་ཚོགས་མི་བདེ་བ་བཟོ་བ་ཆོས་ཉིད་ལ་སོང་ངས་དེ་ལྟར་ཞུས་པ་ཡིན། ཡང་ཉིད་ཀྱི་མཆན་གྱི་འཇུག་དེར། སྐབས་སུ་བབ་པ་རང་རེ་འབངས་མི་དག་གིས་གང་བྱེད་དགོས་པ་ནི་བོད་མིའི་སྒྲིག་འཛུགས་འདི་ལ་བོད་གཞིས་བྱེས་གཉིས་ཀྱི་གཞུང་ངོ་མ་ཡིན་པའི་འདུ་ཤེས་བརྟན་པོར་འཛིན་དགོས་པ་དེ་གནད་རེད། ཅེས་གསུངས་འདུག་པ་དེ་དོན་དངོས་དང་མཐུན་པའི་བཀའ་མོལ་རེད། རྗེས་སུ་ཡི་རང་ཡོད། མང་པོ་ཞུ་ཁོམ་མི་འདུག
དྲ་གྲོགས་འབྲུག་གྲགས་ལགས་ལ་ཞུ་རྒྱུ། ད་ནི་དེ་ཙམ་ལས་གཏིང་དུ་མི་འཛུལ། ངོ་མ་ཆིག་སྒྲིལ་ལ་གནོད་སྲིད། སྤྱིར་ན་ཆིག་སྒྲིལ་ཟེར་བ་མཆུ་བསྡམས་ཤིང་ན་ཚ་ཁོག་ཏུ་སྦེད་ནས་འབྱུང་བ་མིན་པར་ཁ་གསང་ཞིང་བརྡར་ཤ་བཅད་ནས་ཡོང་གི་རེད་སྙམ། མིང་བསྒྱུར་བ་འདིའི་རྒྱུད་རིམ་གྱི་ནང་དུ་༧གོང་ས་མཆོག་ལས་གཞན་ཞིག་ཡོད་པའི་འཆར་སྣང་བདག་ལ་གཏན་དུ་ཡོད། འོན་ཀྱང་ངས་སྐྱར་དུ་ཞུ་རྒྱུར་འཆར་སྣང་ཙམ་ཡིན། དེ་༧གོང་ས་མཆོག་གི་དགོངས་བཞེད་ཡིན་པའི་དབང་དུ་ཞོག
ངའི་བཤད་སྟངས་དང་འདུ་ཤེས་འཛིན་སྟངས་འདི་སྤྱི་བ་ལ་གནོད་ཀྱི་རེད་ཅེས་བོད་གཞུང་གི་མིང་ཙམ་ཡང་ལེན་མི་འོས་ཚུལ་གསུང་གི་ཡོད་ན་དེ་ནི་ཏག་ཏག་ངས་བཤད་པའི་སྐད་ཆ་དེའི་དཔེར་མཚོན་ལ་ཁྱེད་རང་ཉིད་དངས་བླངས་ཀྱིས་ལངས་པ་རང་རེད། རང་རེའི་བོད་མིའི་སྒྲིག་འཛུགས་འདི་ལ་གཞུང་གི་མིང་ཡང་འབོད་མི་ཉན་ཚུལ་བཤད་པ་དེ་དོན་དུ་གཞུང་ལ་ཤ་ཚ་ཡིན་ནམ་གནག་སེམས་ཡིན་པ་ཐེ་ཚོམ་ཟ་དགོས་པར་གྱུར་། དེ་མིན་ན་གཞན་ཟེར་ལ་ཧོར་རྒྱུག་ལས་འགྲོ་ས་མི་འདུག
གལ་ཏེ་རང་གི་འཆར་སྣང་ངོ་མ་ཡིན་ན་དགོངས་སེལ་ཞུ་བ་དང་ཆབ་ཅིག་ངའི་བསམ་ཚུལ་འདི་ལ་དེ་འདྲ་ཞིག་ཡེ་ནས་འཆར་གྱི་མི་འདུག་པས་ཁྱེད་ཀྱིས་དགོངས་པ་ཞིག་སྐྱར་དུ་བཞེས་རོགས་ཞུ་བ་ཡིན།
ལར་ནས་ཆིག་སྒྲིལ་ཟེར་བ་དེ་རྒྱ་ནག་བཞིན་བསམ་ཚུལ་ཐ་དད་པ་སྣ་གཅིག་ཀྱང་ཤོང་ས་མེད་པར་ཕྱི་ནས་བཙན་གྱིས་སྡོམ་པ་ལས་ཐམས་ཅད་རང་འདོད་བཞིན་གུ་ཡངས་ཀྱིས་ལྷོད་ན་གཞི་ནས་ཡོང་བ་ཡིན། ལྷོད་ཀྱི་ནང་དུ་དམ་ཞིག་ཡོད་ན་ད་གཟོད་ཆིག་སྒྲིལ་འབྱུང་རྒྱུ་ཡིན་པ་ལས་ཕྱི་ནས་དམ་གྱིས་བདམས་པས་ཅང་ཡོང་གི་མ་རེད། དེས་ན་ཁྱེད་ཅག་གིས་གནང་སྟངས་དེ་ངོ་མ་ཆིག་སྒྲིལ་ལ་གནོད་པའི་ལས་རེད་ཞུ་བ་ཡིན།
སྤྱིར་སྐུ་ཉིད་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་མཁན་ཁྲོད་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས་རྩོམ་ཡིག་འདིར་བྱུང་བ་རང་བཞིན་ལས་དཔྱད་བརྗོད་རང་བཞིན་གྱི་ཁྱད་མི་སྣང་། འོན་ཀྱང་གང་ལྟར་གཅིག་སྒྲིལ་ལ་བསྐུལ་བའི་རྩོམ་ཡིག་ཞིག་སྤེལ་བར་ཐུགས་རྗེས་ཆེ་ཞུ་རྒྱུ་ཡིན།
དྲ་གྲོགས་ཤེས་ཡོན་ཅན་ཨ་མཆོད་ལགས་ཀྱིས་༧གོང་ས་མཆོག་གིས་ཐབས་ཤེས་གཞན་པ་འདྲ་མི་འདུག་ཅེས་ཚོགས་གཙོར་གསུངས་འདུག་ཟེར། ངས་དེ་འདྲ་གསུངས་བ་ཁྱོན་ནས་མ་གོ ངས་མ་གོ་བའི་དོན་དག་མང་པོ་ཡོད་ཙང། དེ་གསུངས་ཡོད་པ་མ་རེད་ཅེས་ལབ་ཐུབ་ཀྱི་མི་འདུག་མོད་རྩད་གཅོད་བྱ་ངེས་ཡིན། གཉིས་ནས་༧གོང་ས་མཆོག་གིས་གལ་སྲིད་ཐབས་ཤེས་གཞན་མི་འདུག་གམ་ཞེས་གསུངས་ཡོད་དབང་དུ་བཏང་ནའང། དེ་བོད་གཞུང་གི་མིང་བརྗེ་བསྒྱུར་འདི་ཁོང་གི་ཐུགས་འདུན་མིན་ཚུལ་གྱི་སྒྲུབ་བྱེད་དུ་བཀོད་པ་ནི་ཨུ་ཚུགས་རང་རེད། ལྷིང་འཇགས་པོའི་ཐོག་ནས་བརྗེ་བསྒྱུར་ཨེ་ཐུབ་དགོངས་ཡོད་སྲིད་པ་རེད།
དེ་ནས་ད་ལྟ་གཞུང་ངོ་མ་ཡིན་པའི་འདུ་ཤེས་གསལ་འདེབས་དགོས་པར་གྱུར་ཡོད་པ་རེད། ཁ་གཞུང་གི་མིང་བྱང་བརྗེ་བསྒྱུར་དང་སྨྲ་བརྗོད་རང་དབང་སོགས་ལ་ཁྱེར་མཁན་ཚོས་དོན་དངོས་ཐོག གསར་བརྗེ་མང་དག་ཅིག་བྱེད་དགོས་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་དེ་རེད། དེའི་དམིགས་གཟས་དབུ་མའི་ལམ་གྱི་སྲིད་བྱུས་ལམ་ལྷོང་མ་ཡོང་ན་བསམས་པ་དེ་ཁོ་ན་དང། དེའི་ཆེད་རྡོག་ལ་སྒྲིལ་བའི་བཙན་བྱོལ་བོད་མི་ཆིག་འབུམ་བཞི་ཁྲི་ལྷག་གི་སྒྲིག་འཛུགས་ལ་ནང་ཁུལ་ལྷིང་འཇགས་མི་བཟོ་བ་དེ་རེད། དེར་སུས་ཀྱང་བཟོད་སྲན་ཐུབ་ཀི་མ་རེད། དེ་ཐབས་ཤེས་ཤིག་ཡིན་དབང་དུ་བཏང་ནའང་ཚད་ལྡན་མིན་པ་གསལ་ཐག་ཆོད་ལ་སོང། དེ་ལས་ལྷག་གི་རྒྱུ་མཚན་ཚད་ལྡན་གྱིས་ཁ་གཏད་གཅོག་དགོས་ཐུག་པ་དེ་རེད། དེ་མིན་དཀྲོག་གཏམ་འདི་དང་འབྲེལ་བའི་གསལ་བཤད་དང་གཞུང་གི་ལངས་ཕྱོགས་ནི་ཚོགས་སྒེར་གྱི་ལྟ་གྲུབ་རྩོད་རྙོག་དང་འབྲེལ་བ་ཅི་གང་ཡོད་པ་མ་རེད། ཡིན་ནའང། མི་དེ་ཚོས་མུ་མཐུད་གནད་དོན་འདིའི་གླེང་ཕྱོགས་ལྟ་གྲུབ་སྟེང་ཁྲིད་རྒྱུ་ནི་སྔོན་དཔག་ཐུབ་པ་ཞིག་རེད། དེ་བས་ང་ཚོ་བདེན་པ་བློས་མི་གཏོང་མཁན་ཚོས་རྣམ་འབྱེད་ཤེས་རབ་བེད་སྤྱོད་ཡག་པོ་གཏོང་དགོས་པ་དེ་རེད་བསམས།
གཞན་ངའི་གྲོགས་སྤྱི་འཐུས་རྨོག་རུ་ཟླ་བ་བསོད་ནམས་ཀྱི་མཚན་འཛིན་པས་གང་བཤད་ཀྱི་ཡོད་མེད་མགོ་འཚོས་མ་སོང། ང་བཤད་སྟངས་དང་གཤིས་སྤྱོད་འདི་རིགས་ལ་ཉོབ་བསྡད་ཡོད། སྐད་ཆ་ཡོད་ན་དངོས་མིང་བཏོན་ན་ཡག་གི་རེད་པཱ། དེ་ཙམ་ཡིན།།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས། ཨ་མཆོད་རྒྱུག་ནས་བཞུགས་ན་ཡག་ས་རེད། བོད་གཞུང་གི་མིང་བསྒྱུར་༧གོང་ས་མཆོག་གི་དགོངས་བཞེད་ངོ་ཡིན་པའི་ཁས་ལེན་ཡེ་ནས་བྱེད་ཐུབ་ས་མ་རེད། ཟེར་ན་ག་རེ་གསུང་གིན་ཡོད། ༧གོང་ས་མཆོག་གི་དགོངས་གཞི་མ་ཡིན་ཁྱེད་ལ་རྒྱུ་མཚན་ག་རེ་གསུང་རྒྱུ་ཡོད། དཀྲོག་གཏམ་མ་ཤོད་གསུང་གིན་གསུང་གིན་དཀྲོག་གཏམ་བཤད་ནས་དགོས་པ་ག་རེ་འདུག །ཉིད་ལ་བོད་པ་ནང་ཁུལ་དཀྲུག་རྒྱུའི་ལས་འགན་ཞིག་ཡོད་ས་རེད། བོད་སྤྱི་པའི་དོན་ལ་ཕན་ཐོགས་ཀྱང་གནོད་མ་སྐྱེལ་རོགས།
དངོས་ནས་ཆིག་སྒྲིལ་ལ་གནོད་ས་རེད། མང་གཙོའི་ལམ་ལུགས་དང་ཡོངས་སུ་མ་འགལ་རོགས། མི་སྒེར་གྱི་ཐོབ་ཐང་ལ་སྣང་མེད་ཀྱིས་རྡོག་རོལ་ལ་གཏོང་རྐྱང་དེ་བྱེད་མ་ཡོང་། བསམ་བློའི་འཁོར་བསྐྱོད་ལ་གཡའ་ཐེབས་རེག་བར་དུ་ལམ་སྣེ་གཅིག་ལ་ཕྱོགས་དགོས་བའི་འདུ་ཤེས་དེ་ཚོད་འཛིན་བྱེད་རོགས། བོད་མི་མཐེ་བོང་ཙམ་ཞིག་ཀྱང་ཆད་ལྷག་མེད་པར་དཔལ་ལྡན་བཀའ་ཤག་གི་ཐུ་འོག་ལ་མ་འདུས་ཚེ། བསམ་གཞིགས་ཡོད་མེད་དང་ལྷག་བསམ་ལྡན་མིན་དགོས་འདུན་ཡོད་མེད་ལ་བལྟས་མེད་ཀྱིས། ཡོད་ཚད་ཆུ་སྣ་གར་ཁྲིད་ཀྱི་བླུན་པོའི་ངང་ཚུལ་ལ་སྒོམ་པའི་བསམ་ཕྱོགས་ནི། ཆོས་སྲིད་གང་ལ་ཡང་འགལ་འདུག དངོས་ནས་ཡིད་སྐྱོ་བས་མ་ཟད་གདུང་གཟེར་ཀྱིན་འདུག
༡༽ རང་གཞུང་ངམ་ཡང་ན་ཚོགས་པ་ཞིག་གམ། མི་སྒེར་སོགས་ཀྱིས་མཚོན་པའི་གསལ་བསྒྲགས་གང་ཡང་རུང་བ་ཞིག སླར་ཡང་བསྐྱར་དཔར་བཏབ་ནས་ཁ་གསལ་ལ་བཏང་བ་ཡིན་ན། དེ་ལ་ལྷད་ཞིག་རང་བཞིན་གྱིས་ཐེབས་འགྲོ་བ་ཡིན་ཙང་། ཆོས་འབྱོར་ལགས་ཀྱིས་བོད་གཞུང་བཀའ་ཤག་དང་སྟབས་བསྟུན་གྱིས་བོད་གངས་ཅན་པའི་ཆིག་སྒྲིལ་ལ་ཅི་ལྟར་ཤ་ཚ་ནས་སྐད་ཆ་བཤད་རུང་། དོན་དངོས་ཐོག་ཕན་པ་ལས་གནོད་ཆེ་བ་འདུག དང་པོ་་་་ཆོས་འབྱོར་ལགས་མི་སྣ་རྩོད་གླེང་ཅན་ཞིག་དང་ལྷག་ཏུ་རང་ཉིད་ཀྱི་ལྟ་གྲུབ་ཐད་རང་ཤེད་ཆེ་བ་ནང་བཞིན། ཁོང་གི་བཤད་འདོད་པ་དང་བཀའ་ཤག་གི་བསམ་བསྡད་པ་གཉིས་གཞི་གཅིག་གི་སྒང་ལ་འབའ་དཀའ་རྒྱུ་རེད་དེ། ཕར་བལྟས་ཚོད་ལ་ཆ་འདྲ་བ་ཡིན་ཙང་མང་མང་ཞིག་ནོར་ཉེན་འདུག གཞོན་ནུ་ལྟ་བའི་བསམ་བློའི་འཁྱེར་སོ་ལ་རང་བཙན་གལ་ཆེན་པོ་འདོད་མཁན་དག རྦད་དེ་ལངས་ཕྱོགས་མེད་པ། ཧ་ལས་བའི་མི་གཤིས་སྐྱོ་བོ་ཡིན་ཚུལ། མང་གཙོ་ལོངས་སུ་སྤྱོད་མི་ཤེས་བའི་ཚུལ་གྱི་སྐད་ཆ་འདི་རིགས། ཆོས་འབྱོར་ཁོང་རང་ངོས་ཀྱི་སྣང་ཚུལ་ཙམ་རེད་མ་གཏོགས། རྒྱུས་ལོན་བྱས་ནས་དངོས་ཡོད་གནས་ཚུལ་ལ་ཞིབ་མཇུག་བྱས་བའི་ཆ་ཕལ་ཆེར་ཡོད་པ་མ་རེད། དེར་བརྟེན་དད་པ་དང་དག་སྣང་ཅན་ཚོས་བསམ་ཞིབ་བྱེད་རྒྱུ་གལ་ཆེན་རེད། གཉིས་བ་་་༧གོང་ས་མཆོག་གིས་མང་གཙོ་བྱིས་ཕྲུག་བཞིན་དུ་གཉོར་ནས་ད་ལྟ་མཚན་ཉིད་ཡོངས་སུ་ཚང་བའི་རྒྱལ་སྤྱིའི་ལམ་ལུགས་ལྟར་གལ་ཆེན་དོན་ཆེན་དུ་གྱུར་བ་དངོས་ནས་རེད། དགག་བར་ཆད་བྱུང་བ་ཡང་དྲང་གཏམ་རེད། ཡིན་ནའང་སྔོན་མ་གཞན་དབང་ནས་ཐོན་པའི་རྣམ་རྟོགས་ད་ལྟ་རང་རེའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་རྒྱུའི་རྣམ་འགྱུར་ཞིག་ཡོད་ཚུལ་གྱི་སྐད་ཆ་འདི། དངོས་ནས་ཞེ་སྣང་སྐྱེས་བ་ཞིག་དང་ཞེར་མེར་བ་ཞིག་འདུག དེར་བརྟེན་བོད་ཀྱི་ཆིག་སྒྲིལ་བཤད་ན་དངོས་ཡོད་གནས་སྟངས་ཤོད། སྒྲོ་མ་འདོགས། སྐུར་བ་མ་འདེབས། ལྷག་པར་དུ་རང་རློམ་མ་ཆེ། དངོས་ནས་ཡིན།
༢༽ མི་ལོ་འདི་དག་གི་ནང་ལ་དྲ་མྱུལ་བྱས་བའི་རིང་་ཆོས་འབྱོར་ལགས། སྐད་གྲགས་ཆེན་པོ་རེད། སྨྱུག་རྩལ་འགྲིག་བསྡ་ཡོད་བ་རེད། འོན་ཀྱང་བདག་གི་བསམ་སྣང་ལ། ཆོས་འབྱོར་ཁོང་ལས་དོན་སྣ་གཅིག་ལ་འབྱར་རྗེས་ལས་དོན་གཞན་ཚང་མ་ནོར་བསྡད་ཡོད་པའམ་གྲ་འགྲིགས་པོ་མེད་ཚུལ་གྱིས་བསམ་ཕྱོགས་ཤུགས་ཆེན་པོ་རེད། ག་ལེར་ག་ལེར་རྦད་དེ་སྣ་གཅིག་རང་ལ་འཐམས་ནས་གཞོན་ནུའམ། རང་བཙན་གླེང་མཁན་ཡོངས་ལ་ལྟ་ཚུལ་ད་ལྟའི་བསམ་བློ་ནང་བཞིན། རྐྱེན་འདི་ལ་བརྟེན་ཆོས་འབྱོར་ལགས་ཀྱི་བསམ་ཕྱོགས་ལ་རྦད་དེ་ཆད་སྐྱོན་ཆེན་པོ་ཞིག་ཤོར་ཡོད་བ་རེད། ད་ལྟའི་དུས་ཁོང་གི་གནས་ལུགས་ཡོད་ཚད་ཕྱོགས་གཅིག་ལ་འགྲིག་པའི་ཆ་བཞག་ནའང་། ཕྱོགས་གཞན་ལ་རྦད་དེ་ཁྱབས་འགྲོ་སའི་བརྒྱུད་ལམ་འགག་བསྡད་ཡོད་བ་རེད། འདི་ལྟར་བལྟས་ན་ཆོས་འབྱོར་ཁོང་ལ་ཆིག་སྒྲིལ་བཤད་རྒྱུའི་ནུས་བ་གང་ཡང་ཡོད་བ་མ་རེད་ལ། དེ་ལས་ཀྱང་གནོད་སྐྱེལ་རྒྱུའི་ཉེན་ཁ་འདུག དགོངས་འགལ་མེད་པ་ཞུ། ཆིག་སྒྲིལ་གལ་ཆེན་པོ་ནང་གི་ཆེན་པོ་དེ་རེད། ད་ལྟའི་ཆ་ལ་ཆིག་སྒྲིལ་བྱེད་པར་ལྟ་གྲུབ་སྣ་གཅིག་དང་ལངས་ཕྱོགས་གཅིག་ལ་གདོང་གཏད་ནས་སྐད་ཆ་བཤད་ས་འགྲོ་རྒྱུ་མ་རེད། བོད་སྤྱི་བའི་རྩ་དོན་རང་སྟེང་ལ་བབས་ནས་རང་བཙན་པས་རྒྱ་གཞུང་ལ་སུན་པོ་བཟོས་ན་འགྲིག་གི་རེད་ལ། དབུ་མ་བའི་གྲོས་མོལ་གྱི་སྒོ་ཆེན་གང་ཕྱེ་ནས་བཞག་ན་འགྲིག་རེད། མདོ་དོན་འབབ་ས་མཉམ་འབྲེལ་གྱིས་ལག་གཉིས་བསྐྱངས་ན་ད་གཟོད་ཆིག་སྒྲིལ་གྱིས་ནུས་བ་ཐོན་རྒྱུ་མ་ཟད། དོན་དངོས་ཐོག་ཆིག་སྒྲིལ་གྱི་རྨང་རྡོ་བཙུགས་སོང་བ་རེད། འདི་ལ་རྒྱུ་མཚན་གཞན་ཡང་ཡོད་དེ། སྐབས་སུ་འདི་ཙམ་གྱིས།
བོད་གཞུང་གི་མིང་བསྒྱུར་༧གོང་ས་མཆོག་གི་དགོངས་བཞེད་ངོ་ཡིན་པའི་ཁས་ལེན་ཡེ་ནས་བྱེད་ཐུབ་ས་མ་རེད། དེ་ནི་ཉེ་ཆར་ཁོང་གིས་བཀའ་སློབ་གནང་བའི་ཟུར་དང་། མིང་བསྒྱུར་བའི་སྐབས་དེ་ཤེད་ལ་༧ཁོང་རང་ཉིད་ཀྱི་ཞལ་དྲོན་པོས་སྤྱི་འཐུས་ཚོགས་་་་་་མཆོག་ལ་དངོས་སུ་”མིང་བསྒྱུར་བ་འདི་ལ་ཐབས་ཤེས་གཞན་པ་འདྲ་མི་གམ”ཞེས་གསུང་ཤོར་བ་འདིས་རྟོགས་ཐུབ་པ་ཞིག་རེད་སྙམ།
སྐབས་སུ་བབ་པ་རང་རེ་འབངས་མི་དག་གིས་གང་བྱེད་དགོས་པ་ནི་བོད་མིའི་སྒྲིག་འཛུགས་འདི་ལ་བོད་གཞིས་བྱེས་གཉིས་ཀྱི་གཞུང་ངོ་མ་ཡིན་པའི་འདུ་ཤེས་བརྟན་པོར་འཛིན་དགོས་པ་དེ་གནད་རེད། སྔར་ཡིན་ན་ཡིན་ཤག་ཡིན་ཀྱང་ད་སྐབས་འདུ་ཤེས་དེ་གསལ་འདེབས་དགོས་པར་གྱུར་ཡོད།