མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་གྱི་ལྡེ་མིག

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

ཉེ་ཆར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྲིད་སྐྱོང་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་འཐབ་རྩོད་འབོད་སྒྲ་གཅིག་གི་འོག་ལ་འགྲོ་དགོས་པའི་བཀའ་སློབ་གནང་ཡོད་ཀྱང་དོན་དམ་པའི་འབོད་ཚིག་གཅིག་གི་འོག་ལ་འགྲོ་རྒྱུ་ཧ་ཅང་དཀའ་མོ་རེད། དབུ་མའི་ལམ་འདི་མ་བྱུང་བའི་ཡར་སྔོན་དུ་བོད་གཞུང་དམངས་གཉིས་ཀ་ལངས་ཕྱོགས་གཅིག་པ་ཡིན་པས་གཞུང་དམངས་རྡོག་རྩ་གཅིག་ཏུ་བསྒྲིལ་དགོས་ཞེས་བཤད་ན་དཀའ་མོ་ཞིག་མིན་ཡང་། ད་ནི་དུས་ཚོད་འགྱུར་ཟིན་པས་དེ་འདྲ་ཡོང་དཀའ། ཕྱོགས་ཁག་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་རང་དོན་ཁོག་བཅུག་དང་། གནས་ཚུལ་མ་རྟོགས་མཁན། ཕུགས་ཀྱི་བསམ་བློ་མི་ཐོངས་མཁན། ཚོར་བའི་རྗེས་འབྲང་བ་སོགས་མཚན་སྨད་ཅི་ཙམ་བེད་སྤྱད་རུང་དེ་ནང་ཁུལ་དམ་ཚིག་ལ་གས་ཆག་ཇེ་ཆེར་འགྲོ་བའི་རྒྱུ་ཞིག་ལས། གཅིག་གིས་རང་གི་ལྟ་བ་དོར་ནས་གཞན་དག་དང་གཅིག་ཏུ་འཐིམ་འགྲོ་རྒྱུ་ཧ་ཅང་དཀའ་མོ་ཡིན་པ་དེ་དངོས་ཡོད་རེད། དེ་འདྲ་ཡོང་རྒྱུར་རེ་སྒུག་བྱས་པ་གླེན་པའི་རྟགས་དང་། དེ་ལྟར་མ་བྱུང་ན་ཁྲེལ་མེད་དང་བསམ་མེད་དུ་བརྩི་བ་རང་ཉིད་བསམ་མེད་ཡིན་པའི་རྟགས་རེད། དེ་ནི་གཡོལ་དུ་མེད་པའི་བདེན་དོན་རེད། གནད་དོན་འདི་ཕན་ཚུན་གཉིས་དང་ལྷག་པར་དུ་དབུ་མ་བ་དག་དང་གཞུང་གི་དབང་འཛིན་པ་དག་གིས་མཁྱེན་དགོས།

འོ་ན་ད་ནི་ང་ཚོར་གཞུང་དམངས་གཉིས་འབོད་སྒྲ་གཅིག་གི་འོག་ཏུ་འགྲོ་ཐུབ་པའི་ཐབས་ལམ་ཞིག་མེད་པ་ཡིན་ནམ་ཞེ་ན། ངའི་བསམ་པར་མེད་པ་མིན་པར་ཡོད་དེ། བོད་གཞུང་གི་ལངས་ཕྱོགས་དེ་དབུ་མ་དང་རང་བཙན་གང་ལ་ཡང་ཉེ་རིང་མི་བྱེད་པའི་བཏང་སྙོམས་ཤིག་བཟུང་སྟེ། འཐབ་རྩོད་ཀྱི་དམིགས་ཡུལ་གཙོ་བོ་རང་ཐག་རང་གཅོད་ལ་བྱེད་རྒྱུ་དེ་རེད། འདི་ནི་དབུ་མ་དང་རང་བཙན་གཉིས་ཀ་ལ་བསྟུན་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཡང་ཡོད་པས། དོན་དམ་པའི་སྟོབས་ཤུགས་ཤིག་ཡིན་པར་ངས་བསམ། འདི་ནི་དབུ་མ་དང་བསྒྲིག་ཐུབ་ལ་རང་བཙན་དང་བསྟུན་ཐུབ། དེར་མ་ཟད་བོད་ནང་གི་འབོད་སྒྲ་དང་ཡང་བསྟུན་ཐུབ། འདིའི་ནང་དུ་གཞོན་སྐྱེས་ཀྱི་ཚོར་བའི་འབོད་སྒྲ་ཤོང་ཐུབ་ལ། རྒན་རབས་ཀྱི་མྱོང་བའི་རིགས་ལམ་ཤོང་ཐུབ། འདི་ནི་ཆིག་སྒྲིལ་གྱི་ལྡེ་མིག་ཡིན།

གཞུང་ཞིག་གི་སྲིད་ཇུས་ཡིན་ན་དེའི་འོག་ན་འབངས་སུ་གཏོགས་པའི་རིས་སུ་མ་ཆད་པའི་མི་མང་གི་མངོན་འདོད་ཐམས་ཅད་ཤོང་བའི་གུ་ཡངས་པ་འདི་འདྲ་ཞིག་དགོས་པ་ལས་ཕྱོགས་གཅིག་གི་འདོད་ཚུལ་ཙམ་ལ་ལྷུང་བ་ནི་སྲིད་གཞུང་བཟང་པོ་ཞིག་གི་ཁྱད་ཆོས་མིན། ད་ལྟའི་ང་ཚོའི་གཞུང་གི་ལངས་ཕྱོགས་དེ་ཡང་དེ་འདྲ་བ་ཞིག་ཏུ་འགྱུར་བཞིན་འདུག གང་ལགས་ཤེ་ན་ད་ནི་གཞུང་དང་འབྲེལ་བ་ཐོགས་པའི་སྐྱེ་བོ་ཞིག་ཕར་ཞོག མི་སེར་དཀྱུས་མ་ཞིག་གིས་ཀྱང་མང་ཚོགས་དཀྱིལ་དུ་བོད་གཞུང་ཞེས་པའི་ཚིག་འདི་ཙམ་ཡང་བློ་ཁོག་ཅིག་མ་བསྐྱེད་པར་འབོད་རྒྱུར་འཚེར་སྣང་བྱེད་ཀྱི་ཡོད། ཅི་སྟེ་སུ་ཞིག་གིས་བཙན་བྱོལ་བོད་གཞུང་ཞེས་བོས་ན་ནང་སྙིང་མེད་པའི་མི་རེ་ཟུང་གིས་དེ་མ་ཐག་ཏུ་ཁྱོད་ཀྱིས་སྐད་ཆ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཐུན་མི་འདུག་ཅེས་མི་ཤེས་ཤེས་མདོག་གིས་ཁ་རྡུང་གཏོང་བར་འཛེམས་བག་མི་བྱེད་པའི་གནས་སྟངས་ཡ་ང་བ་ཞིག་ལ་གྱུར་འདུག འདི་ནི་གཞུང་གི་ལངས་ཕྱོགས་ལ་ཤོང་རྒྱ་མེད་པའི་དབང་གིས་རེད།

