དེ་རིང་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས། བཀའ་ཤག་ཐོག་ཁང་ནང་མ་ཧ་མ་གྷན་དྷི་རྗེ་མཆོག་གི་འཁྲུངས་སྐར་དང་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ལམ་གྱི་ཉིན་མོ་སྲུང་གཙི་གནང་སོང་།
དེ་རིང་ཕྱི་ཚེས་ ༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས། མ་ཧ་མ་གྷན་དྷི་རྗེ་མཆོག་གི་འཁྲུངས་སྐར་ཉིན་མོ་སྟེ་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ལམ་གྱི་ཉིན་མོ་སྲུང་གཙི་གནང་ཡོད་པ་དང་། ཞོགས་པ་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་བཀའ་ཤག་ཐོག་ཁང་མདུན་ཐང་དུ། བཀའ་ཤག་ལྷན་རྒྱས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་ལས་བྱེད་རྣམས་ལྷན་འཛོམས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་རྒྱལ་དར་བསྒྲེངས་གནང་རྗེས། བཀའ་ཤག་ཐོག་ཁང་ནང་མ་ཧ་མ་གྷན་དྷི་རྗེ་མཆོག་གི་སྐུ་པར་ལ་སྲིད་སྐྱོང་མཆོག་གཙོས་བཀའ་བློན་ལྷན་རྒྱས་ནས་མཇལ་དར་སྒྲོན་ཏེ། འཁྲུངས་སྐར་སྲུང་གཙིའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ་གསོལ་ཇ་ཞལ་ཟས་འདེགས་འབུལ་བཅས་གནང་སོང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་རྗེས། “དེ་རིང་ང་ཚོ་བཀའ་ཤག་ལྷན་རྒྱས་དང་ལས་བྱེད་རྣམས་འཛོམས་དགོས་དོན་ནི། གྷན་དྷི་རྗེ་ཡིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་གར་རང་བཙན་འཐབ་རྩོད་ཆེད་སྐུ་ལས་ཞེ་དྲགས་སྐྱོན་ཡོད་པ་ལྟར། ༢༠༠༧ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྷན་དྷི་རྗེའི་འཁྲུངས་སྐར་ཉིན་མོ་འདི་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ལམ་གྱི་ཉིན་མོར་གཙི་སྲུང་གནང་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད། དེ་བཞིན། ང་ཚོ་བོད་པ་དང་རྒྱ་གར་སྤྱི་ཚོགས་ནང་གྷན་དྷི་རྗེ་རྩ་ཆེན་པོར་བརྩི་གི་ཡོད་སྟབས། གུས་གཙི་ལྡན་པའི་ཐོག་ནས་གྷན་གྷི་རྗེའི་འཁྲུངས་སྐུར་ཉིན་མོ་སྲུང་གཙི་བྱེད་ཀྱིན་ཡོད།” ཅེས་གསུང་སྟེ། མ་ཧ་མ་གྷན་དྷི་རྗེ་མཆོག་གི་ལོ་རྒྱུས་ངོ་སྤྲོད་བཅས་གནང་སོང་།
རྒྱ་གར་གྱི་ཡབ་ཆེན་དུ་འབོད་པའི་མ་ཧ་མ་གྷན་དྷི་རྗེ་མཆོག་ནི། ༡༨༦༩ ལོར་གྷོ་ཇི་ར་ཐི་མངའ་སྡེའི་ནང་བྷར་བྷོན་དྷི་ར་ཟེར་བའི་ས་ཆ་དེར་སྐུ་འཁྲུངས་ཤིང་། འཁྲུངས་ཡུལ་མངའ་སྡེ་ས་ཁུལ་ནང་སློབ་སྦྱོང་རིམ་པར་གནང་སྟེ། ༡༨༨༨ ལོར་དབྱིན་ཡུལ་དུ་ཁྲིམས་ལུགས་སློབ་སྦྱོང་གནང་བར་ཕེབས་པ་དང་། ༡༨༩༡ ལོར་ཕྱིར་རྒྱ་གར་ནང་ཕེབས་ཏེ་ལོ་རེ་ཟུང་ལ་བཞུགས་རྗེས། ལྷོ་ཨ་ཧྥུ་རི་ཀའི་ནང་ཕེབས་ཏེ་ལོ་ ༢༡ རིང་ལ་དེ་གར་བཞུགས་ཡོད། ༡༩༡༥ ལོར་རྒྱ་གར་ནང་ཕྱིར་ཕེབས་ཡོད་ལ། ༡༩༢༡ ལོར་རྒྱ་གར་གྷང་རི་སི་ཚོགས་པའི་ནང་འཛུལ་ཞུགས་གནང་། དེ་ནས་བཟུང་སྟེ་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་འགན་བཞེས་པའི་ཐོག་ནས། རྒྱ་གར་ནང་ཁུལ་མི་རིགས་དང་རིགས་རུས་དབྱེ་འབྱེད་མེད་པ་དང་། ཆོས་ལུགས་ཡོངས་རྫོགས་མཐུན་ལམ་ཐོག་རྒྱ་གར་རྒྱལ་ཡོངས་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དང་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་དོན་དུ་སྐུ་ངལ་མཛད་མེད་སྐྱོན་པ་ལ་བརྟེན་ནས། ཁོང་ལ་རྒྱ་གར་གྱི་ཡབ་ཆེན་ཞེས་པའི་བརྩི་མཐོང་ཆེན་པོ་ཐོབ་པ་མ་ཟད། ཁོང་གི་དབུ་ཁྲིད་འོག་རྒྱ་གར་རྒྱལ་ཡོངས་ལ་རང་དབང་རང་བཙན་ཐོབ་ཡོད་པ་རེད།
དེ་རིང་གི་ཉིན་མོ་འདི་ནི་མ་ཧ་མ་གྷན་དྷི་རྗེ་མཆོག་སྐུ་འཁྲུངས་ནས་ལོ་ ༡༣༣ འཁོར་བའི་ཉིན་མོ་དང་། ཁོང་གི་འཁྲུངས་སྐར་ཉིན་མོ་དེ་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ལམ་གྱི་ཉིན་མོར་བརྩི་སྲུང་གནང་སྟེ་ལོ་ ༦ འཁོར་བའི་དུས་དྲན་ཉིན་མོ་ཆགས་ཡོད་པ་རེད།
བཀའ་ཤག་ཞེས་པའི་ཐ་སྙད་འདི་བཀའ་བློན་ཞེས་པའི་མིང་དང་འབྲེལ་ནས་ཡོད་པས་འདི་ཡང་ཕ་ཆེར་ཕྱིར་བསྡུ་བྱེད་དགོས་འདོག་ཁ་བོ་རེད། དེས་ན་སྲིད་སྐྱོང་ལྷན་ཚོགས་ཞེས་སྒྱུར་ན་ག་འདྲ་རེད། དྲ་གྲོགས་ཚོས་བསམ་ཚུལ་གསུང་དང་།
རྒྱ་གར་རང་གི་མཚན་ལ། །
མ་ཧྰ་མཏྨ་གན་དྷྰི། །
བོད་རྣམས་སེམས་དཔའ་ཆེན་པོ། །
གན་དྷིར་ཆེ་བསྟོད་བྱེད་ཅིང་། །
ཉིས་སྟོང་བདུན་གྱི་ལོ་ལ། །
རྒྱལ་སྤྱིས་འཚེ་མེད་ཞི་བདེ། །
ཉིན་མོ་བསྒྲགས་ནས་འཁྲུངས་ལོ། །
འདི་ལོར་བརྒྱ་དང་སོ་གསུམ། །
སོང་བར་རྟེན་འབྲེལ་མཛད་སྒོས། །
དེ་རིང་དགའ་བསུ་ཞུ་བགྱིད། །