མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲུབ་འབྲས་སྐོར་གླེང་བ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ལམ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་བ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཚོགས་ཆེན་གྱི་གྲུབ་འབྲས་དང་བསམ་ཚུལ་ཕྱོགས་བསྡོམས་སྙན་ཐོའི་ཐད། ཚོགས་བཅར་བ་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་དང་མདོ་སྨད་སྤྱི་འཐུས་སྒྲོན་དཀར་སྐྱབས། དེ་མིན། ཚོགས་ཞུགས་ཐུབ་མེད་པའི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་བཅས་ལ་བཅར་འདྲི་ཞུས་ཡོད།

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ལ་བཅར་འདྲི་ཁག་ཅིག་ཞུས།

དྲི་བ། དེ་རེབ་ཀྱི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྤྱི་ཡོངས་ནས་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། སྤྱིར་བཏང་ང་ཚོགས་འདུར་བཅར་ཏེ་དམིགས་བསལ་རྣམ་དཔྱོད་བཏོན་རྒྱུ་མེད་ཀྱང་། ད་རེབ་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ཉིན་གཉིས་རིང་བཅར་ཐུབ་ན་བསམ་སྟེ་རེ་སྒུག་བྱས་ཀྱང་། གཟུགས་པོ་དྲག་སྐྱེད་མ་བྱུང་སྟབས་བཅར་ཐུབ་མ་སོང་། ཚོགས་འདུའི་གནས་ཚུལ་ཞིབ་ཚགས་པོ་ཞིག་ཤེས་མ་སོང་ཡང་། ངའི་རེ་བ་གཙོ་བོ། སྤྱིར་བཏང་བོད་པའི་གནས་སྟངས་ཕྱོགས་ཡོངས་ནས་བལྟས་པ་ཡིན་ན། འགལ་རྐྱེན་མང་པོ་དང་མཐུན་རྐྱེན་དཀའ་ལས་ཁག་པོ་ཆགས་བསྡད་པའི་གནས་ཚུལ་ཞིག་ཡིན་སྟབས། སྔར་དང་མི་འདྲ་བ་ཞིག་ཡོང་རྒྱུར་དཀའ་ལས་ཁག་པོ་རེད་བསམ་སོང་། གཙོ་བོ། བོད་ནང་རྒྱལ་གཅེས་ལྷག་བསམ་ཅན་དག་གིས་སོ་སོས་སྲོག་ལེགས་སྐྱེས་སུ་ཕུལ་ཏེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྙིང་སྟོབས་ཆེན་པོས་མཛད་རྗེས་བསྐྱངས་པ་དེ་མུ་མཐུད་གནས་ཐུབ་པ་ཞིག་དང་། བོད་ནང་གི་བོད་མི་དེ་དག་ལ་རྗེས་སུ་ཡི་རངས་བྱེད་པར་མཇུག་སྐྱོང་ཡོང་ཆེད་བསམ་ཚུལ་ཡོང་བའི་རེ་བ་བྱས་པ་ཡིན། ད་རེབ་ཀྱི་གྲོས་ཆོད་ནང་༸གོང་ས་མཆོག་ཐུགས་ཕམ་ཐད་ལྷ་དགོངས་དྭངས་གསལ་ཡོང་བའི་གྲོས་ཆོད་ཅིག་བཞག་འདུག ཉེ་ཆར་༸གོང་ས་མཆོག་གིས་ལ་དྭགས་སུ་བཀའ་སློབ་གནང་བ་དེ་ངས་མཐོང་བྱུང་། གནས་ཚུལ་དེའི་རིགས་གཙོ་བོ་ཐུགས་ཕམ་བཟོ་མཁན་དེས་ལྷ་དགོངས་དྭངས་གསལ་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། མ་འོངས་པར་གང་མགྱོགས་ཞུ་གི་རེད་བསམ་ཡོད། དེ་ལྟར་མ་བྱས་པ་ཡིན་ན་དྲིན་ལན་ལོག་འཇལ་དང་།  ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཀྱང་མ་འོས་པ་ཞིག་རེད། ༸གོང་ས་མཆོག་ལས་ལྷག་པའི་བོད་ལ་བཀའ་དྲིན་ཆེ་བ་ཞིག་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བར་བྱོན་པའི་ནང་སུ་གང་ཡང་བྱུང་ཡོད་པ་མ་རེད། ལྷག་པར་དུ་ང་ཚོའི་དུས་ཚོད་གཉན་འཕྲང་ཆེན་པོ་འདིའི་སྐབས་སུ་༸གོང་ས་མཆོག་གིས་བོད་ལ་མཛད་རྗེས་བཞག་པ་དེ་དེ་བོད་པ་ཙམ་དུ་མ་ཟད་འཛམ་བུ་གླིང་གིས་ཤེས་བསྡད་པ་ཞིག་རེད།

དྲི་བ། དམིགས་བསལ་ཚོགས་ཆེན་གྱི་མཐའ་མའི་རྒྱབ་གཉེར་སྙན་ཐོའི་ནང་བོད་མི་ཁྲིམས་ལུགས་མཁས་པ་དག་གིས་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་མཁན་རྒྱ་ནག་གི་མགོ་ཁྲིད་རྣམས་ཐེར་འདོན་གྱིས་རྒྱལ་སྤྱིའི་ཐོག་ཁྲིམས་གཏུགས་བྱ་རྒྱུའི་སྐོར་ཞིག་བཀོད་ཡོད་པ་དེར་དགོངས་ཚུལ་གང་འདྲ་ཡོད།