རང་ཐག་རང་གཅོད་ཀྱི་ངོ་བོ།

དེས་ན་སྐབས་སུ་བབ་པ་རང་ཐག་རང་གཅོད་ཅེས་པ་དེ་མཚམས་སྦྱོར་ཅུང་ཟད་བྱེད་དགོས། སྤྱིར་ན་གུས་པ་རྒྱལ་སྤྱིའི་སྲིད་དོན་ཚན་རིག་ལ་སྦྱང་པ་བྱས་པའི་མཁས་པ་ཞིག་མིན་པས་ཞིབ་ཚགས་པོ་ཞིག་དང་གཏིང་ཟབ་མོ་ཞིག་ཞུ་མི་ཐུབ་པས་འདིའི་ཐོག་ལ་གཞུང་གི་ངོས་ནས་མང་ཚོགས་ལ་ཟབ་སྦྱོང་སློབ་སྟོན་མང་དུ་བྱེད་དགོས། རང་ཐག་རང་གཅོད་ཅེས་པ་ནི་དབྱིན་ཡིག་ནང་(self-determination) ཞེས་པ་དེའི་ཐད་དུ་བསྒྱུར་བའི་བོད་ཚིག་ཡིན། ཚིག་འདི་སྔོན་མ་ནས་རང་རེས་དབྱིན་ཚིག་འདིའི་ཐད་དུ་བེད་སྤྱོད་བྱས་ཟིན་པ་ཞིག་ཡིན་པ་ལས་ཁོ་བོས་གསར་བཟོ་བྱས་པ་ཞིག་མིན།

རང་ཐག་རང་གཅོད་ཅེས་པ་འདི་ཐོག་མར་གསར་གཏོད་པ་པོ་ནི་ཨ་རིའི་སྲིད་འཛིན་ཝུཌརོ་ཝིལསོན་(Woodrow Wilson)་ཞུ་བ་ཡིན་འདུག ཕྱི་ལོ་ ༡༩༤༡ ལོར་བཟོས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་གཞི་འཇོག་ས་གཙོ་བོ་དེ་ཡང་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ཁོ་ན་ཡིན་འདུག་ཅིང་། རང་ཐག་རང་གཅོད་ཟེར་བ་འདི་འཛམ་གླིང་ཆབ་སྲིད་ཀྱི་ནང་དུ་ཚང་མའི་སེམས་སུ་ཁྲིགས་སེ་ཡོད་པའི་བལྟ་གྲུབ་ཅིག་ཡིན་འདུག་པས་འདིའི་སྐོར་ལ་མི་སུ་ཡིན་རུང་མགོ་རྨོངས་པའི་གཞི་རྩ་མེད། དེ་ལས་ལྡོག་སྟེ་རང་ཅག་གི་དབུ་མའི་ལམ་ལྟ་བུ་ཡིན་ན་དེ་ལྟར་མིན་པར་མི་སུས་ཀྱང་འགྲེལ་བཤད་གང་དུ་རྒྱབ་ཆོག་ཆོག་ལྟ་བུ་ཞིག་ཏུ་གྱུར་འདུག་པས་སྐབས་རེར་དབུ་མའི་ལམ་པ་དག་ལ་མི་དམངས་ལ་མགོ་སྐོར་གཏོང་གིན་ཡོད་པའི་སྙོན་འཛུགས་ཡོང་གི་ཡོད་པ་དེ་ཡང་གནད་དོན་འདི་ལ་ཐུག་པ་རེད། གཤམ་དུ་ཁོ་བོས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ནང་དུ་རང་ཐག་རང་གཅོད་ཅེས་པའི་འགྲེལ་བཤད་ཅི་ཡིན་འཛམ་གླིང་ཝེ་ཁི་རིག་མཛོད་ལ་གསལ་བ་དེ་བོད་ཡིག་ཏུ་དོན་བསྒྱུར་བྱས་ནས་འགོད་རྒྱུ་ཡིན།

རང་ཐག་རང་གཅོད་ནི་མི་རིགས་ཁག་གི་རང་ཐག་རང་གཅོད་དམ་མདོར་བསྡུས་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་ཁྲིམས་གཞི་གཙོ་བོའི་ཀ་བ་ལྟ་བུ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ལ་དེའི་བཅའ་ཁྲིམས་གྱི་འབྲུ་དོན་བཞིན་རྒྱལ་སྤྱིའི་ཁྲིམས་སུ་བཅོས་བསྒྱུར་དབང་ཚད་ཡོད། དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཞག་མི་རིགས་ཚང་མར་ཕྱིའི་ཐེ་གཏོགས་དང་གནོན་ཤུགས་མེད་པར་རང་རང་ཆབ་སྲིད་གནས་བབ་རང་བཙན་ནམ་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་གཞན་གང་ཡིན་རུང་རང་དབང་གིས་འདེམས་པའི་ཐོབ་ཐང་ཡོད། དེ་ནི་ཨ་རིའི་སྲིད་འཛིན་རོསི་ཝོལཊི་དང་། དབྱིན་ཇིའི་སྲིད་བློན་ཆརཆ་ཧིལ་རྣམ་པ་གཉིས་ཀྱིས་ཕྱི་ལོ་ ༡༩༤༡ ཟླ་ ༨ ཚེས་ ༡༤ ཉིན་མཚན་རྟགས་བཀོད་ནས་དམ་བཅས་པའི་དོན་ཚན་ལྔ་ཅན་གྱི་ཨཊལཱན་ཀྲིག་བཅའ་ཁྲིམས་དང་མཐུན་ཡོད།  བཅའ་ཁྲིམས་དེར་མི་རིགས་ཀྱིས་ཐག་གཅོད་ཇི་ལྟར་བྱེད་དགོས་པ་དང་། གྲུབ་འབྲས་ཇི་ལྟར་ཡིན་དགོས་པ་དཔེར་ན་རང་བཙན་གཙང་མ། མནའ་མཐུན། སྲུང་སྐྱོབ་མངའ་ཁུལ། རང་སྐྱོང་གི་རྣམ་པ་ཞིག ཡང་ན་སིམ་སྒྲིལ་གཏོང་བ་སོགས་གང་ཞིག་ཡིན་དགོས་པའི་གསལ་ཁ་མེད། དེར་མ་ཟད་མི་རིགས་ཁག་གི་བར་ཁྱད་གང་ཡིན་དང་། མཐའ་ན་མི་རིགས་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་པ་ཡང་གསལ་ཁ་བྱུང་མེད། ངོ་མ་བཤད་ན་དེའི་ནང་དུ་སྡེ་ཁག་གང་ཞིག་གིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འདི་ཁྲིམས་ཐོག་ནས་ཇི་ལྟར་ལེན་ཆོག་དང་མི་ཆོག་གི་ཞིབ་ཆ་གང་ཡང་འཁོད་མེད།

