རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། རྒྱ་གཞུང་གིས་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ཉིན་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ། གྲྭ་པ་ ༡༥ ཡིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པའི་ཁྲོད། དབོན་པོ་དགོན་པའི་གྲྭ་པ་ ༨ མཉམ་ཞུགས་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༤ ཉིན་ས་གནས་སློབ་གྲྭའི་ནང་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུཊ་དང་བོད་དོན་བསྒྲཊ་ཡིག་གཏོར་འགྲེམས་བྱས་པ་བཅས་ལ་བརྟེན། ས་གནས་སུ་དྲག་ཆས་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དགོན་གྲོང་གཉིས་ལ་དམ་དྲག་དང་། སུན་གཙེར་རབ་དང་རིམ་པ་བཟོས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ བའི་ཚེས་ ༧ ཉིན་གྱི་མཚན་མོར། ཡང་བསྐྱར་ཡུལ་ཚོའི་སློབ་གྲྭའི་ནང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུཊ་དང་། བོད་དོན་བསྒྲགས་ཡིག་ཆ་གཏོར་འགྲེམས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་མཚན་མོར་ས་གནས་སུ་རྒྱ་དམག་མང་པོ་བསླེབས་ཏེ། སྲང་ལམ་གཡས་གཡོན་སོགས་སུ་སྐོར་སྐྱོད་རྟོག་ཞིབ་དང་ས་གནས་ཀྱི་བརྒྱུད་ལམ་ཆ་ཚང་བཀག་འགོག་དང་། ཕྱི་ཚེས་ ༡༥ ཉིན་ས་གནས་ཀྱི་བོད་མི་ ༥ རྒྱ་དར་བསྒྲེངས་འཛུཊ་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
ཕྱི་ཚེས་ ༡༦ ཉིན་ནས་བཟུང་རྒྱ་གཞུང་གིས་དབོན་པོ་སྡེ་པའི་ཁྱིམ་ཚང་རེ་རེའི་བཟའ་དཔོན་དག་ལ་ཚོགས་འདུ་བསྐངས་ཏེ། མི་འགྱངས་བར་ས་གནས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་རྒྱུ་ཡིན་པ་དང་། སྐབས་དེར་ངོ་རྒོལ་སྐད་འབོད་སོགས་ཀྱི་གནས་ཚུལ་ཅི་ཡང་བྱུང་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་འདུག