ལན། སྔོན་མ་ནས་རྒྱལ་སྤྱིའི་ཁྲིམས་ཁང་དུ་རྒྱ་ནག་གི་དཔོན་རིགས་ཁྲིམས་གཏུགས་བྱ་རྒྱུའི་སྐད་ཆ་མང་པོ་བྱུང་བ་རེད། ཉམས་ཞིབ་དང་ཞིབ་འཇུག་མང་པོ་བྱས་པ་རེད། དེ་འདྲ་བྱས་ཏེ་ཕན་ཐོགས་འདི་བྱུང་བསམ་པ་ཞིག་བྱུང་མ་སོང་། ད་ལྟ་ཡོང་གི་ཡོད་མེད་ངས་མི་ཤེས། རྒྱལ་སྤྱིའི་ཁྲིམས་དང་འགྲོ་སྟངས་མ་ཤེས་པ་ཡིན་ན་བཤད་རྒྱུ་དཀའ་ལས་ཁག་པོ་རེད། དེའི་རིགས་ལས་སླ་བོ་ཞིག་མ་རེད། དེ་ལས་བོད་ནང་རྒྱལ་གཅེས་ལྷག་བསམ་ཅན་དག་གིས་བསམ་དོན་འགྲུབ་ཆེད་ང་ཚོས་མུ་མཐུད་དེ་རྒྱལ་གཅེས་ལྷག་བསམ་ཞུམ་པ་མེད་པའི་ཐོག་འབད་བརྩོན་ཡོང་ཐབས་བྱས་ཏེ་ཁོང་ཚོའི་དམིགས་ཡུལ་འགྲུབ་ཐུབ་པར་བྱ་རྒྱུ་དང་། ཁོང་ཚོའི་ནང་མི་དང་ཉེ་འབྲེལ་ལ་ཐབས་ཤེས་འདྲ་མིན་གྱི་ལམ་ནས་རྒྱབ་སྐྱོར་རོགས་རམ་གནང་སྟེ། མུ་མཐུད་སེམས་ཤུགས་འཕར་ཐུབ་པ་བྱ་རྒྱུ་ཡོད་པ་རེད་བསམ་གྱི་འདུག ང་ཚོ་མི་མང་པོ་ཞིག་གིས་ང་ཚོས་བཙན་བྱོལ་ནས་རོགས་རམ་བྱེད་པ་ཡིན་ན། རྒྱ་མིས་ཅིག་ལབ་ཀི་རེད་ཟེར་གྱི་ཡོད་པ་རེད། དེ་ལབ་ཡ་ཡོད་པ་མ་རེད་བསམ་གྱི་འདུག ང་ཚོས་ག་རེ་བྱ་མིན་ཐག་གཅོད་མཁན་ང་རང་ཚོ་རེད། རྒྱ་མིའི་ག་རེ་ལབ་མིན་ལ་ལྟ་རྒྱུ་ཡོད་པ་མ་རེད། བོད་པའི་དོན་དག་བོད་པ་རང་གིས་བྱེད་དགོས་པ་རེད། བོད་ནང་ཡོད་མཁན་དང་བོད་ཕྱི་ན་ཡོད་མཁན་གཉིས་ཀ་བོད་ཀྱི་བདག་པོ་རེད། ཚང་མར་འགན་ཡོད་སྟབས་ཚང་མས་བྱེད་དགོས་པ་རེད།

དྲི་བ། སྙན་ཐོའི་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲན་རྟེན་ཁང་དང་། གནས་ཆེན་ཁག་ཏུ་བསྔོ་སྨོན། ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་སྤེལ་དགོས་པ་སོགས་བཀོད་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ང་ཚོ་ནང་པ་སངས་རྒྱས་པ་ཡིན་སྟབས། ཚོགས་བསགས་དགེ་སྦྱོང་བྱས་ཏེ་ལས་དོན་འགྲུབ་པ་དེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དུ་གསུངས་ཡོད། འདས་སོང་རྣམས་ཀྱི་བསམ་དོན་དང་གསོན་པོ་རྣམས་ཀྱི་རེ་བ་འགྲུབ་ཆེད་མཆོད་འབུལ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་ཐོག་གནས་ཆེན་ཁག་ཏུ་རིས་སུ་མ་ཆད་པའི་བླ་ཆེན་དབུ་བཞུགས་ཐོག་འཁུར་བླངས་ཏེ་མཆོད་འབུལ་གནང་རྒྱུ་གལ་ཆེན་པོ་རེད། གཞི་རྒྱ་ཆེ་བའི་ལས་འགུལ་དེ་ག་རེ་ཡིན་མིན་ཤེས་ཀྱི་མེད། འགྲོ་སོང་མང་པོ་བཏང་སྟེ་དཀའ་ལས་བརྒྱབ། འབྲས་བུ་མ་ཐོན་པ་ཡིན་ན་རྒྱུ་མཚན་ཡོད་པ་མ་རེད། གཙོ་བོ་དབུ་ཁྲིད་རྣམ་པར་རག་ལས་ཡོད། ཁོང་ཚོས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། རྩ་བའི་ང་རང་ཚོ་བྱེད་རྒྱུ་མེད་ན་མ་གཏོགས་བྱེད་དགོས་པའི་དུས་ལ་སླེབས་ཡོད། ལས་འགུལ་སྐབས་གཞུང་མང་མཉམ་རུབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱལ་སྤྱིའི་ས་གནས་གཞན་དུ་རང་ལུས་མེར་བསྲེཊ་བཏང་བའི་གནས་ཚུལ་ལ་རྒྱབ་སྐྱོར་ཚད་མཐོ་བོ་རག་པ་དང་ང་ཚོར་མ་རག་པ་དེ་ང་ཚོའི་ཕྱག་ལས་གནང་སྟངས་ལ་ནོར་འཁྲུལ་ཤོར་ཏེ་བྱུང་བ་ཞིག་མ་རེད། གཙོ་བོ་རྒྱལ་སྤྱིའི་ཁོར་ཡུག་གི་ཆ་ནས་རྒྱ་ནག་ལ་བསྟུན་མཁས་བྱ་དགོས་ཆགས་པ་དང་། རྒྱལ་ཁབ་ཁག་གིས་ཀྱང་སོ་སོའི་ཁེ་ཕན་ཨང་དང་པོར་བཞག་ཏེ་ལས་ཀ་བྱེད་ཀྱི་ཡོད། བོད་པ་ནུས་མེད་ཡིན་སྟབས་རོགས་པ་བྱས་ཀྱང་ཁོང་ཚོར་ཁེ་ཕན་རག་རྒྱུ་མེད་པ་ཤེས་ཀྱི་ཡོད། དེར་བརྟེན། ལོ་གཞོན་པ་ཚོར་ཤེས་ཡོན་ཡར་རྒྱས་དང་། ལྷག་པར་དུ་རྒྱལ་སྤྱིའི་ཤེས་ཡོན་ཐོག་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

སྤྱི་འཐུས་ཚོགས་ཟུར་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་བཅར་འདྲི་ཁག་ཅིག་ཞུས།