ཕྱི་ལོ་ ༡༩༦༠ ཟླ་ ༡༢ ཚེས་ ༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་‘མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དང་མི་མང་ལ་རང་བཙན་སྤྲོད་དགོས་པའི་བསྒྲགས་གཏམ’་ཞེས་འབོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་ ༡༥༡༤ པས་མི་སེལ་སྤེལ་ཡུལ་རྒྱལ་ཁབ་དང་ ‘མི་དམངས’དག་ལ་རང་ཐག་རང་གཅོད་ཀྱི་འགྲེལ་བཤད་ཇེ་གསལ་དུ་བཏང་ནས་ཐོབ་ཐང་སྤྲད་ཡོད། དེའི་དོན་ཚན་ ༥ པའི་ནང་དུ་ད་བར་རང་བཙན་སྤྲད་མེད་པའི་ས་ཁུལ་ཁག་ལ་རང་དབང་ཆ་ཚང་བ་ལོངས་སུ་སྤྱོད་ཆེད་ཁ་དོག་དང་དང་རིགས་རུས་སོགས་དང་། དེ་མིན་གྱི་ཆ་རྐྱེན་གཞན་གང་ཡང་མེད་པར་ཁོ་བོ་ཅག་གིས་ཇི་ལྟར་འདོད་པ་ལྟར་གྱི་རང་བཙན་སོགས་སྤྲོད་པའི་ལས་རིམ་མྱུར་དུ་མགོ་འཛུགས་དགོས་ཞེས་གསལ་ཡོད། དེར་མ་ཟད་ཕྱི་ལོ་ ༡༩༦༠ ། ༡༢ ། ༡༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་ ༡༥༤༡ པའི་རྩ་དོན་ཞེས་འབོད་པ་དེའི་ལེའུ་ ༧༣ ནང་གསེས་ང་བའི་ནང་ཇི་ལྟར་འཁོད་པ་དེ་ལྟར་གྱི་ས་ཁུལ་ཞིག་ལ་ཆབ་སྲིད་དང་། དཔལ་འབྱོར། ཤེས་ཡོན་སོགས་ཀྱི་གནས་སྟངས་ཀྱིས་རང་བཙན་བྱེད་པའི་དུས་ལ་བབ་ཡོད་མེད་སྐོར་འཁོད་པའི་དྲི་བ་དེ་དག་རང་བཙན་སྤྲོད་པར་དུས་འགྱང་བྱེད་པའི་ཆ་རྐྱེན་ལ་ནམ་ཡང་བརྩི་མི་ཉན་ཞེས་འཁོད་ཡོད། གྲོས་ཆད་ཨང་ ༡༥༤༡ པ་ལག་ལེན་སྟར་ཆེད་ཕྱི་ལོ་ ༡༩༦༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་སེར་སྤེལ་བའི་བྱ་བ་མེད་པར་གཏོང་བའི་ལས་དོན་ཚོགས་ཆུང་ཟེར་བ་ཞིག་གསར་འཛུགས་བྱས་ཏེ་རང་ཐག་རང་གཅོད་ཀྱི་རྩ་དོན་ཐོག་མི་སེར་སྤེལ་ཡུལ་ཁག་གིས་རང་བཙན་བྱེད་པའམ། ཟླ་སྒྲིལ་བྱེད་པ། ཡང་ན་ལྷན་སྦྱར་གྱི་གནས་བབ་ངང་སྡོད་པ་སོགས་གང་ཞིག་བདམས་པ་དེ་ལྟར་ཡོང་ཐབས་བྱེད་བཞིན་ཡོད། ཅེས་གསལ།

མདོར་བསྡུས་ན་རང་ཐག་རང་གཅོད་ཀྱི་དོན་ནི་ཕྱིའི་ཤུགས་རྐྱེན་མེད་པར་རང་དབང་གིས་བདམས་པའི་རང་ཉིད་ཀྱི་ཆབ་སྲིད་ཀྱི་མདུན་ལམ་དེ་ལ་གོ་བ་རེད། མི་རིགས་སྤྱིའི་མངོན་འདོད་ལ་གུས་བརྩི་བྱེད་དགོས་ཤིང་། མི་མང་རྣམས་ཀྱིས་རང་ཉིད་ཀྱིས་རང་ཉིད་སྐྱོང་དགོས། རང་ཐག་རང་གཅོད་ནི་ཚིག་ཚོགས་ཙམ་ཞིག་མིན་པར་ལག་ལེན་ལ་དབབ་རྒྱུའི་ལས་འགུལ་གལ་ཆེན་ཞིག་རེད།

ང་ཚོ་ནི་མི་མང་ཡིན་ལ་ཁྱད་དུ་འཕགས་པའི་མི་མང་ཞིག་ཡིན།

རང་ཐག་རང་གཅོད་ཅེས་པ་འདི་སུ་ཞིག་ལ་ཐོབ་ཐང་ཡོད་པ་དང་། སུ་ཞིག་ལ་མེད་པའི་ས་མཚམས་དེ་སུ་ཞིག་དེ་‘མི་མང’་ཞེས་པ་དེ་ཡིན་མིན་ལ་ཐུག་ཡོད། ཕྱི་ལོ་ ༡༩༩༠ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་ལེགས་བྱང་བཅས་ཀྱི་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཡིག་ཁག་ཏུ་‘མི་མང་ཞིག་ཡིན་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད’ཅེས་པའི་ནང་གི་‘མི་མང’ཞེས་པའི་འགྲེལ་བཤད་ཞིབ་པར་བཏང་ཡོད།

དེ་ཡང་དང་པོ། རང་ཐག་རང་གཅོད་ཐེ་བའི་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་དུ་གསལ་བའི་མི་མང་ཞེས་པ་ལ་གཤམ་གསལ་ཆ་རྐྱེན་དག་ཚང་དགོས་པ་ནི། ཀ༽ མི་ཚོགས་གང་ཞིག་ལ་ཐུན་མོང་གི་རྒྱལ་རབས་ཡོད་པ། ཁ༽ཐུན་མོང་གི་རིགས་ཡོད་པ། ག༽ ཐུན་མོང་གི་ལེགས་བྱང་ཡོད་པ། ང༽ ཐུན་མོང་གི་སྐད་ཡིག་ཡོད་པ། ཅ༽ ཐུན་མོང་གི་ཆོས་ལུགས་ཡོད་པ། ཆ༽ཐུན་མོང་གི་ས་ཆ་ཡོད་པ། ཇ༽ཐུན་མོང་གི་དཔལ་འབྱོར་འཚོ་སྟངས་ཡོད་པ་བཅས་ཡིན་དགོས། གཉིས་པ། མི་ཚོགས་དེ་ལ་གྲངས་མང་ཉུང་ལ་མ་ལྟོས་པར་གྲངས་ཀ་ངེས་ཅན་ཞིག་དགོས་པ་ལས་སྐྱིད་སྡུག་ཚོགས་པ་ལྟ་བུ་ཞིག་གིས་མི་ཆོག གསུམ་པ། མི་ཚོགས་དེ་ལ་འདིར་འགྲེལ་བཤད་བྱས་པའི་མི་དམངས་ཞེས་པ་དེ་ལ་ངོས་འཛིན་འདོད་ཀྱི་འདུན་པ་ཡོད་དགོས། བཞི་པ། མི་ཚོགས་དེ་ལ་རང་ཉིད་ཀྱི་མངོན་འདོད་དེ་དག་ཕྱིར་འདོན་སའི་བརྒྱུད་ལམ་དུ་གྱུར་བའི་སྒྲིག་འཛུགས་སམ་ཡང་ན་བརྒྱུད་ལམ་གཞན་ཞིག་ཡོད་དགོས་པ་བཅས་རེད།

ང་ཚོ་བོད་ལ་གོང་གི་ཆ་རྐྱེན་དེ་དག་ཡོངས་སུ་ཚང་ཡོད་ལ། དེར་ངོས་འཛིན་གསལ་བོར་རིམ་པར་ཐོབ་ཡོད་པ་ནི། ཕྱི་ལོ་ ༡༩༩༡ ལོར་སཊར་སི་བག་ལ་གླིང་ཆེན་བཞིའི་རྒྱལ་སྤྱིའི་ཁྲིམས་ལུགས་ཆེད་མཁས་པ་ལས་གྲུབ་པའི་གཏན་འཇགས་མི་དམངས་ཀྱི་གྱོད་དོན་ཞེས་པ་དཔྱད་བསྡུར་མཐར་ཕྱིན་པ་བྱས་བོད་མི་ནི་མི་དམངས་ཤིག་ལ་ངོས་འཛིན་པའི་ཆ་རྐྱེན་ཚང་བར་ངོས་འཛིན་ཞུས་ཡོད། དེ་བཞིན། ཕྱི་ལོ་ ༡༩༩༣ ལོར་ལོན་ཌོན་དུ་ཚོགས་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཚོགས་ཆེན་དང་། ཕྱི་ལོ་ ༡༩༩༥ དང་ ༡༩༩༦ སོ་སོར་ཚོགས་པའི་བོད་ཀྱི་ཆེད་དུ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཚོགས་ཆུང་རིམ་པ། མཁས་པའི་ལྷན་ཚོགས་གཉིས། དེ་བཞིན་ཕྱི་ལོ་ ༡༩༩༦ ལོར་སུ་སིར་ཚོགས་པའི་རྒྱལ་སྤྱིའི་སྲིད་དོན་ཞིབ་འཇུག་པ་དང་ཁྲིམས་དོན་མཁས་དབང་གི་བོད་དང་ཤར་ཏི་མུར་ནུབ་ས་ཧ་ར་བཅས་ཀྱི་རང་ཐག་རང་གཅོད་ཀྱི་གནད་དོན་སྐོར་གྲོས་གླེང་བྱེད་པའི་ཚོགས་འདུ་སོགས་ལ་ཡང་དེ་བཞིན་ཁ་གཅིག་མཐུན་བྱུང་ཡོད། དེའི་ཕྱིར་ང་ཚོ་ནི་རྒྱལ་སྤྱིའི་ཁྲིམས་སུ་གསལ་བའི་རང་ཐག་རང་གཅོད་ཅེས་པ་དེ་རྩོད་པའི་ཐོབ་ཐང་ཡོད་པའི་མི་མང་ཞེས་པ་དེ་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་རང་ཉིད་ཀྱིས་ཀྱང་དེ་ལྟར་ངོས་འཛིན་ཞུས་ཡོད།

ཁྲིམས་ལུགས་ཀྱི་རྒྱབ་རྟེན།

འོ་ན། ང་ཚོ་མཉམ་འབྲེལ་རྒྱལ་ཚོགས་རང་ཉིད་ཀྱིས་འགྲེལ་བཤད་བྱས་བཞག་པའི་མི་མང་ཞེས་པ་དེ་ཡིན་ན་ང་ཚོ་ལ་རག་རྒྱུ་ཅི་ཞིག་ཡོད་ཅེ་ན། ༡༩༦༠ ལོའི་ཟླ་ ༡༢ ཚེས་ ༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་‘མི་མང’ཡོངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད། དོན་དག་དེ་‘མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་དང་མི་མང་ལ་རང་བཙན་སྤྲོད་དགོས་པའི་བསྒྲགས་གཏམ’ཞེས་འབོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་ ༡༥༡༤ པའི་ནང་དུ་གསལ་བོར་འཁོད་ཡོད། དེར་མ་ཟད་ཕྱི་ལོ་ ༡༩༦༡ ལོ་དང་ ༡༩༦༥ ལོ་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རང་གི་ཐོག་ཏུ་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་རིམ་པ་གཉིས་བཞག་ཡོད། དེ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ ༦༠ ཙམ་ཡོད་འདུག

དགོད་བྲོ་བའི་དོན་དག་ཅིག་ལ། ༡༩༣༡ ལོར་མའོ་ཙེ་ཏུང་གིས་གྲོས་མགོ་བཏོན་ནས་བཞག་པའི་ཁང་སི་མི་མང་སྤྱི་མཐུན་གྲོས་ཆོད་ཅེས་པའི་ནང་དུ་མའོ་ཙེ་ཏུང་རང་ཉིད་ཀྱིས་ “ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་རྒྱ་ནག་གི་གྲངས་ཉུང་མི་རིགས་དག་ལ་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཁོ་ཚོས་རྒྱ་ནག་ལས་ལོགས་སུ་རང་བཙན་རྒྱལ་ཁབ་འཛུགས་རྒྱུའི་ཐོབ་ཐང་ཡང་ངོས་འཛིན་བྱེད་ཀྱི་ཡོད། སོག་པོ་དང་བོད་སོགས་རྒྱ་ནག་གི་མངའ་ཁུལ་ན་ཡོད་པའི་གྲངས་ཉུང་མི་རིགས་དག་གིས་རང་ཐག་རང་གཅོད་ཀྱིས་མཚོན་པའི་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་ཆོག དེ་ཡང་ཁོ་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཞུགས་པ་འམ་དེ་ལས་གྱེས་ཏེ་རང་ཉིད་ཀྱི་སྲིད་གཞུང་འཛུགས་པ་གང་ཡང་འདེམས་ཆོག” ཅེས་འཁོད་འདུག

དེ་བཞིན་ཕྱི་ལོ་ ༡༩༥༩ ལོར་མང་ཚོགས་ལ་གཏམ་བཤད་ཅིག་གི་སྐབས་སུ་སྲིད་འཛིན་ཅང་ཀེ་ཤེག་གིས་ “གོ་མིན་ཏང་གིས་བོད་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་ལམ་ལུགས། གོམས་གཤིས་དང་ཆོས་ལུགས་བཅས་ལ་གུས་བརྩི་བྱེད་ཀྱིན་ཡོད། དེ་རིང་ངས་གསལ་བོར་བརྗོད་འདོད་པ་ཞིག་ལ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་བསྐུལ་བའི་དམར་ཤོག་ཀྱི་སྲིད་གཞུང་འདི་མཐར་སྐྲོད་བཏང་ནས་བོད་རིགས་རྣམས་ལ་རང་གི་བསམ་འདུན་བརྗོེད་པའི་རང་དབང་བྱུང་བའི་རྗེས་སུ་ང་ཚོའི་གཞུང་གིས་རང་ཐག་རང་གཅོད་ཀྱི་ལྟ་གྲུབ་ཐོག་ནས་བོད་ཀྱི་མངོན་འདོད་དེ་བསྐང་ཐུབ་པ་བྱ་རྒྱུ་ཡིན” ཞེས་གསུངས་འདུག དེ་བཞིན། རྒྱ་ནག་གི་མགོ་ཁྲིད་རིམ་བྱུང་གིས་བོད་འདི་དམིགས་བསལ་ཅན་ཡིན་པ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་བཤད་པ་མང་པོ་ཡོད་འདུག

འོ་ན་ང་ཚོས་གང་རྩོད་དགོས།

ང་ཚོས་ཁྲིམས་ལུགས་ཀྱིས་བསྙེས་ས་དང་། ལོ་རྒྱུས་ཀྱིས་གཞིགས་ས། ལག་ལེན་གྱིས་འཇུ་ས། མ་འོངས་བར་སྙེག་ས་སོགས་ཡན་ལག་སྣ་མང་འཛོམས་པའི་ཕུང་པོ་རང་ཐག་རང་གཅོད་ཅེས་པ་འདི་ལ་ཅིའི་ཕྱིར་མི་རྩོད། རྩོད་ན་ཇི་ལྟར་རྩོད། དེ་ནི་ང་ལྟ་བུ་ཞིག་གིས་ལམ་སྟོན་བྱེད་འོས་པ་ཞིག་དང་བྱེད་དགོས་པ་ཞིག་མིན། ནམ་ཞིག་བོད་གཞུང་གི་ལང་ཕྱོགས་དེ་འདིའི་ཐོག་ཏུ་སོང་ན་དེ་དུས་རྣམ་དཔྱོད་ཅན་གྱི་རིག་པའི་དཔའ་བོ་མང་དུ་འབྱུང་ངེས་རེད། དེ་དུས་གང་ཞིག་བྱེད་དགོས་པ་དང་གང་ལྟར་བྱེད་དགོས་པའི་ལམ་ཁ་རང་བཞིན་གྱིས་དོད་ཡོང་གི་རེད།

འདིར་ང་རང་གིས་ཞལ་འདེབས་ཙམ་གྱི་ཚུལ་དུ་རང་ཉིད་ཀྱི་བསམ་ཚུལ་འབུལ་རྒྱུ་གཅིག་ནི། ང་ཚོས་རྒྱལ་ཚོགས་ཀྱི་ལྟ་རྟོག་འོག་བོད་ནང་དུ་མི་མང་བསམ་ཚུལ་བསྡུ་ལེན་བྱེད་པར་འབད་བརྩོན་བྱེད་རྒྱུ་དེ་ཐབས་ལམ་གཅིག་ཡིན་རྒྱུ་རེད་སྙམ། ལོ་རྒྱུས་ཐོག་མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་ཐབས་ལམ་བརྒྱུད་དེ་མི་རིགས་ཀྱི་དཀའ་ངལ་སེལ་བའི་དཔེར་མཚོན་མང་པོ་འཇོག་རྒྱུ་ཡོད། ༢༠༡༢ ལོར་སུ་ཌན་མི་མང་ལ་བསམ་ཚུལ་བསྡུ་ལེན་གྱིས་ལྷོ་སུ་ཌན་རང་བཙན་བྱེད་རྒྱུར་ཐག་ཆོད་པ། ༡༩༩༥ ལོར་ཁུ་བྷེག་མི་མང་ལ་བསམ་ཚུལ་བསྡུ་ལེན་གྱིས་ཁུ་བྷེག་རང་སྐྱོང་ལྗོངས་ཁེ་ན་ཌའི་འོག་ཏུ་སྡོད་སྒྱུར་ཐག་ཆོད་པ། ༡༩༦༧ ལོར་ཨོསི་ཊེར་ལིཡ་མི་མང་བསམ་ཚུལ་བསྡུ་ལེན་གྱིས་ཡུལ་བདག་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ལ་ཕན་ཐོགས་བྱུང་བ་སོགས་ལས་འགུལ་འདིས་གྲུབ་འབྲས་གཟེངས་སུ་ཐོན་པ་སྤྲད་པའི་ལོ་རྒྱུས་མང་པོ་ཡོད།  

ད་སྐབས་དབུ་མ་བ་དག་གིས་ཁོ་བོ་ཅག་གི་ལངས་ཕྱོགས་འདི་བོད་མི་མང་ཆེ་བའི་མངོན་འདོད་ཡིན་མདོག་དང་། རང་བཙན་པ་དག་གིས་ཀྱང་དེ་ལྟར་བཤད་ཀྱིན་ཡོད། ཡིན་ན་ཡང་དབུ་མའི་བསམ་ཚུལ་འཛིན་མཁན་མང་དག་ཅིག་གིས་བསམ་ཚུལ་དེ་ངེས་པ་དང་དད་པ་གཉིས་ལས་དད་པ་གཙོ་བོའི་ཐོག་ནས་འཛིན་གྱི་ཡོད་པ་དང་། རང་བཙན་པ་མང་དག་ཅིག་གིས་བསམ་ཚུལ་དེ་ངེས་པ་དང་ཚོར་བ་གཉིས་ལས་ཚོར་བ་གཙོ་བོའི་ཐོག་ནས་བཟུང་བ་ཞིག་ཡིན་པར་འདོད། ནམ་ཞིག་མི་མང་བསམ་ཚུལ་བསྡུ་ལེན་འདི་བྱས་པའི་གྲུབ་འབྲས་བྱུང་བའི་ཉིན་ནས་བཟུང་དབུ་མ་དང་རང་བཙན་གྱི་རང་རང་ལངས་ཕྱོགས་དེ་བོད་མི་མང་གི་ལངས་ཕྱོགས་ཡིན་སྟབས་རྩོད་གླེང་དེ་རང་བཞིན་གྱིས་མེད་པར་འགྱུར་ངེས། དེའི་དུས་སུ་དབུ་མ་དང་རང་བཙན་གྱི་ལྟ་བའི་འགལ་ཟླ་ལས་འཕྲོས་པའི་ལབ་གླེང་སྣ་ཚོགས་པ་དག་ཀྱང་འཇའ་ལྟར་ཡལ་བར་འགྱུར་བས་དེ་དུས་དོན་དམ་པའི་གཞུང་དམངས་རྡོག་རྩ་ཆིག་སྒྲིལ་ཞིག་དང་འབོད་ཚིག་གཅིག་གྱུར་ཞིག་འབྱུང་ཐུབ་བོ། །

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཉིན་གྲངས་བརྒྱད་རིང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

༢༠༢༥/༠༩/༠༩
Demonstrators gather outside Nepal’s parliament during a protest in Kathmandu on Monday. Photograph: Prabin Ranabhat/AFP/Getty Image
Mobile App

བལ་ཡུལ་ནང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པས་སྲིད་འགྱུར་སློང་ཉེན་ཡོད་འདུག

༢༠༢༥/༠༩/༠༩
གློག་བརྙན་གསའ་ཡི་མདུན་ངོས།
Mobile App

བོད་ཀྱི་གློག་བརྙན་གསའ་གཟེངས་རྟགས་མི་འདྲ་བ་བཞིའི་ནང་མིང་འདོན་བྱས་འདུག

༢༠༢༥/༠༩/༠༩
Anadolu Agency ASIA
Mobile App

རྒྱ་གཞུང་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཏང་།

༢༠༢༥/༠༩/༠༩

མཆན། 5

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དྲ་གྲོགས་གྲ་ཕྱི་ལགས།
    དགོངས་ཚུལ་ལྷུག་པོར་གསུང་བར་ཐུགས་རྗེ་ཆེ། ངས་དབུ་མའི་ལམ་པ་བ་ཁྱེད་ལྟ་བུ་ལ་གུས་བརྩི་ཡོད།
    དུས་བབ་ཀྱི་མཆན་འདེབས་པའི་ལམ་དཀའ་བས་སམ་གང་ལྟར་ད་བར་དུ་བགྲོ་གླེང་བྱེད་མཁན་ཞིག་མི་འདུག་པས་དེ་རིང་ངས་རང་གི་བསམ་ཚུལ་མ་མཐུན་པའི་ཆ་རྣམས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ལམ་དེ་གཉིས་ཁ་ལ་བཏགས་ནས་རང་དང་ལྟ་ཕྱོགས་མི་མཐུན་པའི་གང་ཟག་ལ་རྡུང་རྡེག་གཏོང་བའི་བྱེད་ཕྱོགས་ཤིག་ཡིན་པར་གསུང་བ་དེ་དངོས་གནས་བདེན་པ་རེད། ངས་ཀྱང་ཁོང་ཅག་ལ་གཟས་ནས་བྲིས་ཁུལ་ཡིན།
    ཟམ་གདོང་མཆོག་གིས་རང་ཐག་རང་གཅོད་ཀྱི་ལྟ་བ་བཟུང་པར་གསུང་བ་དེ་ཙམ་ཏག་ཏག་ཡིན་པར་མ་བསམ།
    རང་ཐག་རང་གཅོད་ལས་དབུ་མའི་ལམ་ལ་རྒྱས་ཡ་བྱེད་བདེ་བར་གསུང་བ་ཏག་ཏག་མ་རེད་ལ། དབུ་མའི་ལམ་འདི་རྒྱ་དང་འཛམ་གླིང་མི་མང་གི་བསམ་ངོར་འཇུག་བདེ་བ་དེ་བས་མ་རེད། རང་ཐག་རང་གཅོད་ཀྱི་དོན་ནི་མཐའ་ན་ཁ་པར་ནང་ནས་ཀྱང་སྔོག་ཐུབ་པ་ཞིག་ཡིན་ལ། དབུ་མའི་ལམ་ནི་དབུ་མའི་ལམ་པ་མང་དག་ཅིག་གིས་ཀྱང་ཇི་བཞིན་ཤེས་ཀྱི་མི་འདུག
    དབུ་མའི་ལམ་འདི་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ངོས་འཛིན་གང་ཡང་མེད་ལ་རང་ཐག་རང་གཅོད་ལ་དེ་ལྟར་ཡོད་སྟབས་རྒྱ་གཞུང་ནས་ཡ་ལན་རག་པར་ནུས་པ་ཆེ་བ་རེད།
    རང་ཐག་རང་གཅོད་ལ་རྒྱས་ཡ་ལན་བྱེད་སྲིད་མཐའ་ཙམ་ཡིན་པ་དང་དེའི་འོག་ནས་རང་བཙན་རྩོད་ལམ་མེད་པའི་རྣམ་པ་ཞིག་གསུང་བ་ཏག་ཏག་མ་རེད། ལར་ནས་ངས་རང་བཙན་ངེས་པར་དུ་རྩོད་དགོས་ཞུས་ཀྱང་མེད།
    ༧གོང་ས་མཆོག་བློས་གཏོད་བྱ་རུང་གི་གང་ཟག་ཡིན་པའི་རྒྱུ་མཚན་གསུང་བ་དེ་དག་ཐམས་ཅད་དེ་ག་རང་རེད། འོན་ཀྱང་༧ཁོང་གི་ཐུགས་ལ་ཇི་ལྟར་ཤར་བ་དེ་ཁྱེད་ཀྱི་འམ་དབུ་མའི་ལམ་པ་དག་གི་ཐུགས་ལ་འཆར་བཞིན་ཡོད་པར་ཁས་ལེན་ན་ང་ལ་ཞུ་རྒྱུ་མེད་པ་ལས། ཁྱེད་རང་ཉིད་ཀྱི་བསམ་བློར་འཆར་རྒྱུའི་རི་མོ་ལ་ཅི་ཡང་མེད་པར་༧ཁོང་གི་གསུང་ལ་ཡིད་ཆེས་བྱེད་པ་དེ་དད་པའི་སྐད་ཆ་མིན་ན་ཅི་ཡིན། དད་པ་བྱེད་པ་མི་འགྲིག་པ་ཡེ་ནས་མིན་ཀྱང་། དད་པའི་དབང་དུ་བཞག་པ་དེ་བོད་རྒྱལ་ཁབ་ཀྱི་ཆུས་དོན་ལ་བསམ་གཞིགས་བྱེད་པར་ལེ་ལོ་བྱས་པ་འམ་བསམ་གཞིགས་མ་ཐུབ་པར་ངེས་པར་དུ་ཁས་ལེན་དགོས་སྙམ།
    ངས་རང་གིས་འཇོན་རབས་བཤད་མེད་ཅིང་། ༧ཁོང་གི་ལྟ་བར་བགྲོ་གླེང་བྱེད་པ་ནི་༧ཁོང་རང་ཉིད་ཁོ་ནས་གསོལ་རས་གནང་བའི་རིན་བྲལ་གྱི་དངོས་པོ་སྨྲ་བརྗོད་ཀྱི་རང་དབང་ཞེས་པ་འདི་ཡིན་པས་དད་པ་རྒྱུ་མཚན་དུ་བྱས་ནས་དེ་འགོག་པ་ནི་༧ཁོང་རང་ཉིད་ཀྱིས་གནང་བའི་གསོལ་རས་ལ་བརྩིས་མེད་བཏང་བ་ཞིག་ལ་ཡང་འགྲོ་སྲིད།
    མཐར་གལ་སྲིད་ཁྱེད་དབུ་མའི་ལམ་ལ་བློ་རྩེ་གཉིས་མེད་པར་ཞུགས་མཁན་ཞིག་ཡིན་ན་ཁྱེད་ཀྱིས་”འོན་ཀྱང་འདིར་ངས་རང་བཙན་ལ་འགོག་གིན་མེད་་་་”་གསུང་བ་དེ་དང་ཁྱེད་ཀྱི་ཐུགས་ཀྱི་འདོད་པ་གཉིས་ནང་འགལ་དུ་སོང་ཡོད། འདི་ལ་ཁྱེད་ཀྱིས་མནོ་བསམ་ཞིབ་པར་གཏོང་རོགས་ཞུ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་མཆོད་ཀྱི་བྲིས་ཚད་ཚི་རྙོག་མང་དྲགས་བགྱིད། ཀློག་མཁན་དུས་ཚོད་ཡང་ཨ་ཡོད་ན།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    ཡ་ཡ། རང་ཚོས་འདི་ལྟར་རྩོད་པ་འདྲ་བརྒྱབ་ནས་སྡོད་ལོ། ང་ཚོ་བོད་མི་མང་རང་བཙན་གཙང་མའི་འཐབ་རྩོད་སྒང་བསྐྱོད་ཀྱིན་ཡོད།

    Reply
  4. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    དཔྱད་བརྗོད་ཡག་པོ་ཞིག་བྲིས་གནང་འདུག་མོད། ངེས་པར་མཁྱེན་དགོས་པ་ཞིག་ལ་བཙན་བྱོལ་བ་ཚོས་དབུ་མའི་ལམ་དང་རང་བཙན་གྱི་ལྟ་བ་རྩོད་ཀྱིན་མེད་པ་དེ་ཐུགས་འཇགས་དགོས་ལ། དེ་ནི་ལམ་དེ་གཉིས་ལ་ཁག་བཏགས་ཏེ་རང་དོན་ནམ་རང་དང་ལྟ་ཕྱོགས་མི་མཐུན་པའི་གང་ཟག་ལ་རྡུང་རྡེག་གཏོང་བའི་ངན་རུལ་ཆབ་སྲིད་པ་དག་གི་ལས་འགུལ་སྤེལ་སྟངས་དམིགས་བསལ་བ་ཚོས་བཟོས་པ་ཞིག་ཡིན་པ་མཁྱེན་དགོས། དེ་ལ་བློ་ཕམ་དགོས་དོན་མེད་པ་ནི་མི་ཚོགས་ཤིག་གྲུབ་ཟིན་ན། དེ་ལ་ལྡོག་ཏུ་མེད་པའི་རྙོག་གླེང་དང་གོ་སྐབས་འཚོལ་མི་ནི་འགོག་མེད་དུ་འབྱུང་བས་སོ། །མི་ངན་འགའི་བྱེད་བབ་དེ་གཞུང་འཛིན་པ་དག་དང་ཚོགས་སྡེ་ཁག་ལ་སྦྱར་ན་ཡེ་ནས་མི་འགྲིག་སྟེ། ཉེ་ཆར་གྱི་གྲོས་ཚོགས་དང་དམིགས་བསལ་ཚོགས་ཆེན་སྟེང་དུའང་བཤད་ཡམས་པ་དག་དབུ་མའི་ལམ་དང་རང་བཙན་གྱི་ལྟ་གྲུབ་འགལ་ཟླར་རྩིས་ཏེ་རྩོད་ཀྱིན་མེད་པ་ཡོངས་གྲགས་མཛད་པ་དགོངས་ཆུབ་ལྟར་ལགས། གཞན་ཡང་རང་ཐག་རང་གཅོད་ནི་རྒྱ་གར་གྱི་རང་བཙན་རྩོད་པའི་རྒྱུད་རིམ་ཁྲོད་དུའང་ལག་བསྟར་བྱས་ཡོད་པས། དེ་ནི་ཐོུང་མ་ཡིན་པ་ཞིག་དང་ལྟ་བ་དམིགས་བསལ་བ་ཞིག་གང་ཡང་མ་རེད། རང་རེ་བཙན་བྱོལ་ནང་དུའང་བཀའ་ཟུར་མཁས་དབང་ཟམ་དོང་རིན་པོ་ཆེ་མཆོག་གིས་ཀྱང་ལྟ་བ་འདི་བཟུང་ཡོད་ལ། དེ་འབྲེལ་གྱི་ལས་འགུལ་དང་འཆར་གཞི་ཡང་བཀོད་ཡོད། འོན་ཏེ། ཕྱིས་དབུ་མའི་ལམ་དེ་བོད་བཙན་བྱོལ་བ་རྣམས་ཀྱིས་མང་མོས་ཀྱི་ལྟ་བར་བཟུང་ཞིང་། གྲོས་ཚོགས་ནས་ཀྱང་ལུགས་འདིའི་ཐོག་ཁྲིམས་བཅས་པས། འདི་ནི་གཞུང་གི་ཆབ་སྲིད་ལངས་ཕྱོགས་སུ་གྱུར་ཟིན་སྟབས། འདི་ལ་འོས་དང་མི་འོས་ཀྱི་ཐག་གཅོད་དེ་བོད་བཙན་བྱོལ་བ་རྣམས་བརྒྱུད། གྲོས་ཚོགས་ནས་ཐག་གཅོད་འོས་པ་མ་ཡིན་ནམ། ད་སྔ་ཡོད་བཞིན་པའི་ལམ་ལུགས་འདིའི་མཇུག་མ་བསྐྱངས་ཤིང་། འདིས་བོད་ཀྱི་བདེན་པ་གསལ་བའི་ཐབས་ལར་ནས་མེད་པ་ངེས་ཤེས་མ་སྐྱེས་བཞིན་ཏུ། རང་འདོད་ལྷུར་བླངས་ཀྱིས་འཆར་གཞི་གཞན་ཞིག་ཡོད་མདོག་དང་། ད་ལྟའི་ལྟ་བར་ཟུར་ཟ་བ་དང་། དབུ་མ་དང་རང་བཙན་གྱི་འགལ་ཟླར་སྒྲོག་པ་སོགས་ནི། རི་བོང་ཅལ་འདྲོག་དང་། སྲང་ལམ་གྱི་ཅ་ཅོས་བཟི་བའི་ཆོལ་གཏམ་ཙམ་ལས་དོན་དམ་པའི་འགན་འཁྱེར་བའི་བསམ་མནོ་ཞིག་ཏུ་ཡེ་ནས་འདོད་མ་ཐུབ། དབུ་མའི་ལམ་འདིས་བོད་རྣམས་ཀྲུང་གོའི་མངའ་འབངས་སུ་གཏོགས་ཀྱང་། ཆོལ་གསུམ་གོང་བུ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་རྩོད་ཀྱིན་ཡོད་ལ། འདི་ནི་ད་ལྟའི་གནས་བབ་གང་ལ་ལྟོས་ཀྱང་འོས་ཤིང་འཚམས་པ་ཞིག་ཡིན། དབུ་མའི་ལམ་ལ་རྒྱས་ཡ་ལན་བྱེད་མི་ནུས་པར་རང་སྲིད་རང་སྐྱོང་ལ་ཇི་ལྟར་བྱ། གལ་ཏེ་བྱས་དབང་དུ་བཏང་ཡང་། རྒྱའི་འོག་ནས་རང་བཙན་རྩོད་པའི་འདེམས་ཁ་ཞིག་རེག་སྲིད་དམ། དེ་མ་རེག་ན་རང་སྲིད་རང་སྐྱོང་རང་ལས་མ་འདས་པས། དབུ་མའི་ལམ་དང་ཁྱད་ཅི་ཡོད། དེ་བས་དབུ་མའི་ལམ་ཞེས་བརྗོད་ན་རྒྱའི་བསམ་ངོར་འཇུག་བདེ་ལ། འཛམ་གླིང་མི་དམངས་ལ་སྒྲོག་བདེ་བ། ད་ལྟའི་བབ་དང་ཡང་མཐུན་པ་ཞིག་ཏུ་མི་གཟིགས་སམ། འོན་ཀྱང་འདིར་ངས་རང་བཙན་ལ་འགོག་གིན་མེད་པ་འདི་ངེས་པར་མཁྱེན་དགོས། ངས་རང་བཙན་འདོད་དང་འདོད། རང་བཙན་མི་འདོད་པའི་བོད་མི་ཞིག་རྩ་བ་ནས་ཡོད་མི་སྲིད། འོན་ཏེ་ཇི་ལྟར་རྩོད། སུ་ཞིག་རོགས་སུ་སྦྲན། བོད་ཨ་མདོ་དང་། ཆབ་མདོ། དར་མདོ། ལྷ་ས། ཀོང་པོ། ལྷོ་ཁ། གཞིས་རྩེ་སོགས་སུ་རྒྱ་མི་ཇི་ཙམ་ཡོད་པ་རོབ་རྩིས་ཤིག་སྐྱོན་དང་། དེ་དག་ཇི་ལྟར་འབུད། རྒྱ་དམག་གཅིག་བུར་ཡང་ས་ཡ་བཅུ་ཙམ་ཡོད་པར་གླེང་ལ། བོད་རྣམས་བསྡོམས་པས་ས་ཡ་དྲུག་ཀྱང་མི་ལོན་ཙམ་ལ། དེང་དུས་ཀྱི་གློག་འཕྲུལ། རྫས་མདེལ་སོགས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་རྒྱ་ནག་ལ་ཇི་ལྟར་རྩོད། ཞིབ་མོར་བསམ་ཞིང་སྨྲས་པ་ལས་སེམས་ཤུགས་ཆག་ཅིང་གཉའ་ཞུམ་པའི་གཏམ་མ་ཡིན་ལགས། མང་པོ་ཞིག་གིས་དབུ་མའི་ལམ་ནི་དད་པའི་རྗེས་འབྲངས་ལས་བྱུང་བར་གླེང་བ་ཧ་ཅང་ནོངས་ཏེ། དེ་ལྟར་ན་༸གོང་ས་མཆོག་ནི་རང་འདོད་མི་དམངས་ལ་བཙན་གྱིས་སྒྲོག་པའི་རྗེ་བོ་ངན་པ་ཞིག་ཏུ་འདོད་དམ། ངས་ནི་ཁོང་ལས་ཆབ་སྲིད་མཁས་པ་ཞིག་དང་རྣམ་དཔྱོད་ཟབ་པ་ཞིག་བོད་པའི་ནང་ཡོད་མི་དཔེ་བར་སེམས། དེ་ཡང་དད་པའི་སྐད་ཆ་མིན། ཅི་བས་ཞེ་ན་ཁོང་ནི་བོད་པ་སུ་ཞིག་གིས་ཀྱང་ཐུག་མི་ཐུབ་པའི་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་འབྲེལ་གཏུགས་ཟབ་ལ། དུས་ནས་དུས་སུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ལ་ངེས་ཤེས་ཟབ་པ་མ་ཟད། རྒྱ་ནང་གི་དཔོན་དང་མཁས་དབང་། མི་དམངས་དཀྱུས་མ་སོགས་དང་ཡང་འདྲིས་ཆེ་ཞིང་། དེ་དག་ལས་རྒྱའི་ཆབ་སྲིད་དང་། ལྷག་ཏུ་བོད་ནང་གི་གནད་ཡོད་མི་སྣ་དག་དང་ཡང་དངོས་ཤུགས་ཀྱི་འབྲེལ་འདྲིས་ཆེ་ཤོས་ནི་༸གོང་ས་མཆོག་ལས་གཞན་མེད། དེ་ལྟ་བུའི་སྐྱེས་བུ་ཞིག་གིས་འཛིན་པའི་ལྟ་བ་འདིར་སྐྱོན་ཕབ་སྟེ། རང་གིས་ཅི་ཞིག་འཇོན་རབ་སྨྲ་བ་ནི་སྐལ་བ་བཟང་པོའི་ཆབ་ཁང་གི་ཅ་ཅོ་ཙམ་ལས་གཞན་ཡོད་མི་སྲིད་ཨང་།།

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་པར་དགོངས་སེལ་ཞུ་རྒྱུ་ཞིག་ལ།
    “ང་ཚོ་ནི་མི་མང་ཡིན་ལ་ཁྱད་དུ་འཕགས་པའི་མི་མང་ཞིག་ཡིན།” ཞེས་པ་འདིའི་ནང་གི་”མི་མང”་ཞེས་པ་དེ་”མི་དམངས”་ལ་བཅོས་དགོས་པ་རེད། གང་ལགས་ཤེ་ན་འདི་དབྱིན་ཚིག་people་ཞེས་པའི་ཚབ་ཏུ་བཀོལ་བ་ཡིན་ཞིང་རྩོམ་ཡིག་འདིའི་ནང་གི་གཞན་དུ་མི་དམངས་ཞེས་པ་བེད་སྤྱོད་བྱས་ཡོད།
    མདོར་ན་འདིར་མི་མང་ཞེས་པ་དང་། གཞན་དུ་མི་དམངས་ཞེས་པ་གཉིས་ཀ་དབྱིན་ཚིག་གི་peoples་ཞེས་པའི་ཐད་དུ་བཀོལ་བ་ཡིན་པས་གོ་བ་གཅིག་ལ་གོ་རྒྱུ་ཡིན་པའི་གསལ་འདེབས་སུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese