དེ་རིང་རྒྱ་གཞུང་ཞིན་ཧྭ་དྲ་བའི་སྟེང་། ཞི་ཅིན་ཕེན་པེ་ཅིན་སློབ་ཆེན་ཞིག་ནང་ལྟ་སྐོར་དུ་བསྐྱོད་པའི་པར་དང་གནས་ཚུལ་ཐོན་འདུག
དེ་རིང་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་ཞིན་ཧྭ་དྲ་བའི་སྟེང་། པེ་ཅིན་ཧེ་ཏེན་ས་ཁུལ་གྱི་རྒྱ་ནག་ཞིང་ལས་སློབ་ཆེན་གྱི་ཚན་རིག་ཁྱབ་སྤེལ་བྱ་འགུལ་ཞིག་གི་ཐོག ཞི་ཅིན་ཕེན་མཉམ་ཞུགས་བྱས་པའི་པར་རིས་ཐོན་འདུག དེ་ནི། ཉེ་ཆར་བདུན་ཕྲག་གཉིས་རིང་གར་སོང་ཆ་མེད་དུ་གྱུར་པ་ལ་བརྟེན་ནས། རྒྱལ་སྤྱིའི་གསར་ལམ་ཁག་གིས་དོགས་འདྲི་ཚོད་བགམ་སྣ་ཚོགས་ཤིག་བྱུང་བའི་རྗེས། གསར་ལམ་ཁག་ཏུ་ཞི་ཡི་པར་རིས་གནས་གནས་ཚུལ་ཐོན་པ་ཐོག་མ་དེ་ཆགས་ཡོད།
ཡིན་ནའང་། རྒྱ་གཞུང་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག ཞི་ཅིན་ཕེན་འབྲེལ་ཡོད་དཔོན་རིགས་དང་མཉམ་དུ། རྒྱ་ནག་ཞིང་ལས་སློབ་ཆེན་དུ་ལྟ་སྐོར་ལ་བསྐྱོད་དེ་གཏམ་བཤད་སྤེལ་ཡོད་སྐོར་ཙམ་ལས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཞི་ཅིན་ཕེན་གྱིས་གཏམ་བཤད་བྱེད་བཞིན་པའི་སྒྲ་དང་བརྙན་རིས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་བསླེབས་མེད་པ་རེད།
སྐབས་དོན་དཔྱད་བརྗོད་པ་དག་གིས། ཐེངས་འདིར་ཞི་ཅིན་ཕེན་རྒྱ་གཞུང་གསར་ལམ་ཁག་ཏུ་ཐོན་པ་འདིས། ཁོ་རང་མ་འོངས་པར་རྒྱ་ནག་གི་སྲིད་འཛིན་ཆགས་རྒྱུར་འགྱུར་ལྡོག་མེད་པ་གསལ་བོ་མངོན་ཡོད་ཀྱང་། རྒྱ་གཞུང་གི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་སྣ་འདེམས་སྒྲིག་ཐད་སྔར་བཞིན་ནང་ཁུལ་གཅིག་གྱུར་བྱུང་ཐུབ་མེད་པར་ལྷག་ཡོད་པའི་ངོས་འཛིན་གནང་གི་ཡོད་འདུག
ཞི་ཅིན་ཕེན་རྙེད་ནའང་རྙེད། ཞི་ཅིན་ཕེན་མ་རྙེད་ནའང་མ་རྙེད། ཞི་ཅིན་ཕེན་བརླགས་ནའང་བརླག ཧུ་ཅི་ཐའོ་བརླགས་ནའང་བརླག བོད་རིགས་དང་རྒྱ་རིགས་ཀྱི་རང་དབང་དང་། བདེ་སྐྱིད་དེ་མ་བརླག་པར་སྨོན་འདུན་མུ་མཐུད་ཞུ་བཞིན་ཡོད་ལགས།