 དྲི་བ། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཚོགས་པའི་གྲུབ་འབྲས་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། སྤྱི་ཡོངས་ཀྱི་ཐོག་ནས་ད་རེབ་ཀྱི་དམིགས་བསལ་ཚོགས་ཆེན་ཡག་པོ་བྱུང་སོང་བསམ་གྱི་འདུག ནམ་རྒྱུན་དྲ་རྒྱ་དང་སྤྱི་ཚོགས་ནང་ཚོགས་འདུ་ཚོགས་ཏེ་གྲུབ་འབྲས་ཐོན་རྒྱུ་མི་འདུག་ཅེས་སྐད་ཆ་ཅིག་བཤད་བསྡད་ཀྱི་ཡོད།  དེ་ཚོའི་གྲས་དེ་དངོས་ཡོད་གནས་ཚུལ་ཞིག་ཆགས་ཀྱི་མི་འདུག  ད་ལྟའི་བར་སྔ་རྗེས་ཚོགས་འདུ་ཚོགས་པ་ལས་ལག་ལེན་རྩ་བ་ཉིད་ནས་བསྟར་མ་ཐུབ་པ་དེ་མ་ཐུབ་པ་རང་རེད། དེ་འདྲའི་གནས་ཚུལ་མང་པོ་ཡོང་གི་རེད། གྲོས་ཆོད་དེ་དག་བཀའ་ཤག་དང་འབྲེལ་བ་ཡོད་པའི་རིགས་བཀའ་ཤག་དང་། སྤྱི་འཐུས་དང་འབྲེལ་བ་ཡོད་པའི་རིགས་སྤྱི་འཐུས་ཀྱིས་གནང་གི་ཡོད་པ་རེད། གང་ལྟར་ཐུབ་པ་དེ་དག་ལག་ལེན་བསྟར་ཡོད་པ་རེད། ད་རེབ་ཀྱི་དམིགས་བསལ་ཚོགས་འདུའི་ནང་ང་ཚོ་བོད་པའི་སྤྱི་ཚོགས་ནང་བྱེད་དགོས་པ་དོན་ཚན་ ༡༧ དང་རྒྱལ་སྤྱིའི་ནང་གནང་དགོས་པ་དོན་ཚན ༧། ཨེ་ཤ་ཡའི་ནང་གནང་དགོས་པའི་དོན་ཚན་ ༨ བཅས་ཡོད་པ་རེད། དེ་དག་ལ་སྤྱི་ཡོངས་ནས་བལྟས་ཡོང་དུས་མང་པོ་ཞིག་ང་ཚོའི་གནང་བསྡད་པ་རང་རེད། ཡིན་ནའང་། རྗེས་མར་ལས་འགུལ་དེ་འདིས་བྱས་པ་རེད་ཟེར་བ་ཙམ་མ་ཡིན་པར། ཚོགས་བཅར་བ་ ༤༣༢ ཚང་མས་མོས་མཐུན་ཐོག་གནང་བ་ཞིག་ཡིན་སྟབས། ལས་འགུལ་དེ་རྩོམ་པའི་སྐབས་སུ་ནུས་པ་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག  ཡིན་ནའང་། རེ་ཟུང་གང་འདྲ་བྱས་ཏེ་ལག་ལེན་བསྟར་མིན་བཤད་ཤེས་ཀྱི་མ་རེད། ལྷག་པར་དུ་རྒྱ་ནག་གཞུང་ལ་འབོད་སྐུལ་བྱས་པའི་རིཊ་དེ། ད་ལྟའི་བར་འབོད་སྐུལ་བྱས་ཀྱང་ཉན་ས་རེད་བསམ་པ་ཞིག་མི་འདུག  རྒྱ་ནག་གི་ལངས་ཕྱོགས་དང་མཁྲེགས་འཛིན་གྱི་སྲིད་ཇུས་ལ་འགྱུར་བ་མ་བཏང་བར་དུ། རྒྱ་ནག་གཞུང་ལ་ལབ་མ་ལབ་མེད་པའི་སྣང་ཚུལ་འདུག རྒྱ་ནག་གཞུང་གིས་ཉན་རྒྱུ་མ་རེད་ཅེས་ང་ཚོ་ཁ་བཙུམ་ནས་མི་འདུག་པར། སུན་པོ་བཟོ་རྒྱུ་ང་ཚོའི་ལས་འགན་རེད།  ང་ཚོས་ཁ་ཐུག་དང་རྒྱལ་སྤྱིའི་སྒྲིག་འཛུཊ་ཁག དེ་མིན་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་བརྒྱུད་ནས་དུས་ནས་དུས་སུ་བོད་ནང་གི་བོད་ནང་གི་ཛ་དྲག་གནས་སྟངས་མཁོ་སྤྲོད་བྱ་རྒྱུ་གལ་ཆེན་པོ་རེད། ད་རེབ་ཀྱི་གྲོས་ཆོད་དེ་དག་སྤྱི་འཐུས་རྒྱུན་ལས་ནས་དོན་ཚན་རེ་རེ་བཞིན་གོ་བསྡུར་གནང་རྗེས། སྤྱི་འཐུས་དང་བཀའ་ཤག་བཅས་འབྲེལ་ཡོད་སོ་སོར་བགར་ཏེ་དུས་ཡུན་ངེས་ཅན་ཞིག་གི་ནང་ཚར་དགོས་པའི་ལམ་སྟོན་ཞིག་དགོས་ཀྱི་རེད་བསམ་གྱི་འདུག

དྲི་བ། ད་རེབ་སྙན་ཐོའི་ནང་མི་རིགས་འཐབ་རྩོད་ཀྱི་འཕྲལ་ཕུགས་ལ་གཞིགས་ཏེ་ཕྲུ་གུ་མང་པོ་གསོ་སྐྱོང་བྱ་རྒྱུ་དང་། ཕྲུ་གུ་གསུམ་ཡོད་པ་རྣམས་ལ་གཞུང་ངོས་ནས་ལྟ་རྟོག་གནང་དགོས་སྐོར་བཀོད་པ་དེ་ལག་ལེན་ཡོང་ངམ།

ལན། སྤྱིར་བཏང་བོད་པའི་སའི་རྒྱ་ཁྱོན་དང་མི་འབོར་བསྡུར་ན་མི་འབོར་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་ང་ཚོ་ཡང་འཛམ་གླིང་ནང་གནས་བསྡད་ཡོད་སྟབས། དེའི་འགྲོས་དང་བསྟུན་ནས་འགྲོ་དགོས་པ་ཞིག་རེད་བསམ་གྱི་འདུག མང་པོ་ཞིག་གིས་ཕྲུ་གུ་སྐྱེས་ཀྱི་ཡོད་ཀྱང་། ཕྲུ་གུ་སྐྱེས་ཏེ་འབྲས་བུ་ཡོད་པ་ཞིག་གི་ཐོག་འཇོག་ཐུབ་པ་ཞིག་དགོས་པ་རེད། ཕྲུ་གུ་མང་པོ་སྐྱེས་ཏེ་སློབ་གྲྭར་གཏོང་མ་ཐུབ། མ་འོངས་པར་མདུན་ལམ་མེད་བསྡད་པ་ཞིག་ཆགས་ན་ཕན་ཐོགས་མེད། ཕ་མ་སོ་སོའི་དངོས་ཡོད་ཀྱི་དཔལ་འབྱོར་གནས་སྟངས་ལ་གཞིགས་ཏེ་ཚད་བཟོས་པ་རེད་བསམ་གྱི་འདུག  མི་འབོར་ཉུང་ཉུང་ཡིན་པ་དེ་ཛ་དྲག་གནས་ཚུལ་ཅིག་རེད། དེ་སོ་སོའི་ངོས་ནས་གནང་རྒྱུ་ཞིག་རེད་བསམ་གྱི་འདུག  ཕྲུ་གུ་གསུམ་ལས་མང་བ་སྐྱེས་བ་ཡིན་ན་གཞུང་གི་ངོས་ནས་གཟིགས་རྟོག་གནང་རྒྱུ་ཡག་པོ་རེད་བསམ་གྱི་འདུག

དྲི་བ། རྒྱབ་གཉེར་སྙན་ཐོའི་ནང་བོད་པ་ཁ་ཆེ་བ་དང་འབྲེལ་ལམ་འཛུགས་རྒྱུ་དང་ལྷོ་ཤར་ཨེ་ཤ་ཡའི་མི་མང་ལ་འབྲེལ་ལམ་འཛུགས་ཕྱོགས་སྐོར་ཞིག་བཀོད་ཡོད་པ་དེར་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། འཛམ་གླིང་ནང་ཆོས་ལུགས་མང་པོ་ཡོད་པའི་ནང་ནས་ཁ་ཆེ་ཆེ་ཤོས་རེད། ང་རང་ཚོས་ཁ་ཆེ་དང་འབྲེལ་བ་བྱ་རྒྱུ་དེ་གནད་འགག་ཆེན་པོ་རེད། དེར་བརྒྱུད་ལམ་ཞིག་འཚོལ་དགོས་ཀྱི་ཡོད་སྟབས། ང་ཚོས་བོད་པའི་ཁ་ཆེ་བ་ཚོ་དང་༧གོང་ས་མཆོག་བརྒྱུད་དེ་ཁ་ཆེའི་བླ་ཆེན་སོགས་ལ་འབྲེལ་བ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་༸གོང་ས་མཆོག་དང་མཉམ་དུ་འབྲེལ་ལམ་རྒྱུན་མཐུད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ལྷག་པར་དུ་དེ་རིང་ཁ་སང་ཁ་ཆེ་དང་ནང་པའི་བར་རྙོག་དྲ་ཞིག་ཡོང་གི་ཡོད། དེའི་རིགས་དེ་ཉེན་ཁ་ཆེན་པོ་ཆགས་ཡོད་སྟབས། འབྲེལ་བ་གསར་འཛུགས་དང་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེན་པོ་རེད།

དེ་བཞིན། ལྷོ་ཤར་ཨེ་ཤ་ཡའི་ནང་གི་རྒྱ་རིགས་དང་འབྲེལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་བོད་ཆོལ་ཁ་གསུམ་གྱི་ས་ཡོངས་རྫོགས་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ཡོད་པ་རེད། རྒྱ་ནག་གི་ད་ལྟའི་གཞུང་དེ་ག་དུས་ཡིན་ཡང་གནས་ཐུབ་པ་ཞིག་མ་རེད། རྒྱ་ནག་གཞུང་དེ་རྒྱ་ནག་མི་མང་གིས་ཡིན་དགོས་པ་རེད་ལ། དངོས་ནས་མི་མང་གི་གཞུང་ཞིག་ཆགས་པའི་རེ་བ་བྱེད་ཀྱི་ཡོད། ད་ལྟའི་གཞུང་དེ་ཚོགས་པ་བྱེ་བྲག་པ་ཞིག་གིས་རྒྱ་ནག་མི་མང་འཁུར་བསྡད་ཡོད་པ་རེད་མ་གཏོགས། མི་མང་ལ་རང་དབང་སོགས་གང་ཡང་མེད་སྟབས། ད་ལྟའི་རྒྱ་ནག་ནང་དངོས་ཡོད་གནས་ཚུལ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། གཞན་ཕར་ཞོག་འཛམ་གླིང་སྤྱི་ཡོངས་ཀྱིས་༸གོང་ས་མཆོག་ཞི་བདེའི་དེད་དཔོན་ཞིག་ལ་ངོས་འཛིན་གནང་གི་ཡོད་ཀྱང་། རྒྱ་ནག་ནང་དུ་༸གོང་ས་མཆོག་ཟེར་དུས་སྡུག་ཅག་ཅིག་ཡིན་པར་རྒྱ་ནག་གཞུང་གིས་བཟོས་ཡོད་པ་རེད། ངོ་མ་ག་རེ་ཡིན་མིན་རྒྱ་ནག་མི་མང་གིས་ཤེས་ཐུབ་པར་བཟོ་རྒྱུ་ང་ཚོའི་ལས་འགན་རེད། དེའི་ཐད་གཞུང་གི་བྱེད་ཐུབ་པ་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་བཅས་ཀྱིས་གནང་དགོས་པ་རེད། རྒྱ་སྐད་ཡག་པོ་ཤེས་མཁན་ཚོས་སྒེར་ངོས་ནས་ཀྱང་གནང་དགོས་པ་རེད།

མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་སུ་བཅར་འདྲི་ཁག་ཅིག་ཞུས།

དྲི་བ། ད་རེབ་དམིགས་བསལ་ཚོགས་ཆེན་ཚོགས་པའི་གྲུབ་འབྲས་ཐོག་སྤྱི་ཡོངས་ནས་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་གྲུབ་འབྲས་ཀྱི་ཐད་ནས་གཞི་རྩའི་ཡག་པོ་བྱུང་སོང་བསམ་གྱི་འདུག བརྗོད་གཞི་སོ་སོ་ལ་དཔག་པའི་མི་མང་གི་བསམ་ཚུལ་དེས་སྲིད་ཇུས་ལ་འགྱུར་བ་ཐེབས་པ་དེ་འདྲ་མིན་ཡང་། མ་འོངས་པར་བཀའ་སྤྱི་གཉིས་ཀྱི་དགོངས་པའི་དཔྱད་གཞིར་གལ་ཆེན་ཆགས་ཡོད་པ་རེད་ལ། ད་རེབ་མི་མང་ལ་རང་ཉིད་ཀྱི་བསམ་ཚུལ་དང་རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས། ལྷག་པར་དུ་རང་ཉིད་ཀྱི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་འགན་འཁུར་བའི་ཐོག་ནས་ག་རེ་བྱ་དགོས་མིན་དང་། འདི་དང་འདི་བྱེད་དགོས་ཞེས་བསམ་ཚུལ་འདོན་སའི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་པ་དེ་ཧ་ཅང་རྩ་ཆེན་པོ་རེད། སྡིངས་ཆ་དེ་བསྐྲུན་པ་དང་མཉམ་དུ་བསམ་ཚུལ་གང་ཡོད་པ་དེ་བསླེབས་སོང་། ད་ལྟའི་བར་ང་རང་གཞུང་མང་ཚོགས་ཆེན་ཐེངས་གཉིས་དང་། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་བཅས་སུ་ཆ་ཤས་ལེན་པའི་གོ་སྐབས་བྱུང་བ་ལས། ད་ལོའི་མི་མང་གི་བསམ་ཚུལ་གླེང་སྟངས་དང་སེམས་ཚོར་བཤད་སྟངས་དེ་དོན་དག་རང་གི་སྟེང་འབབ་ཆེ་བ་ཞིག་དང་། མཇུག་མཐའི་གྲུབ་དོན་ཡང་སྔོན་མ་ལས་ཡག་པོ་བྱུང་སོང་བསམ་གྱི་འདུག

དྲི་བ། དམིགས་བསལ་ཚོགས་ཆེན་སྟེང་གི་བསམ་ཚུལ་ཕྱོགས་བསྡོམས་ཀྱི་སྙན་ཐོ་དེ་ལག་ལེན་བསྟར་ཐུབ་མིན་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ད་རེབ་ཀྱི་བརྗོད་གཞི་ཆེན་པོ་གསུམ་གྱི་ནང་ནས་བོད་པ་རང་གི་སྤྱི་ཚོགས་ནང་ལས་འགུལ་ག་རེ་སྤེལ་དགོས་ཀྱི་ཡོད་མེད་ཐོག་ཚོགས་ཆུང་ཚང་མས་རྒྱབ་སྐྱོར་དེ་ཙམ་ཞིག་ཐོབ་ཡོད་ས་མ་རེད་ལ། སོ་སོའི་ནང་ཚུར་འབབ་རྒྱུ་དེ་ཙམ་ཞིག་འབབ་ཐུབ་མེད་པའི་ཚོར་བ་བྱུང་སོང་། རྒྱ་གར་གཙོས་ལྷོ་ཤར་ཨེ་ཤ་ཡ་དང་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་ཐད་ནས་དགོངས་ཚུལ་གསུང་མཁན་སོ་སོའི་ངོས་ནས་བརྗོད་གཞིའི་ཐོག་བཤད་ཡོང་དུས་གནད་འགག་རང་གི་ཐོག་བབས་ཐུབ་འདུག་བསམ་སོང་། ང་རང་ཉིད་ཀྱི་ངོས་ནས་ལྷོ་ཤར་ཨེ་ཤ་ཁུལ་གྱི་ནང་པའི་རྒྱལ་ཁབ་ཁག་གི་ཆོས་ལུགས་དབུ་ཁྲིད་ཚུར་ངྷ་སའི་ཆོས་ལུགས་ཀྱི་སྡིངས་ཆའི་ཐོག་གདན་ཞུ་དང་། ཁོང་ཚོ་བརྒྱུད་ནས་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་ལ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དེ་སྔོན་མའི་ཚོགས་ཆེན་ཁག་ཏུ་མ་བྱུང་བ་དང་། ལས་འགུལ་གྱི་ཐབས་ལམ་གསར་བ་ཞིག་དང་དམིགས་བསལ་བ་ཞིག་ཏུ་མཐོང་སོང་། གྲུབ་དོན་སྙན་ཐོ་བསྡོམས་རྒྱག་སྐབས་ཟགས་སོང་བའི་ནང་ནས། ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ལམ་ཁ་ཞིག་ཡོད་པ་དེ་འདྲ་ཞིག་འདུག་ཀྱང་། མཐའ་མའི་སྤྱི་བསྡོམས་སྐབས་ཆ་ཚང་བསླེབས་མ་ཐུབ་པའི་གནས་སྟངས་ཆགས་སོང་། ང་རང་གི་ངོས་ནས་དོན་ཚན་དེ་ལག་ལེན་བསྟར་ཐུབ་པ་ཞིག་དང་རྣམ་པ་གསར་བ་ཞིག  ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་ལས་འགུལ་ནང་གལ་ཆེན་པོ་རེད་བསམ་སོང་།

དྲི་བ། གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་འཛུགས་རྒྱུ་དང་གཞུང་སྒེར་གྱི་སྒྲིག་འཛུགས་དང་མཉམ་རུབ་ཀྱིས་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་། ཐའེ་ཝན་གཙོ་བོར་གྱུར་བའི་ཨེ་ཤ་ཡའི་ནང་ལས་འགུལ་སྤེལ་ཕྱོགས་ཐད་ཁོང་གིས། 

ལན། གྲོས་ཆོད་འདི་ཚོགས་ཆུང་ཚང་མའི་ནང་ཤུགས་ཆེན་པོ་གླེང་སྟབས་རང་བཞིན་གྱིས་བསླེབས་སོང་། ང་རང་གི་ངོས་ནས་སྔོན་མའི་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་འགྲོ་སོང་ཕོན་ཆེན་བཏང་བ་དེ་སྤྱི་འཐུས་རྣམ་པ་ཕྱོགས་སྐྱོད་ཐོག་སོང་འདུག་སྟབས། ཡང་བསྐྱར་ཚོགས་ཆུང་ཞིག་བཙུགས་པ་ཡིན་ན། དམིགས་བསལ་ལས་ཀ་ཐོལ་པ་ཞིག་མི་འདུག་བསམ་གྱི་འདུག ལྷག་པར་དུ་དེ་བཙུགས་ཏེ་བོད་ནང་གི་གནས་ཚུལ་དམིགས་བསལ་རག་པ་ཞིག་དང་བོད་ནང་ནུས་པ་ཤུགས་ཆེན་པོ་འཐོན་ཐུབ་པ་ཞིག་ཡོང་གི་མ་རེད་བསམ་སོང་། སྤྱི་ཡོངས་ནས་མང་ཚོགས་ཀྱི་སེམས་ཚོར་ཐོག་ནས་བཤད་པ་དེ་གལ་ཆེན་པོ་ཡིན་ཡང་། ལས་ཀ་རང་གི་ཐོག་ནས་འགྲོ་སོང་ཕོན་ཆེན་པོ་འགྲོ་བ་ལས། གྲུབ་འབྲས་དམིགས་བསལ་བ་ཞིག་ཐོན་རྒྱུ་མ་རེད་བསམ་གྱི་འདུག

ཐའེ་ཝན་གཙོ་བོ་གྱུར་བའི་ཨེ་ཤ་ཡའི་ནང་བོད་དོན་དྲིལ་བསྒྲགས་དང་ལས་འགུལ་སྤེལ་ཕྱོགས་དེ། ནམ་རྒྱུན་ང་རང་དང་འབྲེལ་བ་ཡོད་པའི་བོད་ནང་གི་མཐོ་རིམ་ལས་བྱེད་ཁག་ཅིག་གིས་ཀྱང་། ད་ལྟའི་བོད་ནང་གི་མི་མང་ཚོ་ཤེས་ཡོན་ཡོད་མེད་ལ་མ་ལྟོས་པར་ཆབ་སྲིད་གོ་རྟོགས་ཀྱི་ཆ་ནས་རྒྱ་ནག་མི་མང་དང་བསྡུར་ན་ཚད་མཐོན་པོར་བསླེབས་བསྡད་ཡོད་སྟབས། རྒྱ་རིགས་མི་མང་གི་སེམས་ཁམས་ལེན་ཐབས་ལ་འབད་རྒྱུ་དང་། དེ་ཡང་བོད་ཕྱི་ནང་གཉིས་སུ་གནས་པའི་བླ་ཆེན་ཁག་དང་གྲྭ་བ། ལས་བྱེད་བཅས་ཀྱིས་འགན་འཁུར་ཏེ་རྒྱ་རིགས་ཚོར་བོད་ཀྱི་གནས་སྟངས་འགྲེལ་བཤད་ཡག་པོ་ཞིག་རྒྱག་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གི་དམིགས་བསལ་སྲིད་འཛིན་ས་ཁུལ་སོགས་སུ་བརྒྱུད་ལམ་གྱི་ཐོག་ནས་སྡིངས་ཆ་བཟོས་ཏེ་རྒྱ་ནག་མི་མང་གི་སེམས་ཁམས་འགུག་ཐབས་དང་། གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་གླེང་གི་འདུག ད་ལྟའི་ཆར་བཙན་བྱོལ་ནང་འབྲེལ་བ་ལས་ཁུངས་སོགས་ལས་ཁུངས་ཁག་ཅིག་ཡོད་པ་དེ་མ་འོངས་པར་རྒྱ་ཆེ་རུ་བཏང་སྟེ་རྒྱ་ནག་མི་མང་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན། རྒྱ་གར་ནང་ལ་མཚོན་ནའང་། མི་མང་གིས་བོད་ཀྱི་གནད་དོན་ཧ་གོ་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེ་བོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་དང་། བོད་ཀྱི་གནད་དོན་མ་སེལ་བ་ཡིན་ན་ས་མཚམས་ཀྱི་དཀའ་རྙོག་དེ་སེལ་ཁག་པོ་ཆགས་ཡོད། དེའི་ཐད་ཚོགས་འདུའི་ནང་བོད་པའི་སིལ་ཚོང་བའི་ས་གནས་ཁག་དང་རྒྱ་གར་ཡུལ་སྐོར་བ་ཡོང་སའི་ས་གནས་ཁག  རྒྱ་གར་དང་བོད་པའི་དགོན་སྡེ་ཁག་སོགས་སུ་སྟབས་བདེའི་འགྲེམས་སྟོན་ཁང་གསར་འཛུགས་ཀྱིས་བོད་དོན་དྲིལ་བསྒྲགས་བྱ་རྒྱུའི་ལས་འགུལ་དེ་གལ་ཆེན་པོར་མཐོང་སོང་།

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་སུ་བཅར་འདྲི་ཁག་ཅིག་ཞུས།

དྲི་བ། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་གྲུབ་འབྲས་ཐོག་སྤྱི་ཡོངས་ནས་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། ད་རེབ་ཚོགས་ཆེན་གྱི་མིང་ལ་དམིགས་བསལ་ཚོགས་ཆེན་ཞེས་འབོད་ཀྱི་ཡོད་སྟབས། དོན་དག་གལ་ཆེན་པོ་གཅིག་རང་གི་ཐོག་ག་རེ་བྱེད་དགོས་མིན་དང་ག་རེ་བྱ་ཐུབ་མིན། ག་རེ་བྱ་རྒྱུ་ཡིན་མིན་བཅས་ཀྱི་ཐོག་ཚོགས་པ་རེད། རྩ་བའི་དམིགས་བསལ་ཚོགས་ཆེན་ཚོགས་ཐུབ་པ་ཙམ་གྱིས་རྒྱལ་སྤྱི་དང་། ལྷག་པར་དུ་རྒྱ་ནག་དམར་བོའི་སྲིད་གཞུང་བཅས་མང་པོ་ཞིག་ལ་དོ་སྣང་དང་ཆེ་མཐོང་བསླེབས་པའི་གོ་སྐབས་ཞིག་ཆགས་ཡོད་པར་ང་རང་གིས་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་། ད་རེབ་དམིགས་བསལ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། ལྷག་པར་དུ་བོད་ནང་རང་གི་གཅེས་པའི་ལུས་སྲོག་མཆོད་མེར་ཕུལ་བ་དེའི་ཐད་ང་ཚོས་ག་རེ་བྱ་དགོས་པ་རེད་ཅེས་ཚོགས་ཡོད་སྟབས། ང་རང་གིས་ལས་འགུལ་སྤེལ་ཕྱོགས་དང་གྲུབ་འབྲས་དམིགས་བསལ་ཞིག་ཐོན་པའི་རེ་བ་བྱས་ཀྱང་། དེ་འདྲའི་དམིགས་བསལ་བ་ཞིག་འཐོན་མ་སོང་བསམ་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་འོག་ཚོགས་པ་གཞིར་བཟུང་གིས་བཀའ་བསྡུར་ལྷུག་པོ་ཞིག་དང་། དོན་དང་ལྡན་པ་ཞིག་བྱུང་མི་འདུག་བསམ་སོང་། ལྷག་པར་དུ་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་ནས་བོད་ནང་ཧ་ཅང་ཛ་དྲག་ཆགས་ཡོད་ཀྱང་། ཚོགས་ཆུང་མང་པོ་ཞིག་གི་ནང་སྐད་ཆ་རྙིང་པ་རང་འཁུར་ཡོང་སྟེ། ལངས་ཕྱོགས་དང་ལྟ་བ་སོགས་ཀྱི་ཐོག་དུས་ཚོད་མང་པོ་ཞིག་བཏང་བསྡད་སྟབས། ང་ཚོའི་ལས་འགུལ་སྤེལ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་དང་སྤྱི་སྒེར་མང་པོ་ཞིག་ལ་ཡོད་བཞག་པ་དེའི་ཐོག་ནུས་པ་ཆེ་རུ་གཏོང་དགོས་ཞེས་པ་མ་གཏོགས། དམིགས་བསལ་འདི་བྱས་ཏེ་རྒྱལ་སྤྱིའི་ནང་འགུལ་ཀྱོག་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཟེར་བ་ཞིག་བྱུང་མ་སོང་། བོད་ནང་གི་གནས་སྟངས་ལ་ལྟ་བ་དང་ལངས་ཕྱོགས་དགོས་ཀྱི་མེད་སྟབས། དེར་ང་ཚོས་གང་འདྲ་བྱ་མིན་ཐོག་ནུས་པ་དེ་ཙམ་ཞིག་ཐོན་ཐུབ་མེད་པ་དེ་གསལ་བོ་རེད།

དྲི་བ། ད་རེབ་དམིགས་བསལ་ཚོགས་ཆེན་ཐོག་རྒྱབ་གཉེར་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། དམིགས་བསལ་ཚོགས་ཆེན་ཐོག་གི་གླེང་སློང་མིང་པོ་ཞིག་དམིགས་བསལ་ཚོགས་ཆེན་ནང་གནང་རྒྱུ་ཞིག་མ་རེད། རྒྱལ་ཡོངས་ཚོགས་ཆེན་གྱི་ཐོག་ང་ཚོའི་ཆོས་དང་རིག་གཞུང་གང་འདྲ་བྱ་དགོས་མིན་དང་། ནུས་པ་གང་ཞིག་ཆེ་རུ་གཏོང་དགོས་མིན་གླེང་སྟེ་ཁྱབ་ཆེན་པོ་དང་ཡུན་རིང་པོའི་གནས་ཚུལ་ཐོག་གོ་བསྡུར་གནང་དགོས་པ་རེད།  ད་ལྟའི་བར་ང་རང་བཅར་མ་མྱོང་ཡང་དེིའི་རིགས་གླེང་རྒྱུའི་གོ་སྐབས་མང་པོ་འདུག ད་རེབ་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་འགུལ་ཀྱོག་ཅིག་དང་རྒྱ་ནག་ལ་བརྡ་ལན་ཞིག་སྤྲད་དེ་བསམ་བློ་གཏོང་གཞི་ཞིག་འཇོག་དགོས་པ་རེད། ལས་འགུལ་དེ་དག་ཕུགས་རྒྱང་རིང་པོའི་ལས་འགུལ་ལྟ་བུ་དང་། དོན་དག་ཐོག་བསླེབས་མ་ཐུབ་པར་བཀྲམས་བསྡད་པའི་རྣམ་པ་ལས། སང་ཉིན་དང་གནངས་ཉིན་ག་རེ་བྱ་མིན་དང་། ཟླ་བ་གཅིག་ནང་དང་ཟླ་བ་གཉིས་ཀྱི་ནང་ག་རེ་བྱ་མིན་སོགས་ཀྱི་ལམ་སྟོན་གསལ་བོ་ཞིག་དགོས་པ་རེད། དེ་འདྲའི་ལམ་སྟོན་མེད་པ་ཡིན་ན་བོད་ནང་གི་ཛ་དྲག་གནས་སྟངས་བསྐྱབ་རྒྱུ་དཀའ་ལས་ཁག་པོ་རེད། བོད་ནང་རང་ལུས་མེར་བསྲེགས་མི་ ༥༤ ལ་བསླེབས་བསྡད་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་ཚོགས་ཏེ་ད་ལྟའི་བར་ལས་འགུལ་འདི་ཡིན་ཞེས་པ་ཞིག་བྱུང་མ་སོང་།

དྲི་བ། དམིགས་བསལ་ཚོགས་ཆེན་གྱི་སྙན་ཐོ་ཁག་མ་འོངས་པར་ལག་བསྟར་གནང་ཕྱོགས་གང་འདྲ་ཡོད་དམ།

ལན། ད་ལྟའི་བར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་དང་། རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་ཚོགས་པ་རེད། ད་ལྟའི་བར་ང་རང་ཉིད་ལས་ཀའི་ངོ་བོའི་ཆ་ནས་བོད་མིའི་སྤྱི་ཚོགས་ཀྱི་གང་སར་བསླེབས་བསྡད་མཁན་ཞིག་ཡིན་པའི་ཆ་ནས། དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དང་ཐེངས་གཉིས་པ་བསྡུར་བ་ཡིན་ན། མི་མང་ནང་འགྱུར་བ་ཆེན་པོ་ཞིག་ཐེབས་འདུག དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་སྐབས། ཚོགས་བཅར་བས་འཚང་ཁ་བརྒྱབ་སྟེ་གོ་སྐབས་མ་རག་པའི་གནས་ཚུལ་བྱུང་བ་རེད། བགྲོ་གླེང་རབ་དང་རིམ་པ་གོ་སྒྲིག་བྱས་ཏེ་མི་མང་ནང་རེ་བ་དང་ཡིད་ཆེས་ཆེན་པོ་བྱས་པ་རེད། སྐབས་དེའི་གྲོས་ཆོད་རིམ་པའི་ཐོག་ལས་ཀ་བྱས་ཡོད་ཀྱང་གནང་སྟངས་ཀྱི་ཐོག་ནས་འགྱུར་བ་མ་བཏང་བ་ཡིན་ན། ག་ལེར་དམིགས་བསལ་ཚོགས་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གྱི་ནུས་པ་ཉམས་འགྲོ་བཞིན་འདུག ཚོགས་བཅར་བའང་ཉུང་དུ་འགྲོ་བཞིན་འདུག བོད་པའི་སྤྱི་ཚོགས་ནང་བཀའ་མོལ་མང་པོ་ཞིག་རང་བཞིན་གྱིས་ལྷག་ཡོང་གི་ཡོད། ཚོགས་འདུ་ཚང་མར་ཁྲིམས་ཀྱི་ནུས་པ་ཡོད་པ་ཞིག་བཟོ་དགོས་པ་ཆགས་ཀྱི་མེད་ཀྱང་། དམིགས་བསལ་ཚོགས་ཆེན་ལྟ་བུར་མཚོན་ན། བཙན་བྱོལ་བོད་མི་གནས་སྡོད་ཚང་མའི་སྐུ་ཚབ་ཡོང་སྟེ་མི་མང་གི་བསམ་ཚུལ་སྤུངས་ཡོད་སྟབས། མ་མཐར་ཡང་གྲོས་ཚོགས་ནང་བཀའ་བསྡུར་དང་གྲོས་ཆོད་ཀྱི་ལམ་ནས་ཁྲིམས་ཐོག་ནས་བྱེད་དགོས་པ་གང་ཡིན་མིན་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ག་རེ་གོ་སྒྲིག་གནང་དགོས་མིན། འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་ཀྱིས་གང་གནང་དགོས་མིན་ཐོག་གོ་བསྡུར་ཐག་གཅོད་ཅིག་གནང་དགོས་པ་རེད་དྲན་ཡོད། ལྷག་པར་དུ་མ་འོངས་པར་གྲོས་ཆོད་ཁག་ལས་གནང་མ་ཐུབ་པ་གང་དང་གནང་ཐུབ་པ་གང་ཡིན་མི་མང་ལ་གསལ་བོར་བཟོ་རྒྱུ་གལ་ཆེན་པོ་རེད།

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༦༩ ལས་འདིར་བདམས་བཀོད་བྱས།༽

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ གནས་ཚུལ་དེའི་རིགས་གཙོ་བོ་ཐུགས་ཕམ་བཟོ་མཁན་དེས་ལྷ་དགོངས་དྭངས་གསལ་ཞུ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ། མ་འོངས་པར་གང་མགྱོགས་ཞུ་གི་རེད་བསམ་ཡོད། དེ་ལྟར་མ་བྱས་པ་ཡིན་ན་དྲིན་ལན་ལོག་འཇལ་དང་། ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཀྱང་མ་འོས་པ་ཞིག་རེད། ཅེས་དང་།
    ་་་་་་ ད་ལྟའི་བར་ང་རང་གཞུང་མང་ཚོགས་ཆེན་ཐེངས་གཉིས་དང་། དམིགས་བསལ་ཚོགས་ཆེན་ཐེངས་གཉིས་བཅས་སུ་ཆ་ཤས་ལེན་པའི་གོ་སྐབས་བྱུང་བ་ལས། ད་ལོའི་མི་མང་གི་བསམ་ཚུལ་གླེང་སྟངས་དང་སེམས་ཚོར་བཤད་སྟངས་དེ་དོན་དག་རང་གི་སྟེང་འབབ་ཆེ་བ་ཞིག་དང་། མཇུག་མཐའི་གྲུབ་དོན་ཡང་སྔོན་མ་ལས་ཡག་པོ་བྱུང་སོང་བསམ་གྱི་འདུག ་་་་ཡང་།
    ་་་་་ སང་ཉིན་དང་གནངས་ཉིན་ག་རེ་བྱ་མིན་དང་། ཟླ་བ་གཅིག་ནང་དང་ཟླ་བ་གཉིས་ཀྱི་ནང་ག་རེ་བྱ་མིན་སོགས་ཀྱི་ལམ་སྟོན་གསལ་བོ་ཞིག་དགོས་པ་རེད། དེ་འདྲའི་ལམ་སྟོན་མེད་པ་ཡིན་ན་བོད་ནང་གི་ཛ་དྲག་གནས་སྟངས་བསྐྱབ་རྒྱུ་དཀའ་ལས་ཁག་པོ་རེད། བོད་ནང་རང་ལུས་མེར་བསྲེགས་མི་ ༥༤ ལ་བསླེབས་བསྡད་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་ཚོགས་ཏེ་ད་ལྟའི་བར་ལས་འགུལ་འདི་ཡིན་ཞེས་པ་ཞིག་བྱུང་མ་སོང་། ་་་ཟེར།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དོན་གོ་ལགས།
    བོད་སྐད་ནང་ལ། ད་རེས་དང་ད་ལན་ཞེས་པ་པའི་ཚིག་གཉིས་ཡོད། ད་རེབ་ཅེས་པ་འདི་ཡི་ཁུངས་གང་དུ་ཡོད་དམ། ཡང་། སྲུང་བརྩིའམ་སྲུང་རྩི་ལ། སྲུང་གཙི་འབྲི་སྲོལ་གསར་པ་འདི་ཡི་ཁུངས་ག་བ་ཡོད་རེད། སུ་རུང་གཅིག་གིས་གསལ་བཤད་གནོངས་རོགས།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    སྐུ་ངོ་ཁྲི་ཟུར་མཆོག་ལ་བསྙུང་གཞི་ཕོགས་པ་དེ་བློ་ཕམ་པོ་རེད། སྐུ་ངོ་ཁོང་སྐུ་ཡོན་ཅན་དེ་འདྲ་མིན་ཡང་དེ་སྔ་ཞིག་ནས་རྒན་རབས་པ་ལྷག་བསམ་ཅན་ཞིག་ཏུ་མཐོང་གི་ཡོད། ཁ་སང་ནོར་གླིང་ནས་རྩོམ་པ་པོའི་ཚོགས་འདུ་གྲོལ་རྗེས་སྤངས་ཁར་ངལ་གསོ་དུས། སྐུ་ངོས་ལག་ཏུ་ཕྱག་ཕྲེང་ཅིག་བཟུང་ནས་ཚུར་ཕེབས་ཀྱི་འདུག སྐུ་ངོ་ཅུང་ཙམ་བཞུགས་རོགས་ཞུས་ཀྱང་དངོས་གནས་བསྙུང་གཞིས་བདེ་བོ་མེད་པ་བལྟས་ན་ཚོར་གྱི་འདུག སྐབས་དེར་དེ་རིང་གི་དྲི་བ་དང་པོའི་ནང་གི་འཕྲོས་མོལ་ཁ་ཤས་ཐད་བསམ་ཚུལ་ཞུ་བསམས་པ་ཡིན་ཡང། དེ་རིང་སྐུ་ངོ་དངོས་གནས་ལྷ་རང་བབས་གནང་ནས་༧གོང་ས་ཆེན་པོ་ཐུགས་ཕམ་གྱི་ལས་གཉེར་བ་ཚོས་གང་མགྱོགས་དགོངས་སེལ་ཞུ་དགོས་པའི་དགོངས་ཚུལ་བཏོན་འདུག དེ་དངོས་གནས་ཡག་པོ་རེད། མི་རྒན་པ་དང་མཁས་མྱོང་ཅན་གྱི་བཀའ་མོལ་རེད་བསམས་སོང་བས། དེའི་ཐད་ཤུགས་བསྐྱོན་རྒྱུར་འབོད་སྐུལ་ཞུ་ཡི་ཡིན།།

    Reply
  4. ཤག་སྒང་པ། says:
    ལོ་ 13 སྔོན།

    ཀརྨ་ལེགས་བཤད་ལགས་ལ་བཀྲིས་བདེ་ལེགས།

    བཙན་བྱོལ་བོད་མི་རྣམས་ཁ་འཐོར་དུ་གྱུར་དང་འགྱུར་གྱིན་ནང་མི་འཁོན་རྐྱེན་གྱིས་རྩོད་རྙོག་ཀྱང་ཇེ་མང་དུ་འགྲོ་ངེས་བརྟེན།

    ཁྱེད་ཀྱི་ཕྱག་ལས་ནི་བོད་མིའི་ཆིག་སྒྲིལ་གྱི་ནུས་ཤུགས་དང་འབྲེལ་བས། དུས་བབ་ནས་ཁོང་ལ་བཅར་འདྲི་བྱས་པ་དེ་ཡག་པོ་ཞིག་མིན་འགྲོ། ཚང་མར་བཀྲིